རྒྱལ་ཁབ་འདི་རུ་དྲག་ཆར་བབས་ནས་མི་84རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-01



 
     ཉིན་བསྟུད་མར་དྲག་ཆར་བབས་པའི་རྐྱེན་གྱིས་པར་ཙིར་བྱང་ཤར་རྒྱུད་ཀྱི་པོ་ནན་པུའུ་ཀེ་ཁུལ་དུ་ཆུ་ལོག་དང་རི་ཉིལ་གྱི་གནོད་འཚེ་བྱུང་ནས་ས་གནས་དེ་གའི་དུས་ཚོད་ཚེས་29ཉིན་གྱི་དགོང་མོའི་བར་ལ་སླེབས་ཚེ་མི་84རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་56གར་སོང་ཆ་མེད་དུ་སོང་བ། མི་3957ཁ་འགྲེམས་མི་བྱེད་ཀ་མེད་བྱུང་ཡོད།
     ཚེས་29ཉིན་པོ་ནན་པུའུ་ཀེ་ཁུལ་གྱི་ཁུལ་དཔོན་པའོ་ལུའོ•ཁ་མ་ལས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་གྲངས་ཀ་བརྡ་ཁྱབ་བཏང་བ་རེད། ཁོང་གིས་ཟླ་5ཚེས་25ཉིན་དྲག་ཆར་བབས་ཚུན་ཁུལ་དེའི་གྲོང་ཁྱེར་ལེ་ཤིས་ཧྥེ་དང་ཨའོ་ལིན་ཏ་ཚུད་པའི་གྲོང་ཁྱེར་14ཛ་དྲག་གི་རྣམ་པར་གནས་ཡོད་ཅེས་བཤད།
     ཚེས་29ཉིན། པོ་ནན་པུའུ་ཀེ་ཁུལ་སྲིད་གཞུང་གི་དྲ་ཚིགས་ཐོག་སྤྱི་བསྒྲགས་སྤེལ་ནས། སྲིད་གཞུང་གིས་བཏང་བའི་དམག་དཔུང་དང་ཆེད་ལས་རོགས་སྐྱོབ་མི་སྣའི་བར་མཉམ་ལས་བྱས་ཏེ། གྲུ་གཟིངས་དང་།  འཚོལ་ཁྱི། འཕྲུལ་ཆས་སྒྲིག་ཆས་སྣ་ཚོགས་སྤྱད་དེ་རོགས་སྐྱོབ་ལས་དོན་སྤེལ་མཐར། ཚེས་29ཉིན་གྱི་སྔ་དྲོའི་བར་སླེབས་ཚེ་ཉེན་གྱར་གནོད་འཚེ་ཕོག་མཁན་མི་593བསྐྱབས་ཐུབ་བྱུང་བ་དང་། དེའི་ནང་སྐམ་ས་བརྒྱུད་ནས་རོགས་སྐྱོབ་བྱེད་ཐབས་བྲལ་བའི་མི་12ཐད་འཕུར་གནམ་གྲུས་བསྐྱབས་ཡོད་པ་དང་། ཐད་འཕུར་གནམ་གྲུས་ད་དུང་ཆུ་དང་ཟས་རིགས་ཐག་རིང་ལུང་ཁུག་དང་གནོད་འཚེ་ཚབས་ཆེན་ཕོག་པའི་ས་ཁུལ་དུ་སྐྱེལ་གྱི་ཡོད་ཅེས་བཤད་ཡོད་པ་རེད།
     པར་ཙིར་གྱི་ཙུང་ཐུང་པོ་སུའོ་ན་ལུའོ་ཡིས་ཚེས་29ཉིན་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་ཐོག་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཤུགས་རྐྱེན་ཐེབས་པའི་ཁྱིམ་ཚང་ལ་རོགས་རམ་བྱ་རྒྱུ་དང་། ཁོང་རང་ཀྱང་ཚེས་30ཉིན་ལེ་ཤིས་ཕུ་རུའི་གནོད་འཚེ་ཕོག་ཚུལ་ལ་རྟོག་ཞིབ་བྱེད་པར་བསྐྱོད་རྒྱུ་ཡིན་བརྗོད།
     ས་གནས་དེ་གའི་གནམ་གཤིས་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། སླད་ཕྱིན་ཉིན་ཁ་ཤས་ནང་པོ་ནན་པུའུ་ཀེ་ཁུལ་གྱི་ཆར་པ་འབབ་ཚད་ཉུང་དུ་འགྲོ་སྲིད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1