༄༅།།གསེར་གྱི་ཉི་འབུམ་དར་ཡག་གི་ཕ་ཡུལ་དུ་སྐྱོད་པའི་མཐོང་ཐོས།

གངས་དབང་། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-07




 གངས་དབང་།  

 

གནས་རི་རྔ་ལ་སྟག་རྩེ། 


         དཔྱིད་ཀ་ནི་རྣ་བས་ཉན་ཞིང་སྣ་ཡིས་སྣོམ་ཆོག་པའི་དུས་ཚིགས་ཤིག་རེད། དུས་ཚིགས་འདི་ལ་བྱ་ཁུ་བྱུག་གི་གསུང་སྐད་དང་། འབྲུག་སྔོན་མོའི་ལྡིར་སྒྲ་ཐོག་མར་ཐོས་པ་ནི་རྟེན་འབྲེལ་དུ་བརྩིས་ཏེ་འགྲོ་མོས་པའི་ལམ་དུ་སྐྱོད་དུས། དམིགས་འབེན་འཚོལ་བའི་སེམས་པ་ནི་ནམ་མཁའི་སྤྲིན་ལྟར་ཕར་གཡོ་ཚུར་གཡོ་རེད།

        གླུ་ཨ་ལ་ལ་མོ་ཨ་ལ་ལེན། །ཐ་ལ་ལ་མོ་གླུ་ཡི་ལེན་ལུགས་རེད། །ཆུང་དུས་ནས་ཁ་ལ་བྱང་ཞིང་སེམས་སུ་འཇགས་པའི་གེ་སར་སྒྲུང་གླུ་དེ། སླར་ཡང་ཁ་པར་ལས་སིང་སིང་དུ་གྲགས་བྱུང་།

        ང་རང་རླངས་འཁོར་དུ་བསྡད་དེ་དབྱངས་རྟ་དྲུག་འགྱུར་དེར་ཉན་དུས། དམའ་ས་ཡི་རྩྭ་རྩི་ཤིང་རྣམས་ཨ་མས་ཐགས་སུ་བཏགས་པའི་སྣམ་བུ་དང་འདྲ་ལ། མཐོ་ས་ཡི་སྤྲིན་དཀར་པོ་རྣམས་ཨ་ཕས་གཡང་འབོད་དུ་གྱོན་པའི་ལྭ་བ་དཀར་པོ་དང་མཚུངས།

        འདི་འདྲའི་དུས་ཚིགས་ནང་གངས་ཆུ་སྒེག་མོའི་བཞུར་འགྲོས་དང་། རྩྭ་ཐང་ཡངས་མོའི་མེ་ཏོག །ཨ་ཅེ་འབྲོག་མོའི་ཕུ་ཐུང་བཅས་དྲན་བཞིན་སྟོད་ན་འབྲོང་རི་སྨུག་པོ་དང་། སྨད་ན་རྔ་ལ་སྟག་རྩེ། བར་ན་དམ་ཅན་རྡོ་རྗེ་ལེགས་པས་བསྐོར་ཞིང་། གསེར་གཞོང་མར་ཁུས་བཀང་བ་དང་འདྲ་བའི་རྩྭ་ཐང་ཡངས་མོར་སླེབས། 

  

        རང་ཡུལ་སྐོར་མཁན་ཞིག་ལ་མཚོན་ན། སྡོད་སའི་གནས་དང་འགྲོ་སའི་ལམ་ནི་གཏན་ཁེལ་ཞིག་མེད་པར། ལ་མོ་མཐོན་པོར་འགྲོ་དུས་ལ་བཙས་ནི་དམིགས་ཡུལ་དང་། ལུང་པ་ཟབ་མོར་འགྲོ་དུས་ཆུ་བོ་ནི་འགྲོ་རོགས་ཡིན་པས། ངས་གསེར་ཆུ་དེད་ནས་མེས་པོ་ཚོས་ས་ཐོག་ལ་བཞག་པའི་རྐང་རྗེས་དང་། རིག་གནས་ཀྱི་རྗེས་ཤུལ་དུ་ལྷག་པའི་ངག་རྒྱུན་འཚོལ་དུ་སོང་བ་ཡིན། ཕྱི་རྒྱལ་གྱི་གཙང་པོ་ཡིན་ན་དེ་དང་བསྟུན་པའི་རིག་གནས་ཤིག་དར་ཡོད་ལ། ནང་ལོགས་ཀྱི་ཆུ་བོ་ཡིན་ན་དེའི་རྒྱུད་ལ་རིག་གནས་ཀྱི་འཕེལ་ཁ་དར་བས། ང་ཚོ་མཐོ་སྒང་གི་ཆུ་བོའི་རྒྱུད་དུའང་ནགས་ལ་དཔག་པའི་བྱ་ལྟར་རིག་གནས་ཤིག་མི་དར་ཅི་ལ་སྲིད།

        འབྲོག་ས་ཁོ་ན་ལ་ཡོད་པའི་དཔྱིད་ཀའི་དྲི་མ་སྣོམ་པ་དང་། དབྱངས་རྟ་ལ་ཉན་བཞིན་གསེར་ཆུ་དེད་ནས་འགྲོ་དུས། ས་བབ་ཇེ་དམའ་ལ་འགྱུར་བ་དང་བསྟུན་ནས། རྩྭ་རྩི་ཤིང་བཅས་ལ་ས་དམའ་སའི་སྐྱེ་དངོས་ཀྱི་ཁྱད་ཆོས་མངོན་པ་དང་། བོད་ཁང་ལའང་ཡུལ་ལུང་པའི་དམིགས་བསལ་གྱི་རྟགས་མཚན་གསལ་པོ་འདུག ཧོར་ཤུལ་ཡུལ་ཤོག་ཆུང་ཡོས་གྲོང་པར་སླེབས་དུས། ལམ་འགྲམ་དུ་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་ཞེས་བྲིས་ཡོད་པ་ཞིག་མཐོང་། ལམ་ཁར་ལངས་ནས་ལྟ་དུས། ཤིང་གི་གཞོང་པ་ཆེན་པོ་ཞིག་དང་འདྲ་བའི་ཐང་དེར་གསེར་ཆུ་ཁག་གཉིས་སུ་བགོས་ཏེ་གཡས་གཡོན་དུ་བཞུར་བ་དང་། ཆུ་གཉིས་ཀྱི་བར་དུ་ས་འབུར་འབུར་ཞིག་མངོན། ལམ་གྱི་ཞབས་ལ་བབ་སྟེ་འགྲམ་ལ་སླེབས་དུས། ས་འབུར་འབུར་དེའི་ངོས་སུ་ཤུག་པ་དང་བཅས་རྩི་ཤིང་འདྲ་མིན་སྐྱེས་འདུག་ལ། བར་གསེང་དུ་རྩིག་ཤུལ་ཡང་མཐོང་ཐུབ། དེ་ནི་གླིང་གི་དཔའ་ཐུལ་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་རེད་ཟེར། མཁར་ཤུལ་དེའི་མདུན་དུ་ཐང་ཆེན་པོ་ཞིག་ཆགས་པ་དང་། ཐང་ཆེན་པོའི་གཡས་ཕྱོགས་སུ་རི་རྒྱུད་ཅིག་འཕྲེད་དུ་རྒྱུགས་ཤིང་། མདུན་དུ་གནས་རི་རྔ་ལ་སྟག་རྩེའི་རི་རྒྱུད་འཕྲེད་དུ་ཉལ་ཡོད་པ་བཅས་ནི། མི་སྟོབས་ཆེན་ཞིག་གི་ལག་པའི་གྲུ་ཁུག་དང་ཧ་ཅང་འདྲ་བས་ས་དཔྱད་བཟང་པོ་ཞིག་རེད། དེ་ནི་གླིང་སྒྲུང་ལས། བྲག་དམར་ལུས་ཀྱི་ཁུགས་སོ་ན། །གསེར་མཁར་ཆུ་རི་གནམ་རྫོང་ཡོད། །དེ་ན་དཔའ་རྒོད་ཡང་ཐུལ་ལ། །གསེར་པའི་ཉི་འབུམ་དར་ཡག་བཞུགས། །ཞེས་བཤད་པ་ལྟར་དངོས་སུ་ར་འཕྲོད་འདུག །སྒྲུང་ཡིག་འགའ་རེའི་ནང་དུ་གླིང་གི་བཙན་རྫོང་བཤད་སྐབས། གསེར་པའི་ཉི་འབུམ་དར་ཡག་ལ། བསམ་གྲུབ་འབུམ་ཐུབ་ཟེར་བ་ཡོད་ཅེས་མཁར་རྫོང་གི་མིང་མི་འདྲ་བ་ཞིག་བྱུང་བ་ནི་ཅི་ཡིན་ནམ་དྲན་སྲིད་མོད། གླིང་གི་དཔའ་ཐུལ་རེ་ལ་མཁར་རྫོང་གཅིག་ལས་ཡོད་མི་སྲིད་པ་མ་ཡིན་པས། བསམ་གྲུབ་འབུམ་ཐུབ་ཅེས་པ་ནི་ས་ཆ་གཞན་ཞིག་ན་ཡོད་པ་ཞིག་གི་མིང་ཡིན་ཡང་སྲིད་དོ། །

        བོད་ཀྱི་ས་ཆ་མང་པོར་གླིང་སྒྲུང་ནང་གི་མི་སྣ་རྣམས་ཀྱི་རྗེས་ཤུལ་མཇལ་རྒྱུ་ཡོད་པ་ལ། ལ་ལས་ཁུངས་བཙན་པོ་མེད་པས་ཡིད་ཆེས་དཀའ་ཟེར་ཡང་། མིའི་རིགས་རིག་པའི་ཞིབ་འཇུག་བྱེད་སྟངས་ལྟར། ལོ་རྒྱུས་ཀྱི་ཡིག་ཆ་དང་གནའ་རྫས་རྟོག་དཔྱོད། དམངས་ཁྲོད་ངག་རྒྱུན་བཅས་ལྷན་དུ་སྦྲེལ་ནས་ཞིབ་འཇུག་བྱས་ན། འབྲས་བུ་ཆ་ཚང་བ་ཞིག་ཡོང་སྲིད་པས། མི་སེར་ཚོས་དུས་ནམ་ཡང་སེམས་ལ་བཟུང་སྟེ་མུ་ནས་མུ་རུ་བརྒྱུད་པའི་བཤད་སྒྲོས་ལའང་དོ་སྣང་བྱེད་རིན་ཡོད་པ་ཞིག་རེད།


 

