བརྩམས་སྒྲུང《མེས་པོ》 དང་ 《 ལོ་བརྒྱའི་ཁེར་ཧྲེང》གི་དཔྱད་བསྡུར།

ཀླུ་འབུམ་བྱམས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


དང་པོ། བརྩམས་སྒྲུང་གཉིས་ཀྱི་ཐུན་ཆོས་དབྱེ་ཞིབ།

བརྩམས་སྒྲུང་ནི་དུས་ཚོད་ཀྱི་སྒྱུ་རྩལ་ཞིག་ཡིན་ཞེས་པ་ལྟར་བརྩམས་སྒྲུང་ནང་གི་དུས་ཚོད་ཀྱིས་བརྩམས་སྒྲུང་ཧྲིལ་བོའི་མཁའ་དབུགས་ལ་འགྱུར་བ་ཐེབས་ཀྱིན་ཡོད་ལ། དུས་ཚོད་ཀྱི་བཀོད་སྒྲིག་བྱེད་སྟངས་ཀྱིས་བརྩམས་སྒྲུང་པ་གང་དེའི་བློ་སྦྱོང་གི་ཆུ་ཚད་ཀྱང་ཤེས་ཐུབ་པ་ཡིན་ཞེས་བརྗོད་ཆོག །དེ་བས་ཀྱང་རྩོམ་གྱི་མགོ་བརྩམས་པའི་ཚིག་དུམ་དང་པོ་དེ་ནི་ཤིན་ཏུ་གནད་འགག་ཡིན་ལ། རྒྱུ་མཚན་ནི་དེས་བརྩམས་སྒྲུང་ཧྲིལ་བོའི་ཁྱད་ཆོས་དང་སྒྲིག་གཞི། ཐ་ན་རིང་ཐུང་ཡང་ཐག་གཅོད་བྱེད་བཞིན་ཡོད། དེ་བཞིན་བརྩམས་ཆོས་འདི་གཉིས་ཀྱི་མགོ་བསླངས་པའི་ཚིག་ནི་ཏན་ཏན་དེ་འདྲ་ཞིག་དུ་ཆགས་ཡོད་དེ། 《 ལོ་བརྒྱའི་ཁེར་ཧྲེང་།》གི་མགོ་བརྩམས་མ་ཐག་ཏུ། ལོ་དུ་མའི་རྗེས་སུ། ཁྲིམས་གཅོད་རུ་ཁག་གི་མདུན་ནས། དམག་སྤྱི་ཨོ་ལི་ལི་ཡ་ནོ.པུམ་ཏེ་ཨ་ཡིས་ཨ་ཕས་ཁོ་རང་ཁྲིད་དེ་ཆབ་རོམ་ལ་ལྟ་རུ་སོང་བའི་རྒྱང་རིང་གི་ཕྱི་དྲན་ངེས་ཞེས་པ་དང་། 《 མེས་པོ།》 ཡི་མགོ་རུ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལོ་ངོ་བཞི་བཅུའི་རིང་ལ་མདོ་དབུས་མཐོ་སྒང་དུ་ཁྲག་དང་མིག་ཆུ་སྐམ་དུ་མ་བཅུག་པའི་མཱ་ཇག་ཚང་ཐལ་བའི་རྡུལ་དུ་བརླགས་རྗེས་ཐེངས་དང་པོར་དངོས་འདྲུད་རླངས་འཁོར་བསྐོར་ཡོང་དུས་ས་འདིའི་མི་རྣམས་རང་རང་གི་སྦྲ་སྒོ་ནས་ཡུན་རིང་བར་དུ་ཧ་ལས་འདུག །སྐབས་ཤིག་བྱིས་པ་པྲ་ཚག་ཅིག་གིས་ཟོག་ལ་འདྲོག་སློང་བའི་ཚུལ་གྱིས་སློག་པ་མགོ་ལ་འཕྱར་ཞོར་མགྲིན་སྒྲ་ཞིག་བསྒྲགས་པ་ན་རླངས་འཁོར་ཁ་ལོ་བས་ཀྱང་ཧ་ཅང་མཛའ་བརྩེའི་ཚུལ་གྱིས་ཕྱིར་དུངས་སྒྲ་ཞིག་བཏང་བ་དེས་མི་རྣམས་སྐྲག་ཐག་ཆོད་དེ་སྦྲ་སྒོ་འཕྲོག་རྩོད་བྱེད་བཞིན་ཁྱིམ་དུ་བྲོས་པ་དང་། ནོར་གཡག་གིས་རྔ་མ་དྲུག་སྟེང་དུ་བཟུང་ནས་སྲོག་བསྡོས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་དུ་བྲོས་པ་དེས་ལོ་མང་པོའི་སྔོན་དུ་ཁོ་ཚོ་ཐོག་མར་ས་རྩེ་གཞུང་ལ་སླེབས་དུས་ཀྱི་སྣང་ཚུལ་དབང་མེད་དུ་དྲན་པར་བྱེད་སྲིད་དེ། དེ་དུས་ཁོ་ཚོ་འབྲོག་ཁྱིམ་བརྒྱ་ལྷག་གིས་ཆུ་ཕྲན་གྲངས་མེད་བཅད། ཡངས་པའི་དབེན་ཐང་བརྒྱུད། ལ་ལུང་མང་པོ་བརྒལ་ནས་ས་རྩེ་གཞུང་ལ་སླེབས་ཞེས་པ་ལྟར་བརྩམས་སྒྲུང་ཧྲིལ་བོར་བལྟས་ན་སྤྲོས་བརྗོད་ཀྱི་མགོ་ནི་གཏམ་རྒྱུད་ཡོད་ཚད་ཀྱི་མཇུག་ནས་འགོ་བརྩམས་པ་སྟེ། མི་དམངས་བཅིངས་གྲོལ་དམག་རྩེ་གཞུང་རྩྭ་ཐང་ལ་ཐོན་དུས་གཏམ་རྒྱུད་མཇུག་རྫོགས་རྗེས་བྱུང་བ་ཡིན་ལ། འོན་ཀྱང་དེ་བརྩམས་སྒྲུང་གི་མགོ་རྩོམ་ས་དང་ཚིག་དུམ་དང་པོ་དེ་ཡིན་པས། དུས་ཚོད་ནི་རྒན་པོའི་ཕྲེང་བ་བགྲང་བ་ལྟར་སླར་ཡང་མགོ་རྩོམ་ས་དེ་སླེབས་ཡོད་པ་ཡིན། གོང་གི་འགོ་རྩོམ་སའི་ཚིག་དུམ་དུ་དུས་འདས་པ་ད་ལྟ་མ་འོངས་པ་གསུམ་ག་འདུས་ཡོད་ལ། དེ་ནི་རྩོམ་པ་པོས་རང་དགར་གྱི་དུས་ཚོད་རོལ་རྩེད་ཙམ་མ་ཡིན་པར་བརྩམས་སྒྲུང་ཧྲིལ་བོའི་ཉམས་དང་ཁྱད་ཆོས་ལ་ཐད་ཀར་འབྲེལ་ཡོད་པ་ཞིག་ཡིན། མེས་པོ་ཡི་ཚན་པ་དང་པོའང་རྩོམ་པ་པོས་བརྩམས་སྒྲུང་ཧྲིལ་པོར་གཞིག་ནས་བརྩམས་པ་ཞིག་པ་གསལ་པོར་མངོན་ཐུབ་ལ། དེ་བཞིན་དུ་བརྩམས་སྒྲུང་སྤྱིའི་སྒྲིག་གཞིའི་ཆ་ནས་བལྟས་ནའང་དུས་ཚོད་ནི་ཕྲེང་སྐོར་ཞིག་དང་འདྲ་བར་འཁོར་བཞིན་པའི་སྣང་བ་ཞིག་སྟེར། རྩོམ་པ་པོ་ཚེ་རིང་དོན་གྲུབ་ཀྱི་རེས་འཁོར་གྱི་དུས་ཚོད་དང་རེས་འཁོར་གྱི་སྤྲོས་བརྗོད་བྱེད་སྟངས་འདིར། དུས་ཡུན་རིང་པོ་བོད་རང་གི་རིག་གནས་སམ་ཆོས་ལུགས་ཀྱི་འདུ་ཤེས་ལས་བསྐྱེད་པའི་འཁོར་བའི་རང་བཞིན་ཞིག་ཏུ་འདོད། སྤྲོས་བརྗོད་བྱེད་སྟངས་འདི་ལས་མངོན་ཐུབ་པ་ནི་རྩོམ་པ་པོས་འཇིག་རྟེན་ལྟ་བ་ཞིག་ཀྱང་མངོན་ཡོད་དེ། བསྐྱར་ཟློས་དང་འཁོར་བ་ནི་བསྐལ་བ་མ་སྟོང་བར་དུ་འཇིག་རྟེན་འདིའི་རྩ་བའི་གནས་སྟངས་དེ་ཡིན་ལ། དུས་ཚོད་ནི་མདའ་མོ་ནང་བཞིན་ཐད་ཕྱོགས་སུ་བསྐྱོད་འགྲོ་བ་མ་ཡིན་པར། དེ་ནི་སླར་ཡང་འཁོར་བཞིན་པའི་རེ་སྨོན་དང་ལྟ་ཚུལ་ཞིག་ཀྱང་མཐོང་ཐུབ་པ་ཡིན།

གཉིས། བརྩམས་ཆོས་ཀྱི་སྒྲིག་གཞི།

བརྩམས་སྒྲུང་ནི་གཡུལ་ས་ཞིག་དང་ཡང་ན་ཕོ་བྲང་ཞིག་དང་འདྲ་སྟེ། བརྩམས་སྒྲུང་པ་ནི་དམག་དཔོན་དང་ཇུས་འགོད་པ་ཞིག་དང་མཚུངས། གཡུལ་དང་བཟོ་བསྐྲུན་གྱི་མགོ་མ་བརྩམས་གོང་ཡོད་ཚད་བཀོད་སྒྲིག་ནན་ཏན་བྱེད་དགོས་པ་བཞིན་རྩོམ་པ་པོ་ཞིག་གིས་བརྩམས་སྒྲུང་འབྲི་དུས་ཀྱང་སྔོན་ལ་འཆར་འགོད་དང་བློས་བསླངས་ཚགས་དམ་པོ་བྱེད་དགོས་པ་ཡིན། གང་ནས་མགོ་རྩོམ་རྒྱུ་དང་གང་ནས་མཇུག་སྒྲིལ་རྒྱུ། ཇི་ལྟར་མགོ་རྩོམ་རྒྱུ་དང་ཇི་ལྟར་མཇུག་སྒྲིལ་རྒྱུ་སོགས་ལ་ཕྲ་ཞིབ་རིགས་ལམ་གྱིས་གསལ་བོར་བཟོ་དགོས་པ་ཡིན། དེ་བས་བརྩམས་སྒྲུང་འདི་གཉིས་ཀར་བལྟས་ན་རྩོམ་མཁན་གཉིས་ཀྱིས་སྒྲིག་གཞིའི་ཐད་ན་མནོ་བསམ་ཞིབ་ཚགས་བཏང་ཡོད་པ་གསལ། བརྩམས་ཆོས་ཀྱི་སྒྲིག་གཞི་ཆེན་པོ་ནི་ཕལ་ཆེར་གཅིག་པ་ཆགས་ཡོད་དེ། 《 ལོ་བརྒྱའི་ཁེར་ཧྲེང་།》དུ་ཁོང་ཚོ་མ་ཁོང་ཏོ་རུ་ཡོང་དུས་དེ་ནི་མིའི་ཞབས་རྗེས་འཁོད་མ་མྱོང་བའི་ས་གཞི་ཞིག་སྟེ། དངོས་པོ་ཐམས་ཅད་ལ་མིང་མེད་ཅིང་ཡོད་ཚད་གསར་པ་གསར་རྐྱང་དུ་སྣང་། དེ་བཞིན་《མེས་པོ།》 