༄༅། །ཚ་བ་མདའ་སྨྱུག་ལ་ལན་དུ་བརྗོད་པ་རྨོངས་མུན་སེལ་བའི་ཉིན་བྱེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17


            ཕར་ཕྱིན་གཞུང་གི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རྒྱས་སྤྲོས་ཅན་དེ་དག་ཐེག་ཆེན་གྱི་མདོ་སྡེ་རྣམས་ལ་བརྟེན་ནས་མཛད་པ་ཡིན་ཡང་ཐེག་ཆེན་གྱི་སྡེ་སྣོད་ཚད་མར་འོས་མིན་ནི་ཤིན་ཏུ་ཐེ་ཚོམ་གྱི་གནས་སུ་ལྷུང་ཡོད་དེ། དེ་ཡང་སངས་རྒྱས་ཀྱི་གྲུབ་མཐའ་གོང་འོག་ཀུན་ལ་རྩོད་པ་མེད་པའི་རྒྱལ་བའི་བཀའ་ནི་ཉན་ཐོས་ཀྱི་སྡེ་སྣོད་གསུམ་པོ་སྟེ་དེང་སང་ཡོངས་གྲགས་སུ་ཐེག་དམན་གྱི་མདོ་སྡེར་འབོད་པ་འདི་དག་ཙམ་ཡིན།   འདི་དག་གི་ཁྲོད་དུ་སྐྱེས་པའི་རབས་དང་སྔོན་གྱི་བྱུང་བ་སོགས་ལ་སྒྲུང་གཏམ་གྱི་སླད་གཏན་ནས་མེད་པ་མིན་ཡང་།    གཞི་རྩའི་ཆ་ནས་སྟོན་པ་ཉིད་ཀྱི་སྐུ་ཚེ་ལོ་རྒྱུས་དང་མཛད་པ་འཕྲིན་ལས་སོགས་དངོས་ཡོད་དང་ཐག་ཉེ་བོ་ཞིག་འཁོད་ཡོད།  སྟོན་པ་ཉིད་ཞལ་བཞུགས་པའི་དུས་ཀྱི་སློབ་མའི་གཙོ་བོ་མཆོག་ཟུང་དང་།ཉན་ཐོས་འོད་སྲུང་ཆེན་པོ་སོགས་དང་།  མྱ་ངན་ལས་འདས་ནས་བསྟན་པའི་གཏད་རབས་བདུན་ལ་སོགས་པས་བསྟན་པ་སྐྱོང་བའི་སྐབས་སུ་ཡང་ཐེག་ཆེན་གྱི་གྲགས་འགུལ་ཅི་ཡང་མེད།  དེ་ལྟ་བའི་ངང་ནས་མི་ལོ་བརྒྱ་ཕྲག་མང་པོ་ཞིག་སོང་བའི་རྗེས་སུ་གཞི་ནས་སྔོན་གྱི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་ཀྱི་གསུང་རབ་རྣམས་འདོན་པ་ཅུང་ཟད་མི་འདྲ་བ་ཁ་ཅིག་གིས་འདོན་ཞིང་།   འདས་རྗེས་ཀྱི་ལོ་ཆིག་སྟོང་ལ་ཉེ་བའི་སྐབས་སུ་ད་བཟོད་ཀླུ་ཐོགས་གཉིས་སོགས་བརྒྱུད་ནས་ཤིན་ཏུ་མི་འདྲ་བའི་ཆོས་སྐད་རླབས་པོ་ཆེ་དག་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པ་རེད།དེ་དག་གི་ཁུངས་དང་བརྒྱུད་པ་གང་ཡིན་དྲིས་པ་ན།ཀླུ་སྒྲུབ་ཀྱིས་ཁོ་རང་ས་འོག་ཏུ་འཛུལ་ནས་ཡར་ལ་དྲངས་པ་ཡིན་ཚུལ་དང་།ཐོགས་མེད་ཀྱིས་ཁོ་རང་ནམ་མཁའ་ལ་འཛེགས་ནས་མར་ཕབ་པ་ཡིན་ཚུལ་སོགས་གསུངས་བ་མ་གཏོགས་འཇིག་རྟེན་མི་ཡུལ་འདིར་མཛུབ་མོ་འཛུགས་ས་གཅིག་ཀྱང་རེག་མེད་པ་རེད།  ཁོང་རྣམ་པ་གཉིས་བསྟན་པའི་ཤིང་རྟ་རྣམ་གཉིས་སུ་བགྲངས་བའི་རྒྱུ་མཚན་ཡང་དྲངས་མོར་ཞུས་ན་ཁུངས་ལུང་མེད་པའི་གྲུབ་མཐའ་མི་འདྲ་བ་གཉིས་གསར་དུ་སྤེལ་མཁན་ཡིན་པ་ལ་ཐུག་ཡོད་ཅེས་ཟེར།  ཁྱེད་ཀྱིས་གསུངས་པ་འདི་དག་གནའ་རབས་ཀྱི་ལོ་རྒྱུས་ལས་འགོང་པའི་དེང་རབས་ཀྱི་བཤད་སྲོལ་ངོ་མཚར་ཅན་ཞིག་ཡིན་ན་མི་ཤེས་མོད་ཁོ་བོས་ནི་བདེན་པར་མི་འཛིན་ཏེ།སངས་རྒྱས་སྐུ་བཞུགས་དུས་ནས་འདས་རྗེས་ཀྱི་དུས་ཇི་སྲིད་བར་དགེ་འདུན་འདུ་བའི་གནས་གཙུག་ལག་ཁང་ངམ་ཀུན་དགའ་ར་བ་དག་གམ་རབ་ཏུ་བྱུང་བའི་ནང་དུ་ཐེག་ཆེན་གྱི་གྲགས་འགུལ་མེད་པ་བདེན་མོད་དེ་ཙམ་གྱིས་དུས་དེ་སྲིད་ དུ་ཐེག་ཆེན་གྱི་བསྟན་པ་ཡེ་མེད་ཅེས་སྨྲ་ག་ལ་ཐུབ་སྟེ། ཡུལ་དབུས་ལས་གཞན་མཐའ་འཁོབ་བམ་ཀླུ་དང་སྲིན་པོའི་ཡུལ་དུ་གྲགས་པ་རྣམས་དང་།ཐེག་ཆེན་པའི་རིགས་ཅན་ཁྱིམ་པ་ཕོ་མོའི་ནང་དུ་ཡོང་ཆོག་པའི་ཕྱིར་ཏེ།  སྔོན་བོད་ཀྱི་ཆོས་གྲྭ་དང་གྲྭ་ས་ཁག་ཅིག་གི་ནང་གསང་སྔགས་ཀྱི་ཉམས་བཞེས་མེད་མོད་ཕྱི་ལོག་ཏུ་དེ་ཡོད་པ་མི་ཁེགས་པ་བཞིན་ནོ། །སྐབས་དེ་དུས་ཀྱི་ཀླུ་དང་སྲིན་པོའི་ཡུལ་དུ་གྲགས་པ་ཁག་ཅིག་ནི་ཡུལ་དབུས་ལ་ལྟོས་པའི་མཐའ་ཡི་ཡུལ་ཕྲན་ཁག་ཅིག་ལ་མིང་དེ་སྐད་དུ་གྲགས་ཚོད་དུ་འདུག་པས་ཀླུ་སྲིན་རང་རྒྱུད་པར་མི་བཟུང་སྟེ།  ཀླུ་ཡི་ཡུལ་དུ་གྲགས་པ་གྲོང་ཁྱེར་སྒྲ་སྒྲོགས་སམ་ལངྐའི་ཡུལ་དེའང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་ལ་ནི་རྩོད་པ་མེད་ཅིང་།   དེའང་ད་ལྟ་ཀར་ན་ཊ་ཀ་མངའ་སྡེའི་ཁོངས་གཏོགས་མེ་སོར་ཞེས་པའི་ཡུལ་ཕྱོགས་དེ་རང་དུ་གོ་དགོས་པ་འདྲ་སྟེ།

          སྡོམ་འགྲེལ་དཔག་བསམ་སྙེ་མ་ལས།དམ་པའི་རིགས་ཅན་དྲྭ་མ་ལྔ་ལངྐའི་ཡུལ་གྱི་རི་བོ་མ་ལ་ཡའི་རྩེར་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་འདུས་སྟེ།ཞེས་མ་ལ་ཡ་གང་དུ་ཡོད་པའི་གནས་དེར་ལངྐའི་ཡུལ་དུ་གསུངས་ཤིང་།རི་བོ་མ་ལ་ཡ་ནི་དེང་སྐབས་