ཉི་ཆར་འགོག་བྱེད་དུ་ཉ་རིག་ཅེས་པའི་རྩི་ཤིང་རྣམས་བསྡམས་ཏེ་དཔྱངས་པ། 

        ལམ་འགྲམ་གྱི་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་ཞེས་པའི་ངོ་སྤྲོད་ནང་དུ། གསེར་རྔ་ལ་སྟག་རྩེའི་གནས་འདབས་སུ་གནའ་བོའི་མཁར་ཤུལ་ཞིག་ཡོད་ལ། ལོ་རྒྱུས་སུ་གསེར་པའི་ཉི་འབུམ་དར་ཡག་གི་སྐུ་མཁར་ཆུ་རི་གནམ་རྫོང་ཞེས་པ་དེའི་མཁར་ཤུལ་ཡིན་པར་གྲགས། སྒྲུང་ཡིག་ཏུ་བཀོད་པ་ལྟར་ན། གསེར་མདོག་རི་དང་ནགས་མའི་རིས། །ཕྱོགས་བཞིར་བསྐོར་བའི་གསེར་གྱི་སྨད། གསེར་ཆུའི་རླབས་ཀྱིས་བསྐོར་བའི་དབུས། །ཆུ་རི་གནམ་རྫོང་སྤྲིན་ལས་བརྒལ། །ཞེས་གསལ་པོར་བཀོད་པ་ཇི་བཞིན། འདི་ནི་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་འཁྲུལ་མེད་དུ་ཀུན་གྱིས་བཤད་པས། གསེར་པའི་ཕ་ས་ཡིན་པ་ར་སྤྲོད་བྱས་ཡོད་དོ་ཞེས་བྲིས་འདུག །གླིང་སྒྲུང་ནང་དུ། རྟ་མཆོག་ངང་པ་གསེར་སྒོང་གོང་ནོན་དུ། ལུ་ཧི་པ་ཉིད་ཕོ་རྩལ་སྣ་དགུའི་བདག །ཆེ་རྒྱུད་གླིང་གི་ཁྲི་དཔོན་ཆེན་པོའི་ཐོབ། །དབང་བསྒྱུར་གསེར་པའི་ཉི་འབུམ་དར་ཡག་བརྗིད། ཅེས་པ་ལྟར། གསེར་པའི་ཉི་འབུམ་དར་ཡག་ནི་གླིང་ཆེ་རྒྱུད་ཀྱི་གདུང་རྒྱུད་ཡིན་ཏེ། གླིང་ཕུ་ནུ་སུམ་ཅུ་དང་ལྷ་སྲས་སྤུན་བཞིའི་ཡ་གྱལ་རེད། ཁོང་དང་འོམ་བུ་ཨ་ནུ་དཔའ་སེང་། མུ་སྤྱང་རིན་ཆེན་དར་ལུ་གསུམ་ལ་དཔའ་ངར་སྤྱང་གྲུང་འཛོམས་པས་སྙིང་མིག་སྲོག་གསུམ་ཞེས་གྲགས་ཤིང་། ཁྲ་མོ་གླིང་ལ་མེད་དུ་མི་རུང་བའི་ཞེ་ཐུལ་རྣམ་གསུམ་ཏེ་གླིང་གི་སྙིང་མིག་སྲོག་གསུམ་ལྟར་དུ་བརྩིས་པ་དང་། སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་དང་། སྤྱི་དཔོན་རོང་ཚ་ཁྲ་རྒན། གསེར་པའི་ཉི་འབུམ་དར་ཡག་བཅས་ནི། གླིང་གི་བསོད་ནམས་ཅན་གྱི་མི་གསུམ་ཞེས་ཀྱང་ཟེར་སྲོལ་འདུག །ཧོར་གུར་དཀར་རྒྱལ་པོས་གླིང་ལ་བཙན་འཛུལ་བྱེད་དུས་དང་། གླིང་གེ་སར་གྱིས་འཇང་ཡུལ་དང་མོན་ཡུལ། སོག་པོ། ཁ་ཆེ་སོགས་ཆམ་ལ་འབེབས་དུས་སུ། གསེར་པའི་ཉི་འབུམ་དར་ཡག་གིས་དཔུང་རོགས་བྱས་ཏེ་བྱས་རྗེས་བཞག་ཡོད་པས། བོད་མི་ཕྱི་རབས་པ་ཚོས་ནམ་ཡང་རྗེས་སུ་དྲན་པའི་དཔའ་ཐུལ་ཞིག་རེད།

        དེ་མིན་གསེར་པའི་ལུང་པར་གསེར་པའི་ཉི་འབུམ་དར་ཡག་གི་དགུན་མཚེར་གྱི་ཤུལ་དང་། དཀྱིལ་སྔོན་དགོན་པའི་འགྲམ་ལ་ཁོང་གི་བློན་པོ་བཀྲ་ཤིས་རབ་བརྟན་གྱི་མཁར་ཤུལ་སོགས་ཡོད་ཚུལ་ལ་བལྟས་ན། དེང་སང་ཡུལ་སྐོར་ལྗོངས་རྒྱུའི་ལུགས་ལྟར། ལུང་པ་འདི་ལ་གླིང་གི་རྗེས་ཤུལ་སྐོར་ལམ་ཞེས་མིང་ཞིག་བཏགས་ཏེ་ཡུལ་སྐོར་པ་རྣམས་འགུགས་ཐུབ་ན་དོན་དང་ལྡན་པ་ཞིག་རེད་འདོད།

        དེ་ནས་མར་ཅུང་ཙམ་སོང་བ་ན། ལུང་པ་དེའི་ནང་དུ་ཀ་བ་རིང་པོ་གྱེན་དུ་བསླངས་པ་འདྲ་བའི་རི་མཐོན་པོ་ལྷུན་ཞིང་བརྗིད་པ་ཞིག་མཐོང་། དེ་ནི་གནས་རི་རྔ་ལ་སྟག་རྩེ་རེད་འདུག །གསེར་ཆུའི་གཡོན་ཕྱོགས་ཀྱི་བྲག་གཟར་པོ་དེ་ནི། གླིང་གེ་སར་གྱིས་དམག་རྩལ་སྦྱོང་ས་དང་། གཡས་ཀྱི་རྡོ་ཕ་བོང་གའུ་ཆེན་པོ་ཞིག་དང་འདྲ་བ་དེ་ནི། ཨ་སྟག་ལྷ་མོའི་རྡོག་རྡོ་རེད་ཟེར། བཤད་སྲོལ་དུ་གནས་དེ་ནས་གླིང་གེ་སར་གྱི་རལ་གྲི་སོགས་གཏེར་རྫས་མང་པོ་ཐོན་རབས་འདུག

