༄༅།།གཎྜིའི་དོགས་གཅོད་དཔྱོད་ལྡན་སྙིང་གི་མུན་སེལ།

རྡོ་རམས་པ་ཆོས་འགྲུབ་རྒྱ་མཚོ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 07-11


 གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །


ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །


དམ་པའི་ཆོས་ནི་སྟོན་མཛད་པ། །


གཽ་ཏམ་དེ་ལ་ཕྱག་འཚལ་ལོ། །


དེ་ལ་འདིར་འདུལ་བ་མདོ་རྩ་བ་ལས། བསྡུ་བའི་ཕྱིར་གཎྜི་བརྡུང་ངོ་། །ཞེས་པའི་གཎྜི་བཤད་པ་ལ།  གཎྜི་དངོས་བཤད་པ། དེ་དག་ལ་དོགས་པ་བཅད་པ། མཇུག་བསྡུ་བ་དང་གསུམ། དང་བོ་ལ་གླེང་གཞི་དང་། ཚད་སོགས་བཤད་པ་གཉིས། དང་བོ་ནི། གཎྜིའི་མདོའི་གླེང་གཞི་ལས། རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་མ་འོངས་པ་རྩོད་པའི་དུས་ཀྱི་སེམས་ཅན་ཉོན་མོངས་པ་སྣ་ཚོགས་ཀྱིས་གཟིར་བ། ལས་ངན་པ་སྣ་ཚོགས་དང་ལྡན་པ་རྣམས་ཀྱི་འཐབ་རྩོད་དང་ཉོན་མོངས་པ་རྣམས་ཞི་བ་དང་། དེ་དག་ལ་ཕན་པ་བླ་ན་མེད་པ་འབྱུང་བའི་ཐབས་བསྟན་ཏུ་གསོལ། ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀུན་ཏུ་སྒྲ་སྒྲོགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ངན་སོང་གསུམ་གྱི་སྡུག་བསྔལ་རྒྱུན་ཆད་པར་བྱས་ཤིང་། ཡུམ་ཆེན་མོ་གཎྜིའི་གཟུགས་ཀྱི་རྣམ་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་། འཐབ་རྩོད་རྣམས་ཞི་བ་དང་། ཚེ་དང་བསོད་ནམས་དང་ཡོན་ཏན་ཐམས་ཅད་འཕེལ་བར་བྱེད་པ་དང་། སྒྲ་གང་གིས་ཐོས་ནས་རྗེས་སུ་ཡི་རང་བ་དེ་ལ་ཡིད་བཞིན་གྱི་ནོར་བུ་ལྟར་འབྲས་བུ་རབ་ཏུ་སྟེར་བ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཎྜིའི་གཟུགས་ཀྱིས་བཞུགས་སོ། ཞེས་གསུངས་པ་ཡིན་ནོ། གཉིས་པ་ནི། གཎྜིའི་མདོ་ལས། བཅོམ་ལྡན་འདས་འདིའི་ཚད་ནི་ཇི་ཙམ་ལགས། མདོག་ནི་ཇི་འདྲ་བ་ལགས། བྱེ་བྲག་ནི་དུ་ཞིག་ལགས། བརྡུང་བ་ནི་ཇི་ལྟ་བུ་ལགས། གང་གིས་བརྡུང་བར་བགྱི། གང་གི་ཚེ་གང་གི་དུས་ན་ཇི་སྲིད་དུ་བརྡུང་བར་བགྱི་སྟེ། ཇི་ལྟར་བཞག་པར་བགྱི་ཞེས་སོགས་དོན་ཚན་བདུན་གྱིས་གསུངས་ཞིང་། དང་བོ་ཚད་ནི། འདིའི་ཚད་ནི་ཇི་ཙམ་ལགས་ཞེས་པས་རྒྱུ་དང་། རིང་ཐུང་གི་ཚད། དབྱིབས་གསུམ་ཞུས་པ་ཡིན་ལ། དང་བོ་རྒྱུ་ནི་མདོ་དེ་ཉིད་ལས། ཙན་དན་བིལ་བ་བ་ལ་ཤ །ཨ་ཤྭཏ་ཐ་དང་ཙན་དན་དམར། །རྒྱ་སྟར་ཏ་ལ་ཀེང་ཤུ་ཀ །ཤིང་ཤ་བ་དང་ཏ་མ་ལ། །ཨ་སྨྲ་སྟར་བུ་སྐྱུ་རུ་ར། །ཏིན་ཏི་ས་ར་ཨ་ཤྭ་ཀ །འདི་དག་ཐམས་ཅད་མེད་ན་ཡང་། །འོལ་སེ་ལ་ནི་འབད་དེ་བྱ། །རྒྱལ་བོ་འབད་པས་ཐམས་ཅད་དུ། །འདི་དག་མེད་ན་མི་བྱའོ། །ཞེས་སོ། །གཉིས་པ་ཚད་ནི། དེ་ཉིད་ལས། ཚད་ནི་ཆུང་ངུ་སོར་ཚད་ཀྱིས། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང་། །ཞེང་དུ་སོར་ནི་དྲུག་བྱ་སྟེ། །དཔང་སུ་ཡང་ནི་གཉིས་བྱའོ། །ཞེས་སོ། །འདིས་ནི་ཆུང་ཚད་ལ་སྲིད་ལ་སོར་བརྒྱད་ཅུ་རྩ་བཞི་ཡིན་པ་དངོས་སུ་གསུངས་ལ། རིང་ཚད་སྲིད་དུ་སོར་བརྒྱ་དང་བརྒྱད། དེའི་བར་འབྲིང་ཚད་ཡིན་ནོ། གསུམ་པ་དབྱིབས་ནི། དེ་ཉིད་ལས། ཞེང་དུ་སོར་དྲུག་བྱ་བ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞི་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་པའི་མགོ་བཞིན་ནོ། །ཞེས་དང་། དེ་ནས་རྡུང་བར་བྱེད་པ་ཡང་། །ཤིང་དེ་ཉིད་ལས་འབད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཞེས་གསུངས་ལ་དེའི་དོན་ནི་འདི་ལྟར་ཡིན་ཏེ་ཟུར་བརྒྱད་ཡོད་པའི་ཞེང་གཉིས་ལ་སོར་དྲུག་རེ་དང་། དཔངས་གཉིས་ལ་སོར་གཉིས་རེ། ཟུར་བཞི་ལ་སོར་གཉིས་རེ་གཉིས་རེ་སྟེ་ཁྱོན་སོར་ཉེར་བཞི་ཡིན་ལ། རྩེ་གཉིས་ཀྱི་གློ་ནས་དབུས་སུ་ཞུམ་པ་སྟེང་འོག་ནས་ཀྱང་སོར་གཉིས་རེ་རྩིབས་ལྟར་ཞུམ་པ་རུས་སྦལ་གྱི་མགོ་ལྟ་བུ་དགོས་པ་དང་། རྡུང་བྱེད་ཤིང་དེ་ཉིད་ལས་གྲུབ་པ་ཡུ་བ་དང་བཅས་ན་སོར་ཉེར་བཞི་དང་། ཡུ་བ་མ་བརྩིས་ན་སོར་བཅུ་གཉིས་དབྱིབས་ཟླུམ་པོ་འཇམ་པ་མགོ་ནེའུ་ལེའི་མགོ་ལྟ་བུ་དགོས་པར་གསུངས་སོ། གཉིས་པ་མདོག་གཎྜིའི་མདོ་ལས་དངོས་སུ་གསུངས་པ་མེད་འདྲ་ཡང་། མཁས་གྲུབ་ཆེན་པོ་དྷར་པན་གྱིས། དམར་བའི་ཚོན་གྱིས་འབར་ཞིང་ས་བཟང་སྐྱེས། །བརྡུང་ན་དབྱངས་བཟང་བོ་ནི་གཎྜིའོ། །ཞེས་དམར་བོ་གཙོ་ཡང་སེར་བོ་སོགས་ཀྱང་རུང་བར་གསུངས་སོ། གསུམ་པ་བྱེ་བྲག་གམ་དབྱེ་བ་ནི། ཚད་ཀྱི་སྒོས་བཞི་འམ་གསུམ་དང་གཉིས་སུ་དང་། བརྡུང་ཚུལ་སྒོས་ལྔ་དང་། རྒྱུའི་སྒོ་ནས་བཅུ་དྲུག་སོགས་ཡོད། བཞི་ཕྱེ་ཚུལ་འོག་དུ་བཤད་ལ། གསུམ་ཕྱེ་ཚུལ་གོང་དུ་བཤད་ཡོད། གཉིས་ནི། རྩ་བར། ཟན་གྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་གསུངས། ལྔ་བྱེད་ཚུལ་ནི། ལུང་ལས། གཎྜི་ནི་ལྔ་སྟེ། དགེ་འདུན་བསྡུ་བའི་གཎྜི་དང་། ལས་ཀྱི་གཎྜི་དང་། ཤི་བའི་གཎྜི་དང་། སྤོང་བའི་གཎྜི་དང་། གནོད་པ་བྱུང་བའི་གཎྜིའོ། བཞི་བ་བརྡུང་ཚུལ་ནི། མདོ་དེ་ལས། དེ་ལ་དགེ་འདུན་བསྡུ་བའི་གཎྜི་ནི་རྒྱུད་གསུམ་དང་། ཏོག་གསུམ་པའོ། །ལས་ཀྱི་གཎྜི་ནི་རྒྱུད་གཅིག་དང་། ཏོག་གསུམ་པའོ། ཤི་བའི་གཎྜི་ནི་བྱི་བའོ། །སྤོང་བའི་གཎྜི་ནི་ཁར་སིལ་ལོ། །གནོད་པ་བྱུང་བའི་གཎྜི་ནི་ཇི་ཙམ་གྱིས་ཆོག་པའོ། །ཞེས་སོགས་གསུངས་སོ། །དེ་ཡང་གསལ་བོར་བརྗོད་ན་དགེ་འདུན་ཐམས་ཅད་འདུ་བ་འམ་གསོ་སྦྱོང་ལྟ་བུའི་སྐབས་འདུ་ཁང་ལྟ་བུའི་སྟེང་ནས་གདིང་བ་ཁ་ཡར་ལ་གཏད་དེའི་སྟེང་ནས་ཁ་ཡར་འཁོར་ནས་དཀོན་མཆོག་གསུམ་ལ་ཕྱག་ལན་གསུམ་བྱས། དེ་ནས་འདིང་བ་རང་སར་བཞག་ནས་དེའི་སྟེང་ནས་ཁ་མར་འཁོར་ནས་ཕྲག་པ་གཡོན་པར་གཎྜི་ཁུར་གཡས་པའི་གཎ་གཡོག་བཟུང་ནས་དང་བོ་ཤིང་ཚ་ལན་གསུམ། དེ་ནས་རྒྱུད་གསུམ། རྒྱུད་གསུམ་བརྡུང་ཚུལ་ནི་གཅིག་ནས་བཅོ་བརྒྱད་བར་ཇེ་ཆེ་དང་། དེ་ནས་ཡང་བཅོ་བརྒྱད་ནས་གཅིག་བར་ཇེ་ཆུང་དུ་བརྡུང་བ་ལ་སོ་དྲུག་ཡོད་པ་དེ་ལ་རྒྱུད་གཅིག་ཟེར། དེ་ལྟར་རྒྱུད་གསུམ་དང་། མཐར་ཏོག་སྒྲ་གསུམ་བརྡུང་ངོ། །འདི་ནི་ཀུན་མཁྱེན་བླ་མའི་འདུལ་བའི་མཐའ་དཔྱོད་ལྟར་ཡིན་ལ་རང་རེའི་ལག་ལེན་ཡང་འདི་ལྟར་ཡིན་ནོ། དབྱར་གནས་ཀྱི་གུང་ཚིགས་སྐབས་བརྡུང་ཚུལ་འདི་དང་འདྲའོ། །འདུལ་འཛིན་རིན་པོ་ཆེའི་གསུངས་པ་ལྟར་རྒྱུད་གཅིག་ལ་སོ་ལྔ་བྱས་ནས་ལག་ལེན་བྱེད་པ་ཡང་མང་ངོ་། །ལས་ལ་འདུ་བའི་དོན་དུ། རྒྱུད་གཅིག་དང་ཏོག་གསུམ། ཤི་རོ་དབྱུང་ཆེད། རྒྱུད་གཅིག་དང་མཇུག་དུ་ཏོག་མེད་པའི་བྱི་བོ་བརྡུང་བ་དང། ཟས་ལ་འདུ་བས་གཎྜི་ཆེ་ཆུང་གཉིས་ཀ་བརྡུང་བ་དང་། བརྡུང་ཚུལ་གསོ་སྦྱོང་སྐབས་དང་འདྲའོ། །སེར་བ་སོགས་གནོད་པ་བཟློག་པའི་ཚེ་ཇི་ཙམ་ཆོག་གི་བར་བརྡུང་བ་ཡིན་ནོ། །རྒྱུའི་སྒོས་བཅུ་དྲུག་སོགས་ཡོད་ཀྱང་འདི་དག་ལ་འོག་དུ་ཅུང་ཟད་དཔྱད་དགོས་ཡོད་དོ། །ལྔ་བ་བརྡུང་བ་པོ་ནི། རབ་བྱུང་སྡེ་ལྔ་དང་དགེ་བསྙེན་གྱིས་ཀྱང་སྐབས་འགའ་ཞིག་ཏུ་བརྡུང་རུང་བ་ཡིན་ཏེ། དགེ་སློང་རྣམས་དང་དགེ་ཚུལ་གྱིས། །དུས་རྣམས་རྟག་ཏུ་བརྡུང་བྱ་ཞིང་། །གསོ་སྦྱོང་ལ་ནི་གནས་པའི་ཚེ། །དགེ་བསྙེན་གྱིས་ཀྱང་བརྡུང་བར་བྱ། །ཞེས་གསུངས། གཎྜི་ཡུམ་ཆེན་མོར་མོས་ཏེ། བརྡུང་བའི་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། བརྡུང་བའི་སྒྲ་ཟབ་རྒྱས་ཀྱི་སྒྲར་མོས་ཤིང་བསྟན་པ་མི་ནུབ་ཅིང་འཕེལ་བ་དང་། སེམས་ཅན་ལ་ཕན་པའི་བསམ་པས་བརྡུང་ངོ། དྲུག་པ་དུས་གང་གི་ཚེ་བརྡུང་བ་ནི། མདོ་དེ་ལས། ཟན་ཟ་ཉི་མ་འཆར་ནུབ་ཚེ། །དུས་གསུམ་ལ་ནི་ལན་གསུམ་སྟེ། །སྐུ་ཁྲུས་ཚེ་ན་ལན་གཉིས་བསྔགས། །གློ་བུར་གནོད་པ་ཆར་མི་འབབ། །དེ་བཞིན་འཐབ་དང་རྩོད་པ་དང་། །གློག་དང་གནོད་པ་ཆེན་པོ་དང་། །གནས་བརྟན་རྣམས་ནི་སྤྱན་འདྲེན་དང་། །ནད་དང་མུ་གེ་ཞི་བའི་ཕྱིར། །མ་འཆོལ་རིམ་གྱིས་བརྡུང་བར་བྱ། །ཞེས་གསུངས་སོ། བདུན་པ་ཇི་ལྟར་བཞག་ཚུལ་ཡོད་དེ། གཙུག་ལག་ཁང་གི་སྒོ་ཁང་ངམ། གཙུག་ལག་ཁང་དབུས་མའི་ནང་དུ་ཁྲིའི་སྟེང་དུ་བསྙེན་བཀུར་དང་བཅས་བཞུགས་དགོས་པ་ནི། མདོ་དེ་ལས། གང་ཕྱིར་དེ་བརྡུང་བཞག་བྱ་ཡི། །འོག་ཏུ་ཡང་ནི་ཁྲི་བྱ་སྟེ། །གཙུག་ལག་ཁང་གི་སྒོ་ཁང་ངམ། །ཡང་ན་དབུས་མའི་སྟེང་དུ་བཞག །ཅེས་གསུངས་སོ། ། གཉིས་པ་དོགས་གཅོད་ནི།  གཎྜི་ལ་དབྱེ་བ་སྣ་