བྷེ་ལོ་གོ་པེ་ཞེས་འབོད་པ་བོད་པའི་གཞིས་ཆགས་དང་སེ་ར་དགོན་པ་ཡོད་སའི་གནས་དེ་ནས་ཤར་ཕྱོགས་སུ་དཔག་ཚད་གཅིག་ཙམ་གྱི་སར་རྫ་སྤང་འདྲེས་མའི་རི་བོ་འབྲིང་པོ་ཞིག་ཡོད་པ་དེ་ལ་ངོས་འཛིན་བཞིན་འདུག་པས་སོ།།ཤེས་བྱ་མཛོད་འགྲེལ་ལས་ཀྱང་།ཨ་ནུ་ཡོ་གའི་རྒྱུད་རྣམས་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་དུ་གླེག་བམ་དང་བཅས་ཏེ་དངོས་སུ་བབས་ཞེས་འབྱུང་།  དམ་པའི་རིགས་ཅན་དྲྭ་མ་ལྔ་ནི་ལྷ་གྲགས་ལྡན་ཆོས་སྐྱོང།  ཀླུ་རྒྱལ་དགའ་བོ།  གནོད་སྦྱིན་སྐར་མདའ་གདོང་།  སྲིན་པོ་བློ་གྲོས་ཐབས་ལྡན། ལི་ཙྭ་བི་དྲི་མེད་གྲགས་པ་རྣམས་སོ།། 

         ཡང་མང་པོ་ཞིག་གིས་མ་ལ་ཡ་ནི་ཤྲི་ལངྐར་ཡོད་པའི་རི་བོ་མཐོན་པོ་མདོག་དབྱིབས་གཉིས་ཆ་ ནས་སྙིང་གཟུགས་སུ་གནས་པའི་ངོ་མཚར་ཅན་དེ་ལ་ངོས་འཛིན་ཅིང་གཙུག་ལག་ཕྲེང་བས་ཀྱང་དེ་ལྟར་བཞེད་པར་གྲགས།  སྤྲེལ་རྒྱལ་ཧ་ནུ་མན་ཐས་རྒྱ་མཚོ་ལ་ཟམ་བཙུགས་ནས་སྤྲེལ་དམག་དྲངས་བའི་རིག་བྱེད་ཀྱི་གཏམ་རྒྱུད་ཀྱང་ཡོད།    ཤེས་བྱ་མཛོད་ཀྱི་གསུང་ཡང་དེ་དང་མཐུན།       ཡང་ན་མཁས་དབང་དགེ་ཆོས་ཀྱིས་སྙན་ངག་ལས་གསུངས་པའི་མ་ལ་ཡ་ནི་རྒྱ་གར་ལྷོ་ཕྱོགས་ན་ཡོད་ཅིང་དེ་ཡང་དཔལ་གྱི་རིའི་དོན་ཡིན་གསུངས་པ་ལྟར་ན་མགོན་པོ་ཀླུའི་སྒྲུབ་གནས་ཀྱི་དཔལ་གྱི་རི་དེ་མིན་ནམ་སྙམ་ཞིང་དེ་ལྟར་ན་ལངྐའི་ཡུལ་ཡང་ཛ་གད་ན་ཐ་ཞེས་པའི་ཁུལ་དེར་གོ་ཆོག་པས་ངེད་ཀྱི་ཞེ་འདོད་དང་ལྷག་པར་ཉེ་བ་ཙམ་དུ་མ་ཟད་གནས་དེར་དེང་སང་ཡང་ཀླུ་ཡུལ་ཞེས་འབོད་པར་ཐོས་སོ།། འདི་ནི་བདག་ལ་མཚོན་ན་ཅུང་ངོ་མཚར་བའི་བདེན་དཔང་ཞིག་ཏུའང་བརྩི་ཆོག་པ་འདྲ་སྟེ་དཔྱད་བརྗོད་འདི་བྲིས་ཟིན་རྗེས་གཞི་ནས་གཏམ་དེ་གྲོགས་པོ་ཞིག་གི་ངག་ལས་ཐོས་པས་སོ། །གང་ལྟར་ཡང་ཁོ་བོ་ལ་མི་འགལ་བ་ནི།དེ་འདྲའི་རི་གླིང་གཉིས་པོ་རྒྱ་གར་ལྷོ་ཡི་ཕྱོགས་སུ་ཡོད་པ་ནི་སུ་ལ་ཡང་རྩོད་པ་མེད་ཅིང་ཕྱོགས་དེར་ལངྐའི་མིང་ཅན་གྱི་གནས་བརྒྱད་ཡོད་པར་གྲགས་པ་ལས་གང་ཞིག་སྒྲ་སྒྲོགས་ཀྱི་གནས་ཡིན་ཀྱང་ཁོ་བོའི་འདོད་པ་གྲུབ་ཅིང་དེ་ལྟའི་རི་བོ་རྣམས་དང་ཡང་མི་རིང་བས་སོ།  །དེས་ན་ཀླུ་དགའ་བོ་ནི་ཡུལ་དེ་གའི་མི་རང་དང་། སྲིན་པོ་བློ་གྲོས་ཐབས་ལྡན་ཀྱང་ཉེ་བའི་ཡུལ་གྱི་མི་ཞིག་སྟེ། གྲུབ་མཐའ་མཛོད་ལས། ཀ་ལིངྐའི་སྲིན་པོའི་རྒྱ་པོས་མཆོད་ཅིང་ཅེས་ཀ་ལིངྐ་ནི་སྲིན་ཡུལ་དུ་ངོས་བཟུང་ཞིང་དེ་ཡང་ལྷོ་ཕྱོགས་རང་ན་ཡོད་པ་སྟེ། དུང་དཀར་ཚིགས་མཛོད་ལས། ཀ་ལིངྐ་ནི་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ལ་ཊྲྀ་ལིངྐ་ལ་སོགས་པའི་ལིངྒའི་མིང་ཅན་བརྒྱད་ཙམ་ཡོད་པའི་གཅིག་ཡིན་ཞེས་དང་།མཁས་དབང་དགེ་ཆོས་ཀྱིས་མཛད་པའི་རྒྱ་གར་གནས་ཡིག་ལས་ཀྱང་།ཀ་ལི་ཀ་ཏཱ་ནས་མེ་ལྡིར་ས་ལ་འགྲོ་བའི་མེ་འཁོར་ནང་ཞུགས་ཏེ་ཕྱིན་ན་ཐོག་མར་ཨོ་རི་ས་ལ་སླེབས།ཡུལ་དེ་ནི་ཨོ་ཊཱ་བི་ཤའམ་ཀ་ལིངྐའི་ཡུལ་ཏེ།  སྔོན་དུས་ནང་བསྟན་གསང་སྔགས་དར་བའི་གནས་ཡིན་པ་དང་།ད་ལྟ་ཡང་གསང་སྔགས་ཉམས་སུ་ལེན་པ་མང་པོ་ཡོད།ཡུལ་དེ་རྒྱ་གར་རྒྱ་མཚོའི་འགྲམ་དང་ཉེ་བ་ན་ཛ་གད་ན་ཐ་ཟེར་བའི་ཁྱབ་འཇུག་གི་ལྷ་ཁང་ངོ་མཚར་ཅན་དེ་ཡོད་ཅེས་གསུངས།    ལིངྐའི་ཡུལ་ལ་སྐབས་དེར་ཀླུ་ཡུལ་དུ་འབོད་པའང་།  སྡོམ་འགྲེལ་ལས།ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་གནས་ཞེས་གསུངས་ཤིང་།  དེ་ཉིད་སྐབས་དེར་ཀླུ་རྒྱལ་གྱི་བསྟི་གནས་སུ་གྱུར་བའང་།  འདུལ་བ་ལུང་ལས།  སྐྱེས་མཆོག་དེ་ཡི་མཆེ་བ་བཞི་བ་ནི།  གྲོངས་ ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་བོར་མཆོད།  ཅེས་འབྱུང་།  དེས་ལས་དཔག་ན་ལྷ་དང་དྲི་ཟ་གནོད་སྤྱིན་ཞེས་པ་དག་ཀྱང་དེ་འདྲའི་ལུང་ཚན་བྱེ་བྲག་པ་རེ་ལ་ཟེར་བཞིན་ཡོད་པ་ཅིས་མི་ཤེས།  དེས་ན་ཐུབ་པས་ཀྱང་།བདེན་བཞིའི་ཆོས་འཁོར་གཙོ་བོར་ཡུལ་དབུས་མ་ག་ངྷ་པ་རྣམས་དང་།འཁོར་ལོ་ཕྱི་མ་གཉིས་ནི་གཙོ་ཆེར་ལྷ་ཀླུ་གནོད་སྤྱིན་དྲི་ཟའི་ཡུལ་དུ་གྲགས་པའི་མཐའི་ཡུལ་ཕྲན་ཁག་ནས་འབྱོར་བ་རྣམས་ལ་གསུངས་ཞིང་།   དེ་དག་གིས་ཀྱང་སོ་སོའི་ཡུལ་དུ་ཁྱེར་ནས་བཞུགས་པ།   