རྒྱང་རིང།

གཡེ་རུས་རྐང་། (རྔ་བ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-14


རྒྱང་ལ་ཤོར་འགྲོ་བ་ནི།


དུས་ཚོད་ཀྱིས་རྨས་པའི་ལོ་ཟླ་དག་མ་རེད།


སེམས་པའི་རྙི་ནས་བོར་སོང་བའི།


ལན་ཆགས་ཀྱི་གྲིབ་མ་དག་ཀྱང་ག་ལ་ཡིན།


མཚན་མོ་རེ་རེར།


སྔར་བཞིན་ལྷིང་འཇགས་ཀྱིས་སིམ་ན་ཡང་།


ད་དུང་ཅི་ཞིག་ལ།


སེམས་ཀྱི་གཏིང་ཞིག་ནས་འཚུབ་ཆ་ཞིག་ལངས་འོང་།


ལོ་ཟླ་དུས་ཀྱིས་བསྲེགས་པ་ནི།


སེམས་ཀྱིས་ཟིན་ཐབས་བྲལ་ན་ཡང་།


ངའི་མིག་མདུན་ན་ལྷག་པའི་དངོས་པོ་དག


རླུང་འཚུབ་དྲག་པོ་ཞིག་ལྡང་བ་བཞིན།


གཅིག་རྗེས་གཉིས་མཐུད་དུ།


རེ་རེ་བཞིན་གང་ཞིག་ཏུ་ཁྱེར་སོང་།


དོན་དམ་དུ།


ང་ཚོ་ལའང་རྒྱང་རིང་ཞེས་པའི།


ཕྱིར་ལྡོག་དཀའ་བའི་གྲུ་ལོག་ཅིག་ཡོད་དམ།


ཅིའི་ཕྱིར།   གནས་དེར་ང་ཚོ་ཁེར་རྐྱང་དུ་འགྲོ་དགོས་པ་རེད།


འཁོར་བའི་འདུ་ལོང་།


སྐབས་རེར།   ལྷིང་འཇགས་ནི་བདེ་སྐྱིད་ཅིག་ཏུ་སྒོམ་ཆོག་ན་ཡང་།


བདེ་སྐྱིད་དེ་ནི་ཆེས་ཡུན་ཐུང་ཙམ་ཞིག་སྟེ།


ཧ་ཅང་འགྲོས་མྱུར་བའི་དུས་ཚོད་ཀྱི་བཞུད་སྟངས་ཤིག་རེད།


ང་ཚོས་རང་རང་གི་ལུས་ཕུང་འདིས་ཅི་ཡང་ཐེག་མི་ནུས་ན་ཡང་།


སྐྱོ་གདུང་གི་མུན་པ་རིགས་ཤིག་དྲན་པའི་སྣེ་རུ་བསྣོལ་ཡོང་བ།


སེམས་པས་མ་ཐེག་པར།


འགའ་ཤས་ཀྱིས་སྐྱོ་བའི་མིག་ཆུ་མཚམས་མེད་དུ་གཏོང་གིན།


རང་རང་གི་གྲིབ་མའི་གམ་དུ།


སྡུག་བསྔལ་མ་ལུས་ཡོངས་སུ་བསྐུངས་འདུག


ཉི་མ་ཚ་མོ་མགོ་ཐོག་ནས་འོད་ལམ་ལམ་དུ་འཕྲོས།


མྱི་ངན་གྱི་གདུང་བ་འཕྱུར་བའི་ཁ་དོག་ནག་པོ་དག


མིག་ལམ་དུ་ཡང་ནས་བསྐྱར་དུ་ངོམ།


འཁྱག་སྣང་ཞིག་བསྐྱེད་ཡོང་བའི་བསིལ་རླུང་ཕྲན་བུ་དེ་ཡང་།


སེམས་པའི་ཕྱི་ནང་མེད་པར་ལྷག་མེད་དུ་ལྡང་།


དུས་ཚོད་ཀྱི་ཐ་གུ་སོ་སོའི་སེམས་སུ་འཐེན་ཡོད་ནའང་།


རྨོངས་བའི་གཟེབ་ནང་ནས་མགོ་འཁོར་སྟེ།


ཆེས་མུན་ནག་དང་ཐག་ཉེ་བའི་ང་ཚོས།


གཏོས་ཆེ་བའི་ལེ་ལོའི་ཁུར་བོ་ལྕི་མོ་དག


ཚེ་གང་བོར་རྒྱབ་ནས་ཐང་ཙམ་ལའང་གཡུགས་མ་ཐུབ།


གློ་བུར་དུ་ངག་གི་རྒྱུན་ཐག་ཆད་སོང་བ།


དེ་རིང་ཁོ་ན་མ་རེད།


ང་ཚོ་་ཡིས།


རང་ཉིད་སུ་ཞིག་ཡིན་པའང་འགྲེལ་བཤད་ཤེས་ཀྱིན་མི་འདུག


འགྱུར་ལྡོག་ཆེ་བའི་སེམས་པ་ལ་ཡང་།


ད་ནི་སོ་སོས་གཟབ་ནན་གྱིས་སེམས་ཆུང་དགོས་འདུག


རང་གིས་སེམས་པ་འདིས་ཀྱང་རང་ཉིད་བསླུས་པ་གྲངས་མེད།


རྩོམ་ཡིག་སྔོན་མ།
འཇིག་རྟེན་གྱི་བག་མ།
རྩོམ་ཡིག་རྗེས་མ།
2022ལོའི་དེབ་བཞི་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1