བོད་ལྗོངས་དུ་ལོ་1300སྔོན་གྱི་སློབ་དཔོན་ཐོན་མིའི་བཞུགས་གནས་གསར་རྙེད་བྱུང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-18


        ཉེ་ཆར། སྤྱི་ལོའི་དུས་རབས་7པའི་ནང་དུ་བོད་ཡིག་གསར་གཏོད་མཛད་མཁན་སློབ་དཔོན་ཐོན་མི་སམ་བྷོ་ཊའི་བཞུགས་གནས་རྙིང་བ་སྟེ། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོང་ཐོན་པ་ཡུལ་ཚོའི་ཐོན་པ་སྡེ་བ་ནས་གསར་རྙེད་བྱུང་།

        ཟླ་བ་ཁ་ཤས་ཀྱི་ཡར་སྔོན་དུ། ཐོན་པ་སྡེ་བའི་སྡེ་མི་པདྨ་བསམ་འགྲུབ་ཀྱིས་སྡོད་ཁང་གཙང་སྤྲ་བྱེད་སྐབས། དཀྱིལ་དབུས་ཀྱི་ཁང་མིག་དེའི་གྱང་ལྡེབས་ངོས་སུ་སྦྱར་བའི་ཚགས་པར་ཆ་ཚང་བཀོག་པ་མ་ཟད། སྔོན་ཆད་གྱང་ངོས་སུ་བྱུག་པའི་ཚོན་རྩི་དཀར་པོ་དེའང་གཙང་སེལ་བྱས་རྗེས། ཡ་མཚན་པ་ཞིག་ལ་གྱང་ངོས་སུ་ཚོན་མདོག་སྣ་ལྔའི་ལྡེབས་རིས་ཡོད་པ་གསར་རྙེད་བྱུང་། པདྨ་བསམ་འགྲུབ་ཀྱི་ཡིད་ལའང་ཤར་མེད་པ་ནི། ཁོ་རང་ལོ་སུམ་ཅུ་ལྷག་ཏུ་བསྡད་པའི་ཁང་མིག་དེ་ནི། བོད་ཡིག་གསར་གཏོད་མཁན་སློབ་དཔོན་ཐོན་མི་སམ་བྷོ་ཊའི་བཞུགས་གནས་རྙིང་བ་ཡིན་པ་རེད། གནས་ཚུལ་ཤེས་རྟོག་བྱུང་རྗེས་ཡུལ་ཚོ་སྲིད་གཞུང་གིས་དེ་མ་ཐག་ཏུ་ངོ་མཚར་ལྡེབས་རིས་ཀྱིས་ཕྱུག་པའི་ཁང་མིག་དེ་སྲུང་སྐྱོང་བྱས་འདུག

         ཚེས་15ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་དབུ་ཁྲིད་དང་ཆེད་མཁས་པ་རྣམས་དང་མཉམ་དུ་ཐོན་པ་སྡེ་བར་སོང་སྟེ། བོད་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་བླ་ལྷག་ཆེ་བའི་མི་སྣ་སློབ་དཔོན་ཐོན་མིའི་བཞུགས་གནས་རྙིང་བར་ལྟ་སྐོར་བྱས། གྱང་ངོས་ཀྱི་ལྡེབས་རིས་ཐོག་ཏུ་བྲིས་པའི་སློབ་དཔོན་ཐོན་མིའི་སྡོད་གནས་རྙིང་བ་དང་ད་ལྟའི་ཞིང་ཁྱིམ་ར་བ་དེ་གཉིས་ཀྱི་བཅའ་བཀོད་ཕལ་ཆེར་གཅིག་འདྲ་ཡིན་པ་རེད།

           ཐོན་པ་སྡེ་བ་ནི་ལྷ་ས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་140ལྷག་གི་ས་ན་ཡོད། བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྔ་མོ་ནས་ས་གནས་དེ་ནི་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་ཞེས་བཤད་སྲོལ་ཡོད། འོན་ཀྱང་ཁོ་རང་བཞུགས་གནས་ངོ་མ་ས་གནས་གང་ཡིན་པ་ད་བར་ཤེས་མཁན་མེད། 1959ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བྱེད་སྐབས། ཞིང་ཁྱིམ་དབུལ་བོ་གསུམ་ལ་སྲིད་གཞུང་གིས་ལྟ་རྟོག་བྱས་ཏེ་ཁང་ཁྱིམ་ར་བ་ཆེན་པོ་ཞིག་གི་ནང་དུ་སྡོད་བཅུག ར་སྐོར་དེའི་དཀྱིལ་དབུས་ཀྱི་ཁང་མིག་ཆེན་པོ་དེ་ནི་རྗེས་མར་འབྲུ་མཛོད་བྱས་པ་རེད།

         བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས། ཐོན་པ་སྡེ་བ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་གསར་སྤེལ་བྱས་ཏེ། སྔར་ལས་མི་མང་པོ་ཞིག་ལ་བོད་མི་རིགས་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་རྒྱུས་ལོན་བྱེད་དུ་འཇུག་རྒྱུ་ཡིན་པ་གཏན་ཁེལ་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1