༄༅། །མཐོ་རྒྱུགས་ལམ་ལུགས་བཅོས་བསྒྱུར་བྱས་ཏེ་རིག་ཚན་དང་རྩིས་ཚན་སོ་སོ་འབྱེད་རྒྱུ་མིན་པར་གཏན་འཁེལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-13


 

          མཐོ་རྒྱུགས་ལམ་ལུགས་བཅོས་བསྒྱུར་ནི། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཕྱོགས་ཡོངས་བཅོས་བསྒྱུར་གཏིང་ཟབ་བྱེད་སྟངས་གལ་ཆེན་ཞིག་ཡིན།

          སྤྱི་ཟླ་9པའི་ཚེས་4ཉིན་རྒྱལ་ཁབ་ཀྱི་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་བྱེད་པའི་འབྲེལ་ཡོད་བསམ་འཆར་དག་ཁྱབ་བསྒྲགས་བྱས་ཡོད་ལ། མཐོ་རྒྱུགས་སླར་གསོ་བྱས་པ་ནས་ཆེས་ཕྱོགས་ཡོངས་དང་མ་ལག་ལྡན་པའི་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་ཀྱི་བཅོས་བསྒྱུར་ཐེངས་ཤིག་ཡིན། ད་ཐེངས་ཀྱི་བཅོས་བསྒྱུར་འདིས་རྒྱུགས་སྤྲོད་ཀྱི་སློབ་ཚན་དང་། མཐོ་སློབ་ཀྱི་སློབ་བསྡུའི་བདམ་ལེན་སྒྲིག་གཞིའི་ཐད་སྙོམས་སྒྲིག་ཆེན་པོ་བྱས་ཡོད་དེ། དམིགས་ཡུལ་ནི་སློབ་བསྡུའི་བདམ་ལེན་དང་མཐོ་འབྲིང་གི་སློབ་གཉེར་བར་གྱི་འབྲེལ་བའི་ཐབས་ཤེས་འཚོལ་བཤེར་དང་། སྔར་ལས་ལྷག་པར་བྱང་ཚད་སློབ་གསོར་སྐུལ་འདེད་གཏོང་བ། སློབ་མའི་བདམ་གསེས་རང་བཞིན་ཇེ་མང་དང་གནོན་ཤུགས་ཇེ་ཆུང་དུ་གཏོང་བ། སློབ་མའི་ཕྱོགས་ཡོངས་དང་རང་གཤིས་གསོ་སྐྱོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།

          མིག་སྔར། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་མཐོ་རྒྱུགས་ནི། རིག་ཚན་དང་རྩིས་ཚན་སོ་སོར་དབྱེ་ནས་སྐད་ཡིག་དང་རྩིས་རིག དབྱིན་ཡིག་བཅས་སློབ་ཚན་གསུམ་གྱི་སྦྱངས་འབྲས་དང་། དེའི་ཐོག་རིག་ཚན་ཀྱི་ཕྱོགས་བསྡུས་དང་རྩིས་ཚན་གྱི་ཕྱོགས་བསྡུས་སྦྱངས་འབྲས་ཁ་སྣོན་བྱེད་པ་གཙོ་བོར་བྱེད་བཞིན་ཡོད་ལ། དེ་ཡང་ཀུན་གྱིས་གླེང་བཞིན་པའི་3+xཡིན་ཏེ། སློབ་གྲྭ་ནས་སློབ་མ་བསྡུ་སྐབས་ཀྱང་རྒྱུགས་སྤྲོད་ཀྱི་སྐར་མ་འདི་དག་ལ་གཞིགས་ནས་བདམ་ལེན་བྱེད་བཞིན་ཡོད།

          ད་ཐེངས་ཀྱི་རྒྱུགས་སྤྲོད་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་གྱིས་རྒྱུགས་སྤྲོད་སློབ་ཚན་གྱི་ཕྱོགས་ནས་གཏན་འབེབས་གསལ་བོ་བྱས་ཡོད་དེ། མཐོ་རྒྱུགས་ལ་རིག་ཚན་དང་རྩིས་ཚན་གྱི་སོ་སོ་མི་འབྱེད་པར། མཐོ་རྒྱུགས་ཀྱི་བསྡོམས་སྐར་ནི་ཁག་གཉིས་ནས་གྲུབ་པར་བྱས་ཡོད།

          ཁག་དང་པོ་ནི། རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་དེ་སྐད་ཡིག་དང་རྩིས་རིག དབྱིན་ཇི་བཅས་སློབ་ཚན་གསུམ་གྱི་སྦྱང་འབྲས་ཡིན་པ་དང་། སྐར་མ་150ཡི་སྐར་གྲངས་ལ་འགྱུར་བ་མེད་ཅིང་དེའི་ཁྲོད་དུ་དབྱིན་ཇིའི་སློབ་ཚན་ལ་རྒྱུགས་སྤྲོད་ཐེངས་མ་གཉིས་བྱ་ཆོག་པའི་གོ་སྐབས་ཡོད། ཐེངས་མ་གཅིག་གི་སྐར་གྲངས་བསྡོམས་སྐར་ནང་རྩིས་ཆོག

          ཁག་གཉིས་པ་ནི། མཐོ་རྒྱུགས་སྦྱོང་ཚན་གྱི་རྒྱུགས་སྤྲོད་སྦྱངས་འབྲས་ཡིན་ལ། འདིའི་ནང་བསམ་བློ་ཆབ་སྲིད་དང་ལོ་རྒྱུས། ས་རྒྱུས། སྐྱེ་དངོས། རྫས་འགྱུར་སོགས་སློབ་ཚན་14འདུས་ཡོད།   སློབ་ཚན་འདི་དག་སྦྱངས་ནས་འགྲུབ་རྗེས་རྒྱུགས་སྤྲོད་ཆོག་པས་མཐོ་རྒྱུགས་སྐབས་ཡང་བསྐྱར་རྒྱུགས་ལེན་དགོས་ཀྱི་མེད།  རྒྱུགས་སྤྲོད་མཁན་གྱི་སློབ་མས་མཐོ་རྒྱུགས་ལ་མིང་ཐོ་འགོད་སྐབས། རྒྱུགས་སྤྲོད་སའི་སློབ་གྲྭ་ནས་སྤེལ་བའི་སློབ་བསྡུའི་རྒྱུགས་སྤྲོད་རེ་འདུན་དང་རང་ཉིད་ཀྱི་དམིགས་བསལ་ཡོན་ཏན་ལ་གཞིགས་ནས། བསམ་བློ་ཆབ་སྲིད་དང་ལོ་རྒྱུས། ས་རྒྱུས། དངོས་ལུགས། སྐྱེ་དངོས། རྫས་འགྱུར་བཅས་སློབ་ཚན་དྲུག་གི་ནང་ནས་སློབ་ཚན་གསུམ་གྱི་སྦྱངས་འབྲས་མཐོ་རྒྱུགས་ཀྱི་བསྡོམས་སྐར་ནང་སྣོན་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1