ནང་དུའང། སྔོ་རྩྭ་སོར་བཞི་ཙམ་ཡོད་ནའང་ལོ་སྔོན་མའི་རྩྭ་སྐྱའི་གསེབ་ནས་ད་རུང་ཕྱིར་བུད་མེད་པས་མུ་མཐའ་བྲལ་བའི་རྩེ་གཞུང་རྩྭ་ཐང་ཡོངས་རྫོགས་སྐྱ་ཐང་ངེར་འདུག རྩྭ་སྐྱའི་གསེབ་ན་གཞེས་ནིང་ངམ་ཡང་ན་ལོ་དུ་མའི་སྔོན་གྱི་རུལ་ནས་ནག་པོར་གྱུར་པའི་རྩྭ་རོའང་ཡོད་པས་འདི་རུ་མི་ཕྱུགས་གཅིག་ཀྱང་བསྡད་མྱོང་བ་ཤེས་ཐུབ་ཅེས་པ་ལྟར། བརྩམས་སྒྲུང་གཉིས་ཀའི་གར་སྟེགས་ནི་མིའི་རིགས་མ་སླེབས་པའི་འཇིག་རྟེན་ནམ་ཤེས་རིག་མ་དར་བའི་བསྐལ་པ་ཡ་ཐོག་གི་འཇིག་རྟེན་ལྟ་བུ་ཞིག་བཀོད་འབྲི་བྱས་འདུག་ལ། ཁོ་ཚོ་ནི་ཡུལ་གྲུ་དེའི་ཞབས་སོར་འཁོད་པའི་ས་འཛིན་གྱི་ཐོག་མ་དེར་ཆགས་ཤིང་ཡུལ་གྲུ་དེར་གསར་སྤེལ་བྱེད་མཁན་གྱི་བྱེད་པོ་འབའ་ཞིག་ཏུ་གྱུར། འདི་ལས་རྩོམ་པ་པོས་བསྐལ་བ་ཡ་ཐོག་གི་འཇིག་རྟེན་ཞིག་ལ་བློས་བསླངས་བྱས་འདུག་པ་ཡང་ཚོར་ཐུབ། བརྩམས་སྒྲུང་གཉིས་ཀའི་མཇུག་བསྡུ་སྟངས་ཐད་ན《ལོ་བརྒྱའི་ཁེར་ཧྲེང་།》དུ་མཐའ་མར་ཁྱིམ་རྒྱུད་ཆེན་པོ་དེའི་རྒྱུ་འབྱོར་མི་ཕྱུག་ཡོད་ཚད་རྒུད་པ་ལ་ཕྱོགས་ཏེ། ཆེས་མཇུག་མཐར་ཐ་ན་མ་ཁུང་ཏོ་གྲོང་བརྡལ་ཧྲིལ་པོར་ཡང་གྲོག་མའི་ཚོགས་ཀྱིས་བཅོམས་པར་བྱས་ཡོད། 《 མེས་པོ》 ཡི་མཐའ་མཇུག་ཏུའང་། བཟོ་གྲྭའི་དུ་ཁུང་ལས་འཕྱུར་བཞིན་པའི་དུ་བས་བྱམས་ཆེན་ལྷ་ཁང་གི་རྒྱ་ཕིབས་ཀྱང་སོལ་བའི་མདོག་ཏུ་བསྒྱུར་ལ། ཨ་བྲས་རྩྭ་ས་ཧྲིལ་པོར་སློག་ཅིང་ཟོག་ལུག་རྣམས་ཀྱང་ཁངས་ཆེན་གྱིས་ཤི། འབྲུག་ཐར་ཡང་མེས་པོ་རུ་གྱུར་པ་སོགས་བསྐལ་བ་འཇིག་ལ་རན་པའི་སྣང་བརྙན་སྐྱོ་བོ་ཞིག་ཞིབ་འབྲི་བྱས་ཡོད། བརྩམས་ཆོས་གཉིས་ཀའི་སྤྱིའི་སྒྲིག་གཞི་ཧ་ལམ་འདྲ་པོ་ཆགས་ཡོད་མོད། འོན་ཏེ་སྒྲིག་གཞི་ཡང་གཞི་མེད་དྲན་འཕྲུལ་ཞིག་ཀྱང་མ་ཡིན་ཏེ། དེ་ནི་མི་རིགས་གང་དེའི་ཆོས་ལུགས་དང་རིག་གནས། ཡང་ན་སྤྱིའི་འཇིག་རྟེན་ཆགས་འཇིག་གི་ལྟ་བ་ཉིང་བསྡུས་སུ་མཐོང་སྟེ། 