ཆུང་འདྲིས།

ཀྱེ་ཕུར་མཆོག་གསུམ། (མཚོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-14


ཚིག་གི་མངར་ཁ་སྙིང་ལ་འཁྱིལ་ཡོད་སྙིང་གི་དྲོད་ཤ་ལམ་ལམ་འབར་ཡོད།།


 མནའ་ཚིག་ཐག་པས་དམ་དུ་བཀྱིགས་ཡོད་མི་འགྱུར་སྲོག་གི་ཀ་བ་བསླངས་ཡོད།།


 འདང་གི་འོ་མ་ཞོ་རུ་བསྙལ་ཡོད་བརྩེ་བའི་རི་མོ་བྲག་ལ་བརྐོས་ཡོད།།


 དམར་པོ་སྲོག་གི་གཟུངས་ཐག་ཁྱེད་ཡིན་གངས་དཀར་དྲན་པའི་འཁྲི་ཤིང་ཁྱེད་ཡིན།།




 འདབ་དྲུག་ཁ་བས་གར་སྟབས་སྒྱུར་དུས་ང་རང་ཁྱེད་ཀྱི་པགས་སློག་བྱ་ཆོག།


 སྦྲང་ཆར་ཟིལ་མ་སྟོབས་ཀྱིས་བྱོ་དུས་ང་རང་ཁྱེད་ཀྱི་ཆར་གདུགས་བྱ་ཆོག།


 གྲང་རླུང་རལ་གྲིའི་སོ་ཁས་གཡུགས་དུས་ང་རང་ཁྱེད་ཀྱི་མེ་དཔུང་བྱ་ཆོག།


 ཁྱེད་ཉིད་འཚོ་བའི་སུལ་དུ་འབུས་པས་ང་ཡི་དབྱར་ཟླ་སྙིང་དུ་བཞད་ཡོད།།




 ནུབ་རླུང་དྲག་པོ་ཤུགས་ཀྱིས་གཡུགས་ཀྱང་ཁྱེད་ཀྱི་གཏན་ཚིགས་འཁུར་བ་མི་སྲིད།།


 འགལ་རྐྱེན་ཤྭ་འོད་རི་ནས་བརྡོལ་ཡང་ཁྱེད་ཀྱི་མནའ་ཚིག་བསྒྱེལ་པ་མི་སྲིད།།


 ཁོང་ཁྲོའི་རྦབ་རྡོ་གཡང་དུ་འདྲིལ་ཀྱང་ཁྱེད་ཀྱི་དགའ་སྣང་བསྣུབ་པ་མི་སྲིད།།


 ཁྱེད་ནི་སྲ་མཁྲེགས་ལྕགས་ལ་བརྡུངས་པའི་རྣོན་པོ་ཁྲོ་ཡི་རིལ་བུ་ཉིད་དོ།།




 རྣམ་འགྱུར་དབྱར་གྱི་སྤྲིན་པའི་འགྱུ་སྟངས་ཁྱེད་ཀྱི་ནམ་མཁར་ལན་དགུར་འཁྲིགས་ཏེ།།


 ཞེ་ཁོང་དོག་པོའི་ཚིག་གི་མདའ་མོ་ཁྱེད་ཀྱི་ནགས་སུ་ལན་བརྒྱར་འཕངས་ཀྱང་།།


 སེམས་ཀྱི་གླ་བོར་སྐྲག་དངངས་མི་འདུག་སྔར་བཞིན་ནགས་མའི་སོ་ན་གནས་ཡོད།།


 ཚིག་གི་སྒྱོགས་ཆེན་ཆར་དུ་བབས་ཀྱང་ཁྱེད་ཉིད་ཕངས་པའི་ཚིག་ཙམ་མི་ཐལ།།




 གནས་ལུགས་མང་པོ་མཆི་མས་མི་འཆད་བྲང་གཞུང་བརླན་གྱི་སྤང་ལ་བརྡལ་ངེས།།


 ཨུ་ཚུགས་གཏམ་ལ་རྣོ་དབལ་མི་སྤྲོད་ཞི་འཇགས་གཤིས་ཀ་ཁྱེད་ཀྱིས་བསྲུངས་ཡོད།།


 ཁོད་ཡངས་དྲན་པ་འབྱམས་སུ་ཀླས་པ་ཁྱེད་ཀྱི་འབྱུང་བཞིའི་བསྐྱེད་འབྲས་ཡིན་ངེས།།


 བདག་བས་གཞན་གྱི་ཟུག་ངུ་ཙམ་ཡང་དཔྲལ་བའི་མིག་གི་ཚབ་ཏུ་འཇོག་ངེས།།




 ནམ་མཁར་སྤྲིན་པ་འཁྱུག་ཙམ་བྱེད་དུས་རང་གི་སྣོད་གཅལ་དེ་རུ་བཟེད་ངེས།།


 བྱང་རླུང་ཕྲན་བུ་ལྡང་ཙམ་བྱས་ན་རང་གི་ལག་པ་དེ་རུ་བརྐྱང་ངེས།།


 ཉི་མའི་ཚ་གདུང་འཕྲོས་ཙམ་བྱས་ན་རང་གི་སེམས་ངལ་དེ་རུ་བརྡལ་ངེས།།


 ཁྱེད་ནི་བདག་གི་འབྱུང་བཞི་སྲུང་བའི་བརྩེ་བའི་ལྷ་མོ་མིག་ཡངས་དེ་ཡིན།།