ཕྱིས་བྱམས་འཇམ་དབྱངས་དང་སྤྱན་རས་གཟིགས་རྣམས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷི་མ་སམ་བྷ་ཞེས་བྱ་བའི་རི་ལ་བཀའ་ཡི་བསྡུ་བ་བྱས་པ་བཞིན།ཐེག་པ་ཆེན་པོའི་སྡེ་སྣོད་ཕལ་ཆེ་བ་ཀླུ་ཡི་ཡུལ་ཞེས་གྲགས་པ་ལྷོ་ཕྱོགས་སུ་བཞུགས་པ། མགོན་པོ་ཀླུ་ཡི་འཁྲུངས་ཡུལ་ཡང་རྒྱ་གར་ལྷོ་ཕྱོགས་ཡིན་པ་བཅས་རྒྱུ་དང་རྐྱེན་གང་ལ་བལྟས་ཀྱང་ཡུམ་འབུམ་པ་ཡང་མགོན་པོ་ཀླུས་ལྷོ་ཕྱོགས་ཀླུ་ཡུལ་ཞེས་མིང་དུ་ཆགས་པའི་ལུང་ཚན་ཞིག་ནས་གདན་དྲངས་ཡོང་བ་གདོན་མི་ཟའོ། །

            ཐེག་ཆེན་གསར་དུ་དར་ཞེས་པའང་གཙོ་ཆེར་དགོན་སྡེ་ཁག་ཏུ་དར་བ་ལ་བྱ་ཞིང་།  དེའང་སྟོན་པ་ཞལ་བཞུགས་སྐབས་ཐེག་པ་ཆེན་པོའི་ཆོས་རྣམས་རབ་བྱུང་གི་སྡེ་དང་དེ་ཙམ་འཚམ་པར་མ་གཟིགས་པས་ཐུན་མོང་དགེ་འདུན་པའི་སྡེར་ལྟ་ཅི་གཙུག་ལག་ཁང་དག་ཏུ་ཡང་མ་བསྟན་པར།  བྱ་རྒོད་ཕུང་བོའི་རི་རྩེར་ས་ཆ་ཁུག་ཀྱོག་ཞིག་ཏུ་ཕེབས་ནས་རང་གི་ཐུན་མོང་མིན་པའི་འཁོར་རྣམས་ལ་ལྐོག་ཆོས་ཀྱི་ཚུལ་དུ་བརྩལ་བ་ལས།   ཐེག་ཆེན་གྱི་སྡེ་སྣོད་ལ་གནས་གཞི་བྱེ་བྲག་པ་ཞིག་མ་བྱུང་བ་ལས་ཕྱིས་ཡུལ་ཨངྷར་འཁྲུངས་པའི་གནས་བསྟན་དགྲ་བཅོམ་པ་དགའ་བོ་ཞེས་བྱ་བ་ཐེག་པ་ཆེན་པོ་ཐོག་མར་འཛིན་པ་ཞིག་བྱུང་བའི་ཚེ་བཙུན་པ་ཆེན་པོ་ཨབྷི་ཏརྐ་དང་།བི་ག་ཏཱ་ར་ག་ངྷ་དང་རྭ་ཧུལ་མི་ཏྲ།ཛྙཱ་ན་ཏྲ་ལ་སོགས་པ་བྱམས་པ་དང་འཇམ་དབྱངས་སོགས་ལས་དངོས་སུ་ཆོས་གསན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་ལྔ་བརྒྱ་ཙམ་བྱུང་ཞིང་རྒྱལ་པོ་ལཀྴི་ཨ་ཤོས་གཙུག་ལག་ཁང་དང་སློབ་མ་ཕུལ།    སྡེ་སྣོད་རྣམས་གླེག་བམ་དུ་བྲིས་ཏེ་འཆད་ཉན་བཙུགས་ཞེས་འབྱུང་བ་ལ་བལྟས་ཀྱང་ཐོག་མར་འཛིན་པ་ཞེས་པའང་སྤྱིར་བཏང་མིན་པར་དགེ་འདུན་གྱི་སྡེ་ལ་གོ་དགོས་པ་དང་གསར་དུ་དར་ཞེས་པའང་དེ་འདྲའི་གཙུག་ལག་ཁང་ཞིག་གི་ནང་དུ་སྡེ་སྣོད་རྣམས་བཞུགས་སུ་གསོལ་ཞིང་འཆད་ཉན་གྱི་སྡེ་དམིགས་སུ་བྱུང་ལ་དོན་གྱིས་ཐོབ་བོ། །