《 ལོ་བརྒྱའི་ཁེར་ཧྲེང་།》ནི་ཡེ་ཤུའི་ཆོས་ལུགས་ལས་བཤད་པ་འཇིག་རྟེན་འདི་བྱུང་བ་ནས་མཐའ་མར་ཡོད་ཚད་རྡུལ་དུ་བརླགས་ནས་ཅི་ཡང་མེད་པར་བྱེད་པའི་བསྐལ་པའི་མཐའ་མར་སླེབས་པར་དགོངས་པའི་ལྟ་ཚུལ་དང་ཆུ་ལ་ཆུ་བཞག་པ་ལྟར་མཐུན་ལ། 《 མེས་པོ།》 ཡང་མིའི་རིགས་ཞབས་ཀྱིས་མ་འཁོད་པའི་ཡུལ་ལ་ཐོག་མར་སླེབས་པ་ནས་ཀྱག་ཀྱོག་གི་བྱུང་རིམ་དུ་མར་བརྒྱུད་རྗེས་མཐར་ཡོད་ཚད་སྟོང་པར་གྱུར་པ་འདི་ནི་བོད་པའི་འཇིག་རྟེན་འཇིག་པའི་གཞི་ཡིན་ཞེས་པའི་ལྟ་ཚུལ་དང་འདྲ་བ་ཡིན་ཏེ། ཆེས་མཐའ་མར་ཡོད་ཚད་ཐམས་ཅད། འཇིག་ཅིང་སྟོང་པར་འགྱུར་པ་མཚོན་པར་འདོད་དོ། །

གསུམ། བརྩམས་ཆོས་གཉིས་ཀྱི་ཁྱད་ཆོས་དབྱེ་ཞིབ།

གཅིག །ཁེར་ཧྲེང་དང་མེས་པོ།

ཁེར་རྐྱང་ནི་མཱར་ཁེ་སི་ཡི་བརྩམས་ཆོས་ཡོད་ཚད་ཀྱི་ཐུན་མོང་གི་ཁྱད་ཆོས་དེ་ཡིན་ལ། ཁོའི་བརྩམས་སྒྲུང་གང་ཡིན་རུང་ཕྱི་ནང་གསང་གསུམ་ནས་བཟོད་པར་དཀའ་བའི་ཁེར་ཧྲེང་གི་ཚོར་བ་དྲག་པོ་ཞིག་མྱོང་ཐུབ། དེ་བས་ཁེར་ཧྲེང་ནི《 ལོ་བརྒྱའི་ཁེར་ཧྲེང་།》གི་རྨང་གཞི་ཡིན་ལ་བརྩམས་ཆོས་ཧྲིལ་པོ་མུ་སྐྱོང་བའི་ནུས་ཤུགས་ཀྱང་ཡིན། མཱར་ཁེ་སིས་ཁེར་ཧྲེང་ནི་བརྩམས་ཆོས་ནང་གི་ཁྱིམ་རྒྱུད་དེ་རྒུད་པར་གྱུར་པའི་རྒྱུ་རྐྱེན་དེ་ཡིན་ལ། མ་ཁུང་ཏོ་ཧྲིལ་པོ་ནུབ་པར་གྱུར་པའི་རྒྱུ་ཡང་ཡིན་ཞེས་པ་ལྟར་ཁེར་རྐྱང་གིས་བརྩམས་ཆོས་ཧྲིལ་པོ་བཏེགས་ཡོད་པ་ཡིན། བརྩམས་སྒྲུང་ལས་མ་ཁུང་ཏོ་ནི་ལ་ཏིང་མེ་གླིང་གི་བསྡུས་གཟུགས་ཡིན་པར་བརྗོད་ལ། རིག་གནས་དང་ཆབ་སྲིད་ཀྱི་དབང་གིས་ལ་ཏིང་མེ་གླིང་གི་མི་རིགས་མང་པོ་ཞིག་དང་རྒྱལ་ཁབ་དུ་མ་ཞིག་དུས་ཡུན་རིང་པོར་རྗེས་ལུས་དང་རང་