དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གིས་བདུད་རྩི་ལྔ་ལུམས་ཀྱི་སྨན་སྦྱོར་ལེགས་བཅོས་གནང་།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 03-18


            དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གིས་བདུད་རྩི་ལྔ་ལུམས་ཀྱི་སྨན་སྦྱོར་ལེགས་བཅོས་གནང་བཞིན་པ།

           དཀར་མཛེས་ཁུལ་བོད་ལུགས་སྨན་ཁང་གི་སྨན་ལུམས་ཚན་ཁག་ནི་2013ལོར་གསར་དུ་བཙུགས་པའི་སྨན་ལུམས་དཔྱད་བཅོས་ཚན་ཁག་ཅིག་ཡིན། ལོ་ངོ་གཅིག་ལྷག་གི་རིང་ལ་མཚོ་སྔོན་དང་བོད་ལྗོངས་ཀྱི་བོད་སྨན་ཆེད་མཁས་པ་དག་ལ་བློ་དྲིས་པ་དང་། བོད་སྨན་ཁང་གི་སྨན་པ་རྒན་རབས་པ་རྣམས་ཀྱིས་མཛུབ་སྟོན་གནང་བ་བརྒྱུད། ནད་ཐོག་ལག་ལེན་དངོས་ཀྱི་ཁྲོད་ནས་བདུད་རྩི་ལྔ་ལུམས་ཀྱི་སྨན་སྣའི་ངོས་འཛིན་དང་སྦྱོར་ཚད། བསྙལ་ལུགས་སྡེབ་སྦྱོར་སོགས་ལ་ལེགས་བཅོས་ཐེངས་མང་བྱས་མཐར། ད་ལྟ་དྲེག་གྲུམ་གྱི་ནད་དང་ཡན་ལག་རེངས་འཁུམ་དུ་གྱུར་བ། རུས་འཛེར་སྐྱེས་པ། རྩ་དཀར་གྱི་ནད། མོ་ནད་རླུང་ཚབས། ཁྱད་པར་རླུང་ནད་རིགས་ཀུན་ལ་ཕན་ནུས་སྔར་ལས་བཟང་ཕྱིར་མང་ཚོགས་ཀྱིས་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད།

            དེ་མཚུངས་སུ་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གསོ་བཅོས་ལས་དུགས་དང་བྱུག་པ། གཏར་ག མེ་བཙའ། དངུལ་ཁབ། མེ་བུམ་སོགས་དཔྱད་བཅོས་སྣ་ཚོགས་ལག་ལེན་བྱས་ཏེ་ནད་པ་རྣམས་ལ་གང་ལ་གང་འཚམ་གྱིས་སྨན་བཅོས་གང་ལེགས་དང་ཞབས་ཞུ་གང་ནུས་བསྒྲུབས་པས་ནད་པ་སྔར་ལས་ཇེ་མང་དང་ནད་བབ་ཇེ་བཟང་དུ་སོང་སྟེ་སྨན་ཁང་གི་མཚན་སྙན་ཡང་ཡུལ་ཕྱོགས་ཀུན་དུ་ཁྱབ། མི་འདོད་ནད་ཀྱིས་གཙེས་པའི་འགྲོ་བ་རྣམས་ནད་རིགས་ཀུན་ལས་གྲོལ་ཏེ་བདེ་ཐང་གི་ལུས་ཁམས་ཤིག་བསྐྲུན་རྒྱུ་ནི་ཁོ་ཚོའི་འཚོལ་སྙེག་དང་འགྱུར་མེད་ཀྱི་དམ་བཅའ་ཡིན་པས་སྨན་བཅོས་ཞབས་ཞུ་གང་ལེགས་བསྒྲུབ་ངེས་ཡིན། །


རྩོམ་ཡིག་རྗེས་མ།
བཅའ་ཁྲིམས་དཔེ་དེབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1