        དུས་རྒྱུན་ལོ་རྒྱུས་ཀྱི་མཁར་ཤུལ་དང་རིག་གནས་ཀྱི་རྗེས་ཤུལ་རེ་མཇལ་དུས། ཡང་མིན་ན་རབ་རིབ་ལས་མི་གསལ་བའི་ལོ་རྒྱུས་ཀྱི་དུམ་བུ་ཞིག་དྲན་ལམ་དུ་འཁོར་ཞིང་། ཡང་མིན་ན་ལོ་རྒྱུས་ཀྱི་མི་སྣ་དེ་ལ་ཐོལ་བྱུང་གི་གླུའམ་སྙན་ཚིག་ཅིག་ཕུལ་བར་གོམས་སོང་བ་ལྟར། ཉིན་དེར་གསེར་མཁར་ཆུ་རི་གནམ་རྫོང་གི་ཤུལ་མཇལ་ཚར་རྗེས། ས་འདི་ཡི་ས་ངོ་མ་ཤེས་ན། །ཆུ་རི་གནམ་རྫོང་ཆགས་ས་རེད། །མི་འདི་ཡི་མི་ངོ་མ་ཤེས་ན། །གསེར་པའི་ཉི་འབུམ་དར་ཡག་རེད། །ཅེས་ཐ་ལ་ངག་གི་དྲུག་འགྱུར་བླངས་ཏེ། གསེར་ཆུའི་འགྲམ་གྱི་གྲོང་སྡེའི་རྣམ་པ་ལ་ལྟ་བཞིན་སྤྱི་ལེ་ཉེར་ལྔ་ཙམ་སོང་རྗེས་ཤོད་རབ་ཡུལ་ཤོག་ལ་སླེབས། གནས་དེ་ནི་སྔོན་མར་ཤོད་རབ་རྒྱལ་པོའི་རྒྱལ་ས་ཡོད་ས་ཡིན་ལ། རྒྱལ་སའི་འོག་ལ་ཆུ་རབ་ཅིག་ཡོད་པས་མིང་དེ་སྐད་ཐོགས་པར་གྲགས་ཀྱང་། དེང་སང་ཤེར་གྲུབ་དང་ཤེལ་གྲུབ་སོགས་འབྲི་སྲོལ་སྣ་མ་སྣ་ཚོགས་འདུག །


 

གསེར་པའི་བོད་ཁང་།  

        གསེར་ཆུའི་ཚུ་རོལ་ནས་བལྟས་ན། ཕ་གའི་གད་ཐོག་ཏུ་ནོར་བུ་གསུམ་འཛོམས་ལྟ་བུའི་མཆོད་རྟེན་དཀར་པོ་གསུམ་མཐོང་། དེའི་ཕྱོགས་སུ་འགྲོ་སའི་ལམ་མ་ཤེས་པས། ལམ་འགྲམ་དུ་བསྡད་པའི་ཨ་ཁུ་རྒན་པོ་ཞིག་ལ་དྲིས་མ་ཐག །ཁོང་ག་ལེར་ཡར་ལངས་ཏེ་སྔོན་དུ་ལམ་སྣེ་ཁྲིད་བྱུང་། ཨ་ཁུའི་རྐང་པ་མི་བདེ་ཡང་། ང་ལ་ཁྱེད་གང་ནས་ཅིའི་དོན་དུ་ཡོང་བ་བཅས་ཁ་བརྡ་བྱེད་བཞིན། གོམ་པ་གང་རེ་གང་རེ་སྤོས་ནས་འགྲོ་ཚུལ་མཐོང་དུས། ངའི་སེམས་ཀྱིས་མ་བཟོད་ཀྱང་། གུས་གུས་ཞུམ་ཞུམ་གྱིས་ཁོང་གི་ལག་པར་འཇུས་ཏེ་མཆོད་རྟེན་གྱི་ཕྱོགས་སུ་སོང་། རང་ཡུལ་རང་གིས་སྐོར་དུས་ལམ་སྣེ་ཁྲིད་མཁན་དང་སྟོན་མཁན་ཡོད་མྱོང་ལ། གནས་ཚང་གཡར་མཁན་དང་ཇ་ཆང་གནང་མཁན་ལ་ཡང་ཐུག་མྱོང་། སུ་ཞིག་གིས་ཁོང་ཚོ་ལ་འདི་ལྟར་བྱེད་དགོས་ཞེས་བཀའ་ཕབ་མ་མྱོང་ལ། གང་ཞིག་གིས་ཁྱེད་ཚོ་བཀའ་དྲིན་ཆེ་ཞེས་གླ་ཆ་ཡང་སྤྲད་མ་མྱོང་། གལ་སྲིད་ཕྱི་ནང་གསང་གསུམ་དུ་ཟིན་པའི་ལྟ་སྤྱོད་འདི་ལྟ་བུ་ང་ཚོ་ལོ་ཆུང་ཚོ་དང་ཐག་ཇེ་རིང་དུ་སོང་ན། ཕུལ་བྱུང་གི་མི་རིགས་ཞེས་པའི་ཐ་སྙད་དེར་གདགས་གཞི་མེད་པར། ང་ཚོའི་འགྲོ་ལམ་ནི་ཐག་ཇེ་ཐུང་དང་རྒྱ་ཇེ་དོག་ཏུ་འགྱུར་ངེས་རེད།