འཐོམ། བས་མཐའི་རྣམ་པར་ལུས་ཏེ་འཛམ་གླིང་དང་འབྲེལ་ཐག་བཅད་པ་ལྟ་བུའི་ངང་གནས་ཡོད། བརྩམས་སྒྲུང་ལས་ཆབ་རོམ་དང་རྡོ་ཁབ་ལེན་སོགས་དེང་རབས་ཀྱི་དངོས་པོ་ཁ་ཤས་ཐོན་ཡོད་མོད། འོན་ཏེ་དེ་དག་གིས་མ་ཁོང་ཏོ་ཁེར་རྐྱང་ལས་ཐར་པར་མི་ནུས་ཏེ། རྒྱུ་མཚན་ནི་མ་ཁུང་ཏོ་ཡི་ཁེར་རྐྱང་དང་དར་རྒུད་ཡོད་ཚད་ནི་བཟློག་པར་དཀའ་བའི་ལྷ་སྒྲུང་རང་བཞིན་གྱི་འཚོ་གནས་རྣམ་པ་དེ་ཡིན་ལ། དེ་བས་ང་ཚོའི་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་རྣམ་ཤེས་བཞིན་སྣང་ལ་མ་ངེས་པའི་ཁེར་རྐྱང་གི་ཚོར་བ་དྲག་པོ་ཞིག་མྱོང་ཐུབ་པ་ཡིན། འོན་ཀྱང《མེས་པོ།》 ནི་ཉམས་ཆེ་བའི་ལོ་རྒྱུས་སྤྲོས་བརྗོད་བྱེད་ཐབས་ལྟ་བུ་ལས་གཞན་གསལ་པོར་བརྗོད་ཆོག་པའི་བརྩམས་ཆོས་ཀྱི་སྲོག་ཤིང་མེད་པ་ལྟ་བུར་སྣང་སྟེ། བརྩམས་སྒྲུང་ལས་མེས་པོ་ཞེས་མཚམས་རེར་གཟུགས་ཅན་བཞིན་དུ་གནས་ལ། མཚམས་རེར་གཟུགས་འདས་སྤྱི་མཚན་གྱི་མཚོན་དོན་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ནི་《ལོ་བརྒྱའི་ཁེར་ཧྲེང་།》ལས་མངོན་པའི་ཁེར་རྐྱང་གི་ཚོར་བ་དྲག་པོ་སྟེ་བརྩམས་ཆོས་དེ་ཉིད་ལ་རྨང་འདིང་བཏུབ་ཅིང་བརྩམས་སྒྲུང་ཧྲིལ་པོའི་མཁའ་དབུགས་བསྒྱུར་ཐུབ་པ་ལྟ་བུའི་ནུས་པ་མི་མངའ་ཞིང་། མེས་པོ་དེ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་བས་བརྩམས་སྒྲུང་སྤྱིའི་མཁའ་དབུགས་དང་བྱུང་རིམ་གང་རུང་ལ་འགྱུར་བ་ཆེར་མི་འབྱུང་བས། མེས་པོའི་བཞེངས་བསྐྲུན་དེ་སྒྱུ་རྩལ་གྱི་ཚད་མཐོན་པོ་ཞིག་ལ་སྙེག་པར་རྔོ་ཐོགས་པའི་ལེགས་གྲུབ་བྱུང་མེད་པར་འདོད་མོད། འོན་ཀྱང་རྩོམ་པ་པོ་ཚེ་རིང་དོན་གྲུབ་ཁོང་དང་བོད་ཀྱི་བརྩམས་སྒྲུང་གིས་ཐེངས་དང་པོར་སྒྱུ་འཕྲུལ་དངོས་ཡོད་ཀྱི་འབྲི་ཐབས་ལ་ཚོད་ལྟ་བྱེད་པའི་ལེའུ་དང་པོ་བ་ཡིན་པས་མི་འདང་ས་ཅུང་ཟད་རེ་ཡོད་པའང་གཞིར་བཞག་ཡིན་ནོ། །