           དེ་ལྟར་ཡང་རྒྱ་གར་ཆོས་འབྱུང་ལས།ནཱ་ལནྡཱ་ནི་སྔོན་འཕགས་པ་ཤཱ་རིིའི་བུ་འཁྲུངས་པའི་ཡུལ་དང་།མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ།   བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། འཔགས་པ་ཤཱ་རིིའི་བུའི་མཆོད་རྟེན་ཞིག་ཡོད་པ་ལ་རྒྱལ་བོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ།།དེ་ནས་ཕྱིས་ཐེག་ཆེན་གྱི་དང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ།  གང་དུ་འཕག ས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི།  ཐེག་པ་ཆེན་པོ་བ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་དང་། གལ་ཏེ་མོོངྒལ་བུའི་གནས་སུ་བསྟན་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་གྱི། ཆོས་འཕེལ་བ་ཁོ་ན་མ་ཡིན་པའི་མཚན་མ་གཟིགས་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ།དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ།  །དེ་ལྟར་ནཱ་ལཎྡཱའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་གཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང་།   མཐོ་བཙུན་སྐུ་མཆེད།   རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ།ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ།ཞེས་འབྱུང་།།དེ་ཙ་ན་གྲུབ་པ་ཡོངས་ཀྱི་སྤྱི་མེས་སྒྲ་གཅན་འཛིན་བཟང་པོ་བཙུན་པ་ནག་པོ་བྱ་བ་ཞིག་ལས་བསྙེན་པར་རྫོགས།   རྣམ་པར་མི་རྟོག་པ་སོགས་སློབ་དཔོན་མང་པོ་དང་གསང་བའི་བདག་པོ་སོགས་ལྷག་པའི་ལྷ་མང་པོ་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྒྱ་མཚོ་ལྟ་བུ་གསན་ནས་ན་ལེན་ཏྲར་ཆོས་བསྟན་ཏེ་ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་ཡོངས་སུ་གསལ་བར་མཛད།    