༄༅། །པྲ་སྒྲུང་བ་གྲགས་ཆེན།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས། གླིང་གེ་སར་རིག་གནས་དྲ་བ། སྤེལ་དུས། 03-13


             བོད་ཀྱི་པྲ་སྒྲུང་པ་གྲགས་ཅན་ཁ་ཚ་པྲ་པ་ངག་དབང་རྒྱ་མཚོ་ཞུ་བ་ནི། ཁམས་རི་བོ་ཆེ་རྫོང་ལྕགས་ཟམ་ཁ་དར་ཆེན་ཡུལ་ཚོའི་ཨ་འབར་གྲོང་དུ་གསང་སྔགས་རྙིང་མའི་སྔགས་རིགས་ཤིག་ཏུ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་གླང་ལོ་སྟེ། སྤྱི་ལོ 1913 འཁྲུངས་པར་མངོན་ལ། ཁོང་ནི་སྐུ་ན་ཕྲ་དུས་ནས་ཕྲ་ཕབ་མཁན་ཞིག་ཡིན་པར་མ་ཟད། དགུང་གྲངས་བཅུ་གསུམ་གྱི་དུས་ནས་གླིང་གེ་སར་སྒྲུང་གི་སྔོན་སྨོན་དུས་སུ་སད་དེ་པྲ་སྒྲུང་རྩོལ་མེད་དུ་འབབ་ཐུབ་པ་བྱུང་བ་ནས་བཟུང་། ཁོང་གི་སྐུ་ཚེའི་ནང་སྒྲུང་ཁག་མི་འདྲ་བའི་པོད་ཆེན་བཅུ་དྲུག་ཙམ་ཕབ་མྱོང་བ་དང་། གཞན་དུ་ཁོང་ལ་ཐུན་མོང་དང་ཐུན་མིན་གྱི་རིག་གནས་སློབ་པའི་གོ་སྐབས་ཀྱང་ཐོབ་ཡོད་པ་མངོན། གླིང་གེ་སར་རྣམ་སྒྲུང་ལ་ཕྱག་རྗེས་ཆེ་བའི་པྲ་སྒྲུང་བ་ངག་རྒྱ་མཚོ་ལགས་ཀྱིས་སྐུ་ཚེའི་རྒྱུད་རིམ་ཁྲོད་ཤིན་ཏུ་འོ་བརྒྱལ་དང་ཀྱག་ཀྱོག་གི་ལམ་མང་པོ་བརྒལ་དགོས་ཐུག་ཡོད་ཚོད་དེ། གོ་ཐོས་ལྟར་ན། ཁོང་སྐུ་ན་གཞོན་པའི་དུས། ༼མདོ་སྨད་སྤྱི་ཁྱབ་པ་ས་དབང་གླང་ཆུང་བ་ཡིན་པའི་སྐབས་སུ༽མི་གཞན་གྱི་དོན་དུ་སྡེ་བ་གཞུང་གི་ཐམ་ག་དང་ལམ་ཡིག་རྫུན་མ་བཟོས་པ་ས་གནས་སྲིད་གཞུང་གིས་ཤེས་རྟོགས་བྱུང་ནས་པྲ་སྒྲུང་བ་ལགས་ལ་ཉེས་ཆད་ནན་མོ་བཅད་པའི་ལོ་རྒྱུས་འདུག་པ་དང་། ཡང་རྗེས་སུ་རིག་གསར་གོད་ཆག་སྐབས་ཁོང་གིས་ཕབ་པའི་སྒྲུང་ཆེན། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕུལ་དུ་བྱུང་ཞིང་། འཛམ་གླིང་རིག་པའི་བང་མཛོད་དུ་ངོམ་རི་བའི་པོད་གྲགས་ཆེན་བཅུ་གསུམ་ཙམ་རིག་གནས་ནག་པོར་བརྩིས་ཏེ་མེ་ཀློང་དུ་འཕང་བར་གྲགས་པའི་ལོ་རྒྱུས་ནི་འཛམ་གླིང་རིག་པའི་བང་མཛོད་ཀྱི་གྱོང་གུད་དུ་འདུག་པའི་ཕངས་པ་ལ། ཕྱིས་སུ་ཁོང་སྐུ་སྒེར་གྱིས་ལྐོག་ཉར་ཐུབ་ཡོད་པའི་སྒྲུང་ཆེན་<<ཏི་དཀར>>དང་། <<གདུག་པ་སྤུན་བདུན་>><<གླིང་གེ་སར་གྱི་རྣམ་ཐར་མཐའ་སྡུད་>>ཅེས་པའི་སྐོར་སོགས་ (ཁོང་ལ་མི་ནུབ་དར་རྫོང་གི་སྒྲུང་ཞིག་ཡོད་པར་ཐོས་པས་དཔྱད)བཞུགས་ལ། སྤྱི་ལོ 1981 ལོར་གླིང་གེ་སར་མྱུར་སྐྱོབ་གཞུང་ལས་ཁང་ལ་སྤྲད་ནས་ཀློག་མཁན་ཡོངས་ཀྱི་ཡིད་དབང་གསོ་བའི་གསོས་སུ་གནང་ཐུབ་སོང་བ་དང་། 1984ལོ་ནས་བཟུང་པྲ་སྒྲུང་བ་ཁོང་རི་བོ་ཆེ་རྫོང་གི་ལས་བྱེད་མི་སྣར་འདེམས་ཐོན་བྱུང་ཞིང་གླིང་གེ་སར་མྱུར་སྐྱོབ་ཀྱི་ཕྱག་ལས་ཤུགས་རྒྱག་པའི་གོ་སྐབས་ཀྱང་ལེགས་པོ་ཐོབ། དེ་ནས་བཟུང 1986ལོ་དང་། 1991 ལོའི་བར་སྔ་རྗེས་བྱས་ཏེ། རྒྱལ་ཡོངས་གླིང་སྒྲུང་མྱུར་སྐྱོབ་སྔོན་ཐོན་ལས་མིའི་མཚན་སྙན་དང་། རྒྱལ་ཁབ་རིམ་པའི་པྲ་སྒྲུང་བ་གྲགས་ཆེན་གྱི་གོ་མང་ཡང་ཐོབ། མདོར་ན་ཁོང་ནི་ནང་དབྱིངས་འོད་གསལ་གྱི་དགོངས་མཛོད་ལ་ཤར་བའི་གླིང་སྐྱེས་བུའི་རྣམ་ཐར་གྱི་གསང་བ་ལས་ཀྱང་ཆེའི་གསང་བའི་སྐོར་སྣང་གསལ་པྲ་ཡི་མེ་ལོང་ལས་ཤར་འབེབ་གནང་མཁན། བོད་མི་རིགས་ཀྱི་ཐུན་མིན་རིག་པའི་གཞུང་ལུགས་ཀྱི་ཚབ་མཚོན་མི་སྣ་ཞིག་ཀྱང་ཡིན་མོད། ཁོང་གི་པྲ་འབེབས་ཚུལ་གྱི་གསང་བ་དང་། ཁོང་གིས་ཕབ་པའི་སྒྲུང་སྐོར་གྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱེད་བློས་གང་དྲན་དྲན་སྨྲ་བ་ནི་སླ་མོ་ཞིག་གཏན་ནས་མིན། གལ་སྲིད་འདི་རིགས་ལ་ཞིབ་འཇུག་བྱེད་བློས། ག་དང་འདི་ཞེས་ཐག་གཅོད་མཁན་གྱི་རིགས་ཡོད་ན་དེ་ནི་ཤིན་ཏུ་ནས་ཀྱང་ཁག་པོ་ལས་ཁག་པོ་ཡིན་ཏེ། རྒྱུ་མཚན་ཁོང་གིས་ཕབ་པའི་ཚིག་དོན་འགའ་ཞིག་གི་ཆ་ནས་བསམ་ན་ནང་བསྟན་ཆོས་ལུགས་ཀྱི་ཡང་སྙིང་མཐར་ཐུག་པའི་དགོངས་དོན་ཆོས་ཉིད་འོད་གསལ་གྱི་ཉམས་རྩལ་རྫོགས་པའི་གང་ཟག་ཁོ་ནས་ངོ་སྐལ་དུ་གྱུར་འདུག་པས། འདི་རིགས་གང་ཟག་ཕལ་མོ་ཆེའི་རྟོག་ངོར་འཆར་ཐུབ་པའི་གནས་མིན་པ་ནི་མངོན་གསལ་ཞིག་ཡིན་པས་སོ། ། མཐར་པྲ་སྒྲུང་བ་དམ་པ་ཁོང་དགུང་གྲངས་བརྒྱད་ཅུ་ལ་སླེབས་པ་སྤྱི་ལོ 1992ལོར་གཤེགས་པ་ཡིན་འདུག ། ཅེས་གླིང་དགའ་བ་ཨ་ཡིག་དཀར་པོས་ས་བོན་ཙམ་དུ་བྲིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1