གཉིས་པ། རྒྱུ་འབྲས་ཀྱི་རྣམ་བཞག

འདོད་ཧམ་ནི་མི་སུ་ཞིག་འཇིན་རྟེན་འདིར་འོངས་པ་ནས་རང་རྒྱུད་ལ་ལྷན་སྐྱེས་སུ་མངའ་སྟེ། དེ་ནི་མི་གཤིས་ཀྱི་ཆ་ཤས་ཤིག་ཏུ་གྲུབ་ཡོད་ཅིང་བརྩམས་སྒྲུང་མེས་པོར་ཁྱབ་པའི་མཁའ་དབུགས་གཙོ་བོ་དེའང་ཡིན། བརྩམས་སྒྲུང་ཧྲིལ་པོའི་དཀྱོགས་མཚམས་ནི་མི་རྣམས་ཀྱི་འདོད་ཧམ་ཆེས་ཆེར་ངོམ་པའི་དུས་དེ་ཡིན་ལ། ཏན་ཏན་འདོད་ཧམ་གྱི་ཉེར་ལེན་དེ་དག་ལས་རྗེས་མའི་ཆགས་འཇིགས་ཅི་རིགས་ཀྱི་བསྐྱེད་འབྲས་རིམ་པར་བྱུང་ཡོད་དེ། དཔེར་ན། ཁོ་ཚོ་ཐོག་མར་དམིགས་ཡུལ་ཅི་ཡང་མེད་པར་ལ་ལུང་དང་རི་ཆུ་བརྒལ་ནས་རྩེ་གཞུང་རྩྭ་ཐང་ལ་ཐོན་དུས། ཁོ་ཚོ་གཏན་སྡོད་བྱེད་འདོད་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་གཞོང་ཁུག་ན་ལུས་སྟེང་འོད་ཡུག་ཡུག་བྱེད་བཞིན་པའི་སྲམ་དེ་ཚོ་ཡིན་ལ། དེ་བས་ཐོག་མའི་འདོད་ཧམ་འདི་ནི་གཏམ་རྒྱུད་ཡོད་ཚད་ཀྱི་འགོ་རྩོམ་ས་དེ་ཆགས་ཡོད། ཁོ་ཚོ་མ་སླེབས་གོང་གི་རྩེ་གཞུང་རྩྭ་ཐང་ནི་མིའི་རིགས་དང་སྒོས་སུ་ཤེས་རིག་མ་དར་བའི་ཡར་སྔོན་གྱི་འཇིག་རྟེན་ཞིག་གི་མཚོན་བྱ་སྟེ། ཡང་གཅིག་བཤད་ན་དེ་ནི་འདོད་ཧམ་གྱིས་མ་བསླད་པའི་འཇིག་རྟེན་ཞིག་ལས། ཉོན་མོངས་ཀྱི་དུག་མཚོན་བྱུང་རྒྱལ་དུ་འཕེན་པའི་བསླད་ཞུགས་པའི་འཇིག་རྟེན་ཞིག་མིན། ལོ་དུ་མའི་སྔོན་གྱི་རྩྭ་རུལ་དང་། དགོ་བ་དང་ཁྭ་ཤ་སོགས་རི་དྭགས་སྣ་ཚོགས་བག་ཡངས་སོས་དལ་གྱིས་རྒྱུ་ལ། ཡོད་ཚད་ཆེས་གདོད་མའི་དྭངས་གཙང་གི་རྣམ་པར་ལུས་ཡོད། དེ་བས་ཁོ་ཚོ་རྩེ་གཞུང་རྩྭ་ཐང་འདིར་འོངས་པ་དང་མཉམ་དུ་ཤེས་རིག་གི་མགོ་ཚུགས་ཀྱང་ཉམས་རྒུད་ཀྱི་རྒྱུ་ཡང