འདི་སྐབས་ཙམ་ན་བཙུན་པ་ཀ་མ་ལ་གརྦྷ་སོགས་དབུ་མའི་སྲོལ་འཛིན་པའི་སློབ་དཔོན་བརྒྱད་ཙམ་བྱུང་བ་ལས་བཙུན་པ་ཆེན་པོ་པྲ་ཀ་ཤ་ངྷརྨ་ནི་ཞེས་བྱ་བ་འཕགས་པ་སྒྲིབ་སེལ་ལས་དངོས་སུ་ཆོས་ནོད་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་དེས་ས་འོག་གི་འཇིག་རྟེན་ནས་འདུས་པ་ཆེན་པོ་སྟོང་ཕྲག་བརྒྱ་པ་ལེའུ་སྟོང་ཡོད་པ་སྤྱན་དྲངས་སོ།  །ཞེས་གསུངས་པས། ཁྱེད་ཀྱིས་དེ་ལྟ་བུའི་ངང་ནས་མི་ལོ་བརྒྱ་ཕྲག་མང་པོ་སོང་བ་ན་གཞི་ནས་སྔོན་གྱི་སེམས་ཙམ་པའི་སློབ་དཔོན་ལྔ་བརྒྱ་སོགས་ཀྱིས་གསུང་རབ་རྣམས་ཅུང་འདོན་པ་མི་འདྲ་བ་ཁ་ཅིག་གིས་འདོན་ཞིང་།  འདས་རྗེས་ཀྱི་ལོ་ཆིག་སྟོང་ལ་ཉེ་བའི་སྐབས་སུ་ད་བཟོད་ཀླུ་ཐོགས་གཉིས་སོགས་བརྒྱུད་ནས་ཤིན་ཏུ་མི་འདྲ་བའི་ཆོས་སྐད་རླབས་པོ་ཆེ་དག་ས་ཁྱབ་རྡོ་ཁྱབ་གྱུར་པ་རེད།  དེ་དག་གི་ཁུངས་དང་བརྒྱུད་པ་གང་ཡིན་དྲིས་པ་ན།  ཀླུ་ སྒྲུབ་ཀྱིས་ཁོ་རང་ས་འོག་ཏུ་འཛུལ་ནས་ཡར་དྲངས་པ་ཡིན་ཚུལ་དང་། ཐོགས་མེད་ཀྱིས་ཁོ་རང་ནམ་མཁའ་ལ་འཛེགས་ནས་མར་ཕབ་པ་ཡིན་ཚུལ་གསུངས་པ་མ་གཏོགས་འཇིག་རྟེན་མི་ ཡུལ་འདིར་མཛུབ་མོ་འཛུགས་ས་གཅིག་ཀྱང་རེག་མེད་ཅེས་པ་ནི་རྫུན་ཚིག་ས་གཞིས་མི་ཐེག་པ་ཞིག་རེད་མི་འདུག་གམ།      ཀླུ་ ཡུལ་དུ་ཕེབས་ནས་ཡུམ་འབུམ་པ་ཙམ་མ་ཟད་ཀླུ་ཡི་འདམ་དང་ཙན་དན་གྱི་ཚོགས་བསྣམས་ནས་ཕེབས་ཞེས་པ་ལ་བལྟས་ཀྱང་དེ་འདྲའི་ཀླུ་ཡུལ་ནི་ལྷོ་ཕྱོགས་ཡིན་པ་ཤེས་སྟེ་རྒྱ་གར་ལྷོ་ཕྱོགས་ནི་དེང་སང་ཡང་ཙནྡན་གྱི་ཕ་ས་ལྟ་བུ་དང་། རྒྱ་མཚོའི་འགྲམ་ཡིན་པ་སོགས་ཀྱིས་གནས་དེར་ཀླུ་ཡི་ཡུལ་ཞེས་གྲགས་པར་སྣང་ངོ་།།ས་འོག་ནས་གདན་དྲངས་ཟེར་བ་སོགས་ནིི་དངོས་དོན་ལ་སྒྲོ་བཏགས་ཀྱི་ལྷད་བཅུག་པའམ། བྱང་དང་ཡུལ་དབུས་ལ་ལྟོས་ན་ལྷོ་ཕྱོགས་རྒྱ་མཚོའི་ཉེ་འགྲམ་དེ་ས་བབས་ཁད་དམའ་བའི་དབང་གིས་ས་འོག་གི་འཇིག་རྟེན་ཞེས་བརྗོད་ཀྱང་རྣམ་པ་གཅིག་ཏུ་ན་མི་རུང་བ་མེད་དོ།  །གསངས་སྔགས་ཀྱི་རྒྱུད་སྡེ་རྣམས་ཀྱང་དེ་མཚུངས་ཨིནྟྲ་བྷུ་ཏི་སོགས་ཀྱི་བློ་དང་བསྟུན་ཏེ་གསང་བའི་ཚུལ་གྱིས་གསུང་བ་དེ་དག་གིས་ཀྱང་སོ་སོའི་ཡུལ་དུ་ཁྱེར་ཏེ་ཉམས་སུ་བཞེས་པ་ལས་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་གཙོ་ཆེར་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་བཞུགས།དེས་ན་ཡུལ་དབུས་ཀྱི་སློབ་དཔོན་ཁག་ཅིག་ནི་གནས་དེ་ག་རང་དུ་བཞུགས་པ་ལས་ཕྱི་ཕྱོགས་སུ་འགྲུལ་བཞུད་མ་མཛད་སྟབས་ཐེག་དམན་གྱི་སྡེ་སྣོད་ཙམ་ལས་གཞན་ལ་ཆ་རྒྱུས་མེད་མོད།   ཁག་ཅིག་ནི་གནས་གཅིག་ཏུ་རང་མི་བཞུགས་པར་རྒྱལ་ཁམས་པ་གནང་བའིརྐྱེན་ལས་མཐོང་ཐོས་རྒྱ་ཆེ་ཞིང་རིམ་པས་ཐེག་ཆེན་གྱི་སྡེ་སྣོད་དང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་མཐའ་ཡི་ཡུལ་ཕྲན་ཁག་ནས་བསྣམས་ནས་ཕེབས་པ་ལས་ལྷ་ཀླུ་གནོད་སྦྱིན་སྲིན་པོ་ ལ་སོགས་པའི་ཡུལ་ནས་གདན་དྲངས་སོ་ཞེས་འཇིག་རྟེན་ན་གྲགས་པར་མངོན་ནོ། ། དེ་ལྟ་བས་ན་རྒྱ་ནག་གི་སློབ་དཔོན་ཐང་སེན་སོགས་ཀྱིས་གསང་སྔགས་ཁྱེར་མ་འོངས་པའི་རྒྱུ་མཚན་སོགས་ལའང་གོ་བ་ནམ་ལངས་པ་འདྲ་རེ་འཆར་རྒྱུ་ཅི་ཕྱིར་མེད། སློབ་དཔོན་འཕགས་པ་ལྷའི་རྣམ་ཐར་ལས་ཀྱང་། སིངྒ་ལའི་གླིང་གི་རྒྱལ་པོ་པནྩིའི་ཤྲི་གྃ་ཞེས་བྱ་བ་ཞིག་ལ་སྲས་མཆོག་དང་ལྡན་པ་ཞིག་བྱུང་། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་ལ་ལྷག་པར་མོས་པར་གྱུར་ཏེ་མཁན་པོ་མ་ཧ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ།།སྡེ་སྣོད་གསུམ་པོ་ཐམས་ཅད་ཆུབ་པར་བྱས་པ་ན།ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་པའི་གླིང་དུ་བྱོན།  ཞེས་གསུངས་པས་ཀྱང།  དེ་དུས་འཛམ་བུའི་གླིང་ངམ་མི་ཡུལ་ནི་ཡུལ་དབུས་ཙམ་ལ་གྲགས་པར་མངོན་ནོ། ། འདུལ་བ་ལུང་ལས་ཀྱང་།  སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་འཛམ་བུ་གླིང་པའི་མཆོད་པར་ཐོབ། ། སྐྱེས་མཆོག་དེ་ཡི་བྲེ་བོ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་ཡིད་འོང་གྲོང་ཁྱེར་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །ཅེས་སོགས་འབྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1