 ཁྱེད་ཀྱི་ནམ་མཁའ་སྔོན་མོའི་པང་ན་བདག་ནི་བག་མེད་སྤྲིན་པ་ཞིག་ཡིན།།


 ཁྱེད་ཀྱི་གཙང་ཆུ་དྭངས་མོའི་དབུས་སུ་བདག་ནི་མཐུར་མེད་ཉ་མོ་ཞིག་ཡིན།།


 ཁྱེད་ཀྱི་ཐུགས་དགོངས་ནགས་མའི་ཚལ་ན་བདག་ནི་བདག་མེད་བྱེའུ་ཆུང་ཞིག་ཡིན།།


 ཁྱེད་ནི་ཚོད་མེད་རི་ལ་འཁྱར་བའི་ཤེའུ་ཆུང་གསོ་བའི་སེམས་དཔའ་ཉིད་དོ།།




 ང་ཡི་བདག་འཛིན་གདོན་གྱི་བསླུ་བྲིད་ངེས་མེད་རླུང་གིས་ཐོལ་གྱིས་ལྡང་ངེས།།


 ང་ཡི་གཤིས་སྤྱོད་དུག་གི་མདའ་མོ་ཚིག་ཟུར་ར་མདས་དྲུད་དེ་ཤོར་འགྲོ།།


 ང་ཡི་ཞེ་ཁོང་བུ་ག་ཕྲ་མོར་དཀྱེལ་ཡངས་གཏམ་གྱི་རླུང་བུ་མི་ཤོང་།།


 ང་ནི་ཁྱེད་ཀྱི་དབེན་པ་དཀྲོགས་པའི་འུར་ཟིང་རྣ་བར་གཟན་པ་དེ་ཡིན།།




 གནམ་གྱི་ཞལ་ངོ་དེ་རིང་འཁྲིགས་ཀྱང་སང་ཉིན་སྤྲིན་པའི་རྒྱུ་བ་དྭངས་ངེས།།


 མཚོ་མོའི་རྦ་རླབས་རླུང་གིས་གཡོས་ཀྱང་སྲོད་ཀྱི་ངང་རྒྱུད་གཤིས་སུ་འཇགས་འགྲོ།།


 དགའ་སྐྱོ་འཐབ་པའི་སེམས་ཀྱི་གཤིན་སར་སྤྲོ་སྣང་ལྗང་བུ་འབུས་ཀྱང་སྲིད་པས།།


 ཡིད་ཆེས་ཕྱེ་ལེབ་རྒྱང་ནས་འཁོར་ཏེ་སྐབས་རེར་སྣང་གླུ་གཤོག་སྒྲས་ལེརན་ཆོག།




 ཁྱེད་ནི་མེ་ཏོག་རྐང་གཅིག་ཡིན་ན་ང་ཡི་གཡུ་སྦྲང་ཁོ་ན་འཁོར་དགོས།།


 ཁྱེད་ནི་མཚོ་མོའི་ཁ་ཞེང་ཡིན་ན་ང་ཡི་གསེར་ཉ་ཁོ་ན་འཁྱུག་དགོས།།


 ཁྱེད་ནི་སྤྲིན་བྲལ་ནམ་མཁའ་ཡིན་ན་ང་ཡི་རྒོད་པོ་ཁོ་ནར་དབང་དགོས།།


 འདི་ནི་སྒེར་སེམས་སྒྲོག་གིས་བཅིངས་པའི་ཤ་མེད་འདོ་བ་གོང་ཆུང་ཞིག་ཡིན།།




 སྐབས་རེར་མི་འདོད་རླུང་ནག་འཚུབ་མས་ཁྱེད་ཀྱི་སྐྱེད་ཚལ་ཡོམ་ཡོམ་བསྒུལ་ཡོད།།


 སྐབས་རེར་མི་སྙན་འདམ་ཆུའི་བཞུར་སྒྲས་ཁྱེད་ཀྱི་རྣ་བ་ལན་དགུར་བཙས་ཡོད།།


 སྐབས་རེར་མི་དགོས་ཚིག་གི་མདའ་མོས་ཁྱེད་ཀྱི་ཡིད་སེམས་རྨང་ནས་བསྣད་ཡོད།།


 སྐབས་རེར་མི་མཁོ་རྣམ་འགྱུར་ཕྲ་མོས་ཁྱེད་ཀྱི་འཚོ་བའི་ནམ་མཁའ་སྦགས་ཡོད།།




 མ་ཁྲོ་སེམས་ཀྱི་ཞལ་རས་དྭངས་དགོས་ཁྱེད་ནི་མེ་ཏོག་དཀར་པོ་ཞིག་ཡིན།།


 མ་སྐྱོ་འབྱུང་བཞིའི་ལྗོན་པ་རྒྱས་དགོས་ཁྱེད་ལ་ད་རུང་འདབ་ཆགས་འཁོར་དགོས།།


 མ་ཕམ་མི་དགོས་ཁུར་པོ་ལྷག་མ་དུས་ཀྱི་རླུང་གིས་རྒྱང་ལ་འཁུར་ངེས།།


 མ་འགྱོད་འཚོ་བའི་སུལ་ལ་འཚང་བའི་མ་རུངས་བདག་ཀྱང་སྐར་མདར་འཁྱུག་འགྲོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1