གཟི་ཆུང་གནམ་ས་ཁ་སྤྲོད།

བྱང་ཆུབ་ལོ་མ། (མཚོ་ནུབ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-14


གཟི་ཆུང་གནམ་ས་ཁ་སྤྲོད་།


 སྙིང་སྡུག


 སྙིང་གི་འཕར་རྩ་ཁྱེད་དང་གཅིག་ཏུ་བརྒྱུས་པ་གཟུགས་བྱད་ལེགས་ཀྱང་སྐྱེ་འབྲས་མཚར་བ་མིན་པས་གཅིག


 ཁྲེལ་དང་ཕྱི་ཐག་རིང་བ་འཇིག་རྟེན་སྐྱེས་པ་ཀུན་ལས་ལྷག་པས་དེ་ཡིན་ནོ།།


 སྙིང་སྡུག


 རིན་ཆེན་མཛེས་གཟུགས་ཁྱེད་ལ་ཕུལ་བ་སྐབས་ཀྱི་ཨ་གསར་སྣང་བ་མགོ་འཁོར་མིན་པས་གཉིས།


 འཛམ་གླིང་ཉི་མ་བཞིན་དུ་དྲོད་ཀྱིས་བསྲུང་བས་དེ་ཡིན་ནོ།།


 སྙིང་སྡུག


 ལོ་དང་ཟླ་བ་ཞག་ནི་ག་ཙམ་འདས་ཀྱང་མཚོ་ལ་བརྟེན་པའི་ངང་བས་འཕུར་ས་གཞན་ནི་མི་བསྙེག་གསུམ་བྱའོ།།


 ༢གཡུ་བྱའི་བྱུར་སྡོང་དམར་པོ།


 སྙིང་སྡུག


 ཚུར་གསོན་དང་།


 མདང་སུམ་རྨི་ལམ་ཐག་དྲུད་མ་ཞིག་བྱང་ཆུབ་ལོ་མའི་འདབ་མར་འཁྱུད།


 ཁ་བའི་གྲོང་གི་ཁ་བ་ཁོ་ན་རྨི་ལམ་ཞིང་གི་མགྲོན་པོར་ཕེབས།


 ལོ་མས་ཁ་ནས་ཨུཏྤལ་ལྡང་དེ་ནུབ་ཀྱི་ཕྱོགས་ནས་ཐོན།


 ཁ་བས་ལག་ནས་སྒྲ་སྙན་འཁྲོལ་གྱིན་ལྷོ་ཡི་མཚམས་ནས་བྱོན།


 ལྷོ་ནུབ་བར་ནས་ལོ་མ་དགོད་ཅིང་ཁ་བ་འཛུམ།


 སྙིང་སྡུག


 ཕར་གཟིགས་དང་།


 གཡུ་སྡོང་མགོ་ལ་གསེར་བྱ་བབས་པ་རྨི་ལམ་མ་ཡིན་མངོན་སུམ་ལགས།


 གཡུ་ཡི་ལོ་མ་གཡུ་ཡི་མཚོ་མོར་བསྐྱོམས་ཤིང་བསྐྱོམས་པ་མཐོང་བྱུང་ངམ།


 ལོ་མའི་དྲན་པ་བདག་མེད་བཞིན་དུ་མཚོ་མོའི་ལྷུམས་སུ་ཞུགས་ཀྱང་ལྟུངས།


 སྙིང་སྡུག


 ཁ་བ་སྒྲོལ་མའི་མིང་ཡིག་བཞི་པོས་ཨ་སྔོན་དབྱིངས་ནས་དར་ཞིག་འཐག


 མི་ཡི་རྒྱལ་སྲས་ཁྱོད་རང་གསེར་ནག་ཁྲི་ལ་བཞུགས་པར་ཤོག


 ༣ བྱང་ཆུབ་གཡུ་ཡི་ལོ་མ།


 སྙིང་སྡུག


 ཧ་ཅང་ལྷིང་འཇགས་ལྷིང་འཇགས་ཀྱི་གནས་ཤིག་ནས།


 ད་གཟོད་སྙིང་སྡུག་ཅེས་པའི་མིང་ཡིག་འདི་སེམས་སྣེར་བརྒྱུ་ཆོག


 དྲན་ཆོག་པ་གང་ཞིག་སྙིང་སྡུག་ཡིན།


 གླེང་འདོད་པ་གང་ཞིག་སྙིང་སྡུག་ཡིན།


 སྙིང་སྡུག


 ལྡོམ་ལོབས་སུ་སོང་བའི་སེམས་པ་འདི་ཁྱོད་ཁོ་ནར་འཁྲེང་ཡོད།


 བྲང་ཁོག་ན་དྲག་ཏུ་ལྡིང་བའི་སྙིང་གསོན་པོ་འདི་ཁྱོད་ལ་སྟོན་སྙིང་ཆེ།


 རུས་ཀོག་གི་ལྷན་པ་འདི་བཀོག་ཏེ།


 ཤ་ཁྲག་གི་བཙན་རྫོང་འདི་གཏོར་ནས།


 ཁ་བའི་མེ་ཏོག་ཅིག་གིས་ཁྱོད་ལ་གནས་ཚང་དྲོན་མོ་ཞིག་བཅའ།


 གནས་དེ་རུ།


 ངས་ཁྱོད་ལ་བྱང་ཆུབ་ལོ་མའི་བརྩེ་དུང་བཤད།


 མི་ཡུལ་གྱི་ཁ་བ་དཀར་པོའི་སྒྱུ་འཕྲུལ་གླེང་།


 ཁ་བའི་གྲོང་གི་ཨ་མས་ལྷ་སྒྲོལ་མ་རྨི་ལམ་དུ་རྨིས་ཚུལ་ལབ།


 སྙིང་སྡུག


 མི་སྒྲོལ་མའི་དབུགས་ཀྱི་རྒྱུན་ཐག་ལ་པདྨ་རཱ་ཀ་ཞིག་བརྒྱུས་ཡོད།


 དེ་ནི་ཁྱེད་ཀྱི་དུས་གསུམ་གྱི་སྲུང་མ་ཡིན།


 ལྷ་སྒྲོལ་མས་ཐུགས་སུ་གཟུང་ངེས།


 སྙིང་སྡུག


 འཁོར་བ་ག་ཙམ་གྱིས་ཨུ་ཚུགས་ཆེ་ན།


 སྒྲོལ་མའི་ནང་སེམས་དེ་ཙམ་གྱིས་བརྟན་ཀྱུག་གེར།


 མི་ཡི་ཡུལ་འདིར་སྒྲོལ་མའི་དར་ལྕོག་ཁ་གང་འཐེན་པ་དེ།


 མི་ཡི་འཇིག་རྟེན་འདིར་ཁྱོད་ཁོ་ནའི་དོན་དུའོ།།


རྩོམ་ཡིག་སྔོན་མ།
ཆང་རྐྱལ།
རྩོམ་ཡིག་རྗེས་མ།
འཇིག་རྟེན་གྱི་བག་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1