་བསྔོས། གཞིས་སྤོར་གྱི་སྐྱ་མི་དེ་ཚོ་ནི་དངོས་པོའི་དཔལ་ཡོན་གྱི་མཚོན་བྱེད་ཡིན་ལ། ཁོ་ཚོས་གནས་འདིར་སྔོན་མཐོང་མ་མྱོང་བའི་ཅ་ལག་གསར་པ་སྣ་ཚོགས་འཁྱེར་ཡོང་བ་དེ་དག་ནི་དེང་རབས་ཅན་གྱི་བསྡུས་གཟུགས་ཡིན། དེ་བས་བརྩམས་སྒྲུང་དུ་དེང་རབས་རྣམ་པས་སྔར་ཡོད་དམ་གདོད་མའི་རྣམ་པར་སིམ་འཛུལ་བྱེད་པ་མཚོན་ཡོད།

དེ་བཞིན་དུ《 ལོ་བརྒྱའི་ཁེར་ཧྲེང་།》ལས་ཀྱང་ཡེ་ཤུའི་ཆོས་ལུགས་ཀྱི་དམ་པའི་གསུང་རབ་ལས་བསྟན་པའི་བསྐལ་བ་ཆགས་པའི་སྐབས་ཀྱི་མཚོན་དོན་ཡོད་པའི་སྣང་བརྙན་ཞིག་བྲིས་ཡོད་དེ། བརྩམས་སྒྲུང་གི་མགོ་རུ་འཁོད་པའི་སྦྲེ་ཕུ་སའེ་ཡི་མི་དང་། ཁོ་ཚོས་འཁྱེར་ཡོང་བའི་ལྕགས་ཁབ་ལེན་དང་ཆབ་རོམ་སོགས་ནི་དེང་རབས་སམ་ཡང་ན་ཤེས་རིག་གཞན་པ་ཞིག་གི་མཚོན་དོན་ཡིན་ལ། སྒྱུ་འཕྲུལ་གྱིས་ཕྱུག་པ་འདྲ་བའི་དངོས་རྫས་དེ་དག་གིས་གསེར་གྱི་གཏེར་ཁ་བསྔོག་ཐུབ་ཅིང་ཁོ་ཚོའི་རང་རྒྱུད་ཉོན་མོངས་ཀྱི་སིམ་པའི་འདོད་ཧམ་ཅི་རིགས་བསྐང་ཐུབ་པས་ན་གསར་བྱུང་གི་ཤེས་རིག་དེ་དག་གི་བསླུ་བྲིད་མ་བཟོད་པར་རེ་རེ་བཞིན་དང་ལེན་བྱས། ཡིན་ནའང་ཆེས་མཐའ་མཇུག་མ་ཁུང་ཏོ་གྲོང་བརྡལ་འཇིག་པའི་སྐབས་སུ་འདོད་ཧམ་གྱིས་ཀུན་ནས་བསྟིམས་པའི་གསར་བྱུང་གི་རིག་གནས་དེ་དག་ཐམས་ཅད་ཀྱང་ཉེར་ལེན་གྱི་རྒྱུའམ་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུར་གྱུར་ཡོད། སྤྱིར་རྩོམ་པ་པོ་མ་ཨར་ཁེ་སི་ལ་རྒྱུ་འབྲས་ལྟ་བའི་རྣམ་གཞག་གི་ངེས་ཤེས་ཡོད་པའམ་ཡང་ན་བརྩམས་ཆོས་ལས་རང་བཞིན་གྱི་ཐོན་པ་གང་ཞིག་ཡིན་རུང་འདི་ལས་བརྩམས་ཆོས་ལ་རིག་གནས་ཀྱི་ནང་སྙིང་ངམ་སྒྱུ་རྩལ་གྱི་རིན་ཐང་ཡན་གར་བ་ཞིག་བསྩལ་ཡོད་པར་འཁུམས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1