        བུམ་པ་ཆེན་པོ་གསུམ་གྲལ་བསྒྲིགས་ནས་བཞག་པ་དང་འདྲ་བའི་མཆོད་རྟེན་དཀར་པོ་དེ་གསུམ་གྱི་ཆེ་ཆུང་དང་བཟོ་དབྱིབས་ནི་གཅིག་པ་ལྟར་དུ་སྣང་། འགྲམ་གྱི་རྡོ་ངོས་སུ་བརྐོས་པའི་ངོ་སྤྲོད་ཡི་གེའི་ནང་། མཆོད་རྟེན་འདི་དག་གི་རྣམ་པའི་ཆ་ནས་བལྟས་ན། གནའ་རབས་རྒྱ་གར་གྱི་མཆོད་རྟེན་ལས་གྱེས་པའི་འཛུགས་སྐྲུན་གྱི་རིགས་ཡིན། བསྟན་པ་ཕྱི་དར་སྐབས་ཀྱི་དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པར་བསྐྱར་བཞེངས་བྱས། སི་ཁྲོན་བོད་ཁུལ་དུ་ཆེས་ཐོག་མར་རྙེད་པའི་མཆོད་རྟེན་གྱི་གྲས་ཤིག་ཡིན། དེ་ལ་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པས་སྟོང་ཐུབ་མཆོད་རྟེན་ཞེས་ཟེར། མཆོད་རྟེན་གྱི་ཞབས་རྟེན་ནི་གྲུ་བཞི་ཡིན་པ་དང་གཟུངས་གཞུག་ཁང་ཡོད། ཅེས་བྲིས་ཡོད་པས་མ་ཚད། མཆོད་རྟེན་དེ་དག་གི་གྲུབ་ཆ་སོ་སོའི་མཐོ་ཚད་དང་ཞེང་ཚད་ཀྱང་གསལ་པོར་བཀོད་འདུག

        མཆོད་རྟེན་དེ་གསུམ་གྱི་སྤྱིའི་རྣམ་པ་ལ་བལྟས་ན། གཙོ་བོ་གཞི་གདན་དང་གདོང་ཆེན། བུམ་པ། ཏོག་བཅས་ཀྱིས་གྲུབ་པ་ཞིག་ལས། བོད་ཀྱི་ས་ཆ་སོ་སོར་མཐོང་རྒྱུ་ཡོད་པའི་མཆོད་རྟེན་དང་འདྲ་བར། གདན་གྱི་ས་འཛིན་ཐེམ་སྐས་གསུམ། །ཐིག་གདན་སེང་ཁྲི་བད་ཆུང་དང་། །གཟུངས་སྣེ་བད་ཆེན་རྨང་དགེ་བ། །དེ་སྟེང་སྤྱི་ལ་བང་རིམ་བཞི། །བུམ་རྟེན་བུམ་པ་བྲེ་རྟེན་དང་། །བྲེ་འདེགས་པད་མ་འོད་ཟེར་ཕྲེང་། །ཕོ་འཁོར་མོ་འཁོར་བཅུ་གསུམ་དང་། །ཐུགས་རྗེ་མདོ་གཟུངས་གཞུ་རྒྱ་གྲམ། །གདུགས་དང་ཆར་ཁེབས་ཟླ་ཕྱེད་ཉི། །ནོར་བུ་ཏོག་དང་བཅས་པའོ། །ཞེས་པ་ལྟ་བུའི་གྲུབ་ཆ་ཡོད་ཚད་ཚང་བ་ཞིག་རེད་མི་འདུག ས་དེའི་ཡུལ་མི་ཚོས་དེའི་ནང་གི་གཟུངས་གཞུག་ཤེལ་ལས་གྲུབ་པ་ཡིན་པས་ཤེལ་གྲུབ་མཆོད་རྟེན་ཞེས་འབོད་པ་དང་། གླིང་གེ་སར་གྱི་མཆོད་རྟེན་རེད་ཟེར་བ་ནི་ས་ཆ་གཞན་དག་ལྟར། གེ་སར་ལ་རྗེས་དྲན་བྱེད་པའི་ཆེད་དུ་ཨུ་ཚུགས་ཀྱིས་རི་ཆུ་དང་རྗེས་ཤུལ་ཚང་མ་གླིང་སྒྲུང་དང་འབྲེལ་བ་ཡོད་ཚུལ་བཤད་པ་ལྟ་བུ་ཡིན་ནའང་སྲིད།

 


གནའ་སྔོན་མའི་མཆོད་རྟེན་རྙིང་པ།  

        མཆོད་རྟེན་གྱི་རྒྱབ་ཏུ་ཁང་ཤུལ་ཞིག་ཡོད་པ་དེ་ནི། ཤོད་རབ་རྒྱལ་པོའི་མཁར་ཤུལ་རེད་ཟེར། དེའི་འགྲམ་ལ་ཁང་པ་གསར་པ་ཞིག་ཡོད་པ་དེ་ནི། རྒྱལ་པོ་དེའི་རྒྱུད་པ་ཞིག་གི་ཁྱིམ་ཚང་རེད་ཟེར་ཡང་། ཉིན་དེར་ཁྱིམ་ནང་དུ་མི་མེད་པས། ཟུར་དུ་བཅར་ནས་དྲི་བ་འདོན་ཐབས་རྙེད་མ་སོང་།

        མཆོད་རྟེན་ཡོད་སའི་གད་ཐོག་ནས་བལྟས་ན། གསེར་ཆུའི་གཡས་གཡོན་དུ་བོད་ཁང་གི་ཆགས་ས་དང་རྣམ་པ། མང་ཉུང་བཅས་གསལ་པོར་བཀྲ་བ་ནི། མཐོ་ས་ནས་ཞིང་མ་འབྲོག་གི་འཚོ་བ་མཚོན་པའི་རི་མོ་ཞིག་ལ་ལྟ་བ་དང་འདྲ། འགའ་ཤས་སུ་དུད་ཁ་བདུན་བརྒྱད་ཙམ་ཚོམ་བུར་ཆགས་ཤིང་། ལ་ལ་ན་དུད་ཁ་གཉིས་གསུམ་ཙམ་སྤང་རི་ལ་བརྟེན་ནས་ཆགས་འདུག་པ་བཅས་ལ། བོད་ཡུལ་གྱི་ས་ཆ་གཞན་དང་མ་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་འདུག་པ་ནི། མེས་པོ་ཚོས་ས་དཔྱད་ལ་གཞིགས་ཏེ་ཡུལ་དེ་ནས་ཐོན་པའི་ཤིང་སྡོང་དང་ས་རྡོ་བཅས་ལ་བརྟེན་ནས་ཉི་འོད་བསུ་བ་དང་། ཆར་ཆུ་དང་ས་འགུལ་སོགས་ས་དགྲ་ཆུ་དགྲ་འགོག་ཐུབ་པའི་བོད་ཁང་སྤྱོད་སྒོ་སྣ་འཛོམས་ཅན་བསྐྲུན་པ་རེད་འདུག །བོད་ཁང་དེ་དག་ལས་མང་ཤས་ནི་བརྩེགས་གསུམ་ཅན་རེད་ལ། མཐོ་ཚད་ལ་སྨི་བདུན་ནས་བརྒྱད་བར་འདུག །བརྩེགས་དང་པོ་ནི་ཕྱུགས་ཟོག་བཙུད་ས་དང་། གཉིས་པར་མགྲོན་ཁང་དང་ཇ་ཁང་། མཆོད་ཁང་བཅས་སྣང་། གསུམ་པ་ནི་གཙོ་བོ་འབྲུ་རིགས་ལྡེ་ས་དང་གསོག་འཇོག་བྱེད་ས་རེད། ཁང་པ་རྙིང་པ་རྣམས་ཀྱི་བརྩེགས་དང་པོ་དང་གཉིས་པ་ནི་རྡོ་ལས་བརྩིགས་པ་དང་། བརྩེགས་གསུམ་པ་ནི་ཤིང་སྡོང་བཤགས་པ་ལས་གྲུབ་ཅིང་། བད་ཁ་འོག་ལ་ཡུལ་དེའི་སྐད་དུ་ཉ་རིག་ཅེས་པའི་རྩི་ཤིང་རྣམས་སྐྲ་ཡི་ལན་བུ་ལྟར་དུ་བསྡམས་ཏེ་དཔྱངས་ཡོད་པས། ཁང་པའི་བརྩེགས་གསུམ་པ་རྒྱ་ཆེ་ལ་རྩེག་དང་པོ་དང་གཉིས་པ་དེ་ལས་རྒྱ་ཆུང་བ་ནི། མི་ཆེན་པོ་ཞིག་གིས་ལག་པ་སྐེད་པར་གཟེར་ཏེ་ལངས་ཡོད་པ་དང་འདྲ།


 

ཨ་སྟག་ལྷ་མོའི་རྡོག་ཐོ། 

        ཁང་པ་ཡིས་སྤྱོད་གོ་ཆོད་དགོས་པས་མ་ཚད། ས་དགྲ་དང་ཆུ་དགྲ་འགོག་པའི་ནུས་པའང་འཛོམས་དགོས་པ་གཞིར་བྱས། དེའི་ཐོག་ལ་བོད་མི་ཚོའི་ཆོས་ལུགས་དད་མོས་དང་། ཡག་བཙོག་འབྱེད་པའི་མཛེས་དཔྱོད་ལྟ་བ། རིན་ཐང་ངོས་འཛིན་བཅས་ཀྱང་གསལ་པོར་མཚོན་ཡོད་པ་ཞིག་རེད། འོ་ན། ས་ཆ་འདིའི་བོད་མི་ཚོས་གཞན་དང་མ་འདྲ་བའི་བོད་ཁང་འདི་ལྟ་བུ་ལས་པའི་རྒྱུ་མཚན་གང་ཡིན་ཟེར་ན། གསེར་པའི་ཉི་འབུམ་དར་ཡག་གིས་དབང་བསྒྱུར་བའི་མངའ་ཁོངས་ཀྱི་བོད་མི་ཚོས། སྤྱིར་ཁང་པ་ལ་སྤྱོད་སྒོ་ཚང་བ་དང་རང་བྱུང་གི་གནོད་པ་འགོག་པའི་ནུས་པ་ལྡན་པར་བྱས་ཐོག རྣམ་པའི་ཐོག་ནས་གསེར་པའི་ཉི་འབུམ་དར་ཡག་གིས་གོ་ཁྲབ་རྨོག་གསུམ་ལུས་ལ་གྱོན་ཏེ། ཀྲོང་ངེར་ལངས་པའི་ཚུགས་ཀ་ལ་ལད་མོ་བྱས་ཏེ་ཁོང་ལ་རྗེས་དྲན་བྱས་པ་རེད་ཟེར། གསེར་ཆུའི་རླབས་ཀྱིས་བསྐོར་བའི་དབུས། །ཆུ་རི་གནམ་རྫོང་སྤྲིན་ལས་བརྒལ། །ཞེས་གླིང་སྒྲུང་ནང་དུ་གསུངས་ཡོད་པར་བལྟས་ན། གསེར་པའི་ཉི་འབུམ་དར་ཡག་གི་མཁར་ནི་མཐོན་པོ་ཡོད་པ་ཙམ་ལས། སྤྱིའི་རྣམ་པ་ཇི་ལྟར་ཡིན་ཚུལ་ཅི་ཡང་གོ་མི་ཐུབ་པས། དེང་སང་མཐོང་དུ་ཡོད་པའི་བོད་ཁང་རྣམས་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ལ་ལད་མོ་བྱས་ཏེ་ལས་པ་ཡིན་ནམ། ཉི་འབུམ་དར་ཡག་འདས་ཚར་རྗེས་ཁོང་ལ་རྗེས་དྲན་བྱེད་པའི་ཆེད་དུ། ད་ལྟའི་རྣམ་པ་ལྟ་བུ་ལས་པ་ཡིན་སུས་ཀྱང་བཤད་དཀའ། གཅིག་བྱས་ན། གསེར་པའི་ཉི་འབུམ་དར་ཡག་གིས་བོད་ཁང་ལ་ཁོང་གི་བཟོ་ལྟ་ཡོད་དགོས་ཞེས་བཀའ་ཕབ་མྱོང་ནའང་ཐང་ལ། གཅིག་བྱས་ན། གནའ་སྔོན་མ་ནས་དེ་ལྟར་ཡིན་ཡང་། རྗེས་སུ་སྟེས་དབང་གིས་ཉི་འབུམ་དར་ཡག་གི་གཟུགས་དང་འདྲ་བས། ཁོང་ལ་རྗེས་སུ་དྲན་པའི་ཆེད་དུ་རེད་ཅེས་ནང་དོན་གསར་པ་ཞིག་བསྣན་པ་ཡིན་ཡང་སྲིད་མོད། ཁང་པའི་རྣམ་པ་ལ་བལྟས་ན། ཐོག་ས་རྒྱ་ཆེ་ལ་དམའ་ས་རྒྱ་ཆུང་བ་ནི། དཔའ་ཐུལ་ཞིག་གི་ཁོག་སྟོད་ཁོག་སྨད་དང་འདྲ་ལ། བད་ཁར་ཉ་རིག་ཅེས་པའི་རྩི་ཤིང་རྣམས་སྐྲ་ཡི་ལན་བུ་ལྟར་དུ་བསྡམས་ཏེ་རྭ་འཇའ་འམ་ཆར་ཁེབས་ཞེས་འབོད་པ་དེ་ནི། མགོ་ཡི་རལ་པ་ཕྲག་པར་དཔྱངས་པ་དང་ཧ་ཅང་འདྲ་བས་མ་ཚད། ཁང་ཐོག་གི་ཕྱོགས་བཞིར་དར་བཙུགས་པ་ནི། དཔའ་བོའི་རྨོག་གི་དར་འཕྲུ་དང་ཨ་ན་མ་ན་རེད། དཔེར་ན། གླིང་སྒྲུང་ལས། གླིང་དཔའ་ཐུལ་མི་སེར་རྟ་སེར་ཅན། །སྟེང་མི་ཕོ་གསེར་པའི་ཉི་འབུམ་རེད། མཐོ་རི་བོ་འཕེན་གྱི་དཔུང་ཤེད་ཡོད། །གླིང་གསེར་པ་ཤོག་གི་སྒར་དཔོན་རེད། །ཆིབས་རྟ་མཆོག་ངང་བ་གསེར་མགོ་རེད། །ཅེས་པ་དང་། མི་ཆེན་མགོ་བོ་ཆེ་ལུགས་ལ། །ཁྲབ་ཆེན་བེར་གྱིས་མི་འཐུམ་ལེ། །འདོ་བ་རྟ་ཡིས་མི་དྲངས་ལེ། །མཛུབ་མོའི་རུས་ཚིགས་རེ་རེ་ནི། །བྱིས་པ་ལོ་བརྒྱད་ལངས་པ་འདྲ། །གཡས་ན་གསེར་གྱི་འཁོར་ལོ་བསྣམས། །གཡོན་ན་ཤེལ་དཀར་ཕྲེང་བ་འཛིན། ། ཞེས་གསལ་བ་ལྟར་ན། སྒྲོ་བཏགས་པའི་ཆ་ཡང་ཡོད་མོད། སྐབས་དེ་དུས་ཀྱི་དཔའ་བོ་ཚོའི་གཟུགས་བྱད་ནི། གཟི་ཉམས་ལྡན་ལ་སྟོབས་ཤུགས་ཅན་ཞིག་ཡིན་པ་ཤེས་ཐུབ།

 


 ཨ་སྟག་ལྷ་མོའི་རྡོག་ཐོ།  

        རི་མཐོ་ས་ནས་རྒྱང་ལྟ་བྱེད་དུས། གསེར་ཆུའི་གཡས་གཡོན་གྱི་བོད་ཁང་རྣམས་ནི་དམག་སྒར་ཞིག་ཚུགས་པ་དང་འདྲ་ལ། ས་དམའ་ས་ནས་འགྲམ་ལ་བཅར་དུས། དེ་དག་ནི་དམག་དཔོན་རྣམས་གྲལ་བསྟར་བསྒྲིགས་པ་དང་མཚུངས་ནའང་། བར་མཚམས་སུ་མདོག་དཀར་པོའམ་དམར་པོ་རེ་མཐོང་རྒྱུ་ཡོད་པ་ནི། རྟ་བརྒྱའི་ནང་ལ་བོང་བུ་ཞིག་དང་། གཡག་བརྒྱའི་ནང་ལ་རྟོལ་ལེ་ཞིག་བཙངས་པ་ལྟར་མིག་རྫོད་པ་ཞིག་རེད། མ་གཞིར་ཆར་རླུང་འགོག་པའི་ཆེད་དུ། ཁང་པའི་བད་ཞབས་སུ་ཉ་རིག་ཅེས་པའི་རྩི་ཤིང་རྣམས་བསྡམས་ཏེ་བཀབ་ཡོད་མོད། དེ་ནི་ལོ་གཉིས་རེའམ་གསུམ་རེ་ལ་བརྗེ་དགོས་པས། བོད་མི་ཚོས་སྟབས་བདེ་བའི་ཆེད་དུ། དེང་སང་ལྕགས་ལྤགས་དམར་པོ་དང་དཀར་པོས་ཚབ་བྱས་པ་མི་ཉུང་བ་ཞིག་འདུག སྤྱིར་ཕྱི་ནང་གི་རིག་གནས་འོ་ཆུ་འདྲེས་པ་ལྟ་བུའི་དུས་སྐབས་སུ། ང་ཚོས་ད་དུང་མི་སེར་ཚོ་ལ་སྲོལ་རྒྱུན་དམ་དུ་འཛིན་དགོས་པ་ལས་གཏོང་མི་རུང་ཞེས་པ་ནི། རང་དང་འབྲེལ་བ་མེད་པའི་ཨུ་ཚུགས་མཐར་སྐྱེལ་གྱི་ལས་ཤིག་ཡིན་མོད། དཀའ་ངལ་ཕྲན་བུ་ཙམ་ལ་འཛེམས་ནས་ཐུན་མིན་གྱི་ཁྱད་ཆོས་དང་། ལོ་རྒྱུས་ཀྱི་རྟགས་མཚན་རྣམས་གཞན་ལ་བསྒྱུར་བ་ནི། མི་ལ་ཕོག་པའི་འགོས་ནད་ལྟ་བུ་ཞིག་རེད། འགོས་ནད་དེ་ངོས་འཛིན་དང་སྔོན་འགོག་མ་བྱས་ན། མཐར་རང་གཞན་སུ་ཡིན་ཡང་མ་ཤེས་པར། ཚང་མ་ཚ་རྐོང་ལས་དཔར་བའི་ཚ་ཚ་ལྟ་བུར་འགྱུར་ཉེན་ཆེ་བས། ནང་ལ་དེང་རབས་ཀྱི་སྤྱོད་ཆས་གསར་པ་ཅི་མཁོ་བ་རྣམས་སྒྲིག་ཆོག་ཅིང་། ཕྱིའི་རྣམ་པ་ལ་རང་མཚན་ཡོད་པ་ཞིག་བྱེད་ཐུབ་མིན་ནི། རིག་གནས་པ་རྣམས་ཀྱིས་གོ་བསྐོན་བློ་འགུག་ཇི་ལྟར་བྱེད་མིན་དང་། སྲིད་གཞུང་ལས་བྱེད་པ་རྣམས་ཀྱིས་སྣེ་ཁྲིད་ཇི་ལྟར་བྱེད་ཚུལ་ལ་རག་ལས་པ་ཞིག་རེད།


 

 ཉི་འབུམ་དར་ཡག་གི་གཟུགས་ལ་དཔེ་བྱས་པའི་བོད་ཁང་། 

        ཡ་རབས་ཀྱི་ལུགས་སུ་རྩྭ་ཐང་ནི་མེ་ཏོག་མཆོད་པའི་མཆོད་ཁྲི་དང་། རི་བོ་ནི་ཞིང་ཁམས་འཚོལ་བའི་དམུ་སྐས་ཡིན་པ་ལྟར། ང་ཚོ་ནི་རི་ལ་རི་ཡི་གཟི་བྱིན་དང་། ཆུ་ལ་ཆུ་ཡི་བྱིན་རླབས། ཤིང་ལ་ཤིང་གི་བླ་སྲོག །རྡོ་ལ་རྡོ་ཡི་ངར་ཤུགས་གནང་བའི་མི་རིགས་ཤིག་ཡིན་པས། དཔའ་བོ་ཚོ་ལོ་རྒྱུས་ཀྱིས་དེད་དེ་རྒྱང་རིང་དུ་ཕེབས་སོང་ཞེས་སེམས་པ་སྐྱོ་སྐྱོ་མ་གནང་། མི་སེར་ཚོས་ཡིག་ངོ་མི་ཆོད་པས་རྨོངས་པས་འཐུམས་སོང་ཞེས་སྡུག་སྡུག་མ་བྱེད། དཔའ་བོ་ཞིག་གི་མཁར་ཤུལ་དང་དཔའ་བོ་དེས་གོ་ཁྲབ་རྨོག་གསུམ་ལུས་ལ་གྱོན་ཏེ་ཀྲོང་ངེར་འགྱིང་བ་ལྟ་བུའི་བོད་ཁང་རྣམས་ནི། ལོ་རྒྱུས་ཀྱི་པོ་ཏི་ཞིག་ཡིན་ལ། པོ་ཏི་དེ་ཁྱེད་ཚོས་ཀློག་ཤེས་དགོས། ང་ཚོས་སྲུང་ཐུབ་དགོས།

 


 ཉི་འབུམ་དར་ཡག་གི་གཟུགས་ལ་དཔེ་བྱས་པའི་བོད་ཁང་། 

        བུང་བས་སྦྲང་རྩི་གསོག་པར་ཕྱོགས་བཞིར་འཕུར་བ་ལྟར། གསེར་པའི་ཡུལ་དུ་མར་འགྲོའི་གསེར་ཆུ་འགྲོ་རོགས་སུ་འབོད། ཡར་འོང་གི་ཉ་མོ་སྡོང་གྲོགས་ལ་འགུགས་དུས། གསེར་ཆུའི་རླབས་སྒྲ་ལས། ཆུ་བོ་ལྷུང་ལྷུང་འབབ་པ་ཡིས། །གསེར་པའི་རྣམ་ཤེས་ཚུར་ཚུར་འགུགས། །རླུང་བུ་བསིལ་བསིལ་ལྡང་བ་ཡིས། །གླིང་གི་སྙིང་སྟོབས་ཡར་ཡར་སྤེལ། །གོ་ན་རྣ་བའི་བདུད་རྩི་ཡིན། །མ་གོ་གླུ་ལ་ཡང་ལེན་མེད། །ཅེས་པའི་དབྱངས་རྟ་སྙན་མོ་ཞིག་རྣ་བའི་བུ་གར་འཛུལ་ཞིང་སེམས་པའི་ཟབ་སར་ཟུག་སོང་ངོ་། །


 

གསེར་པའི་མཁར་རྫོང་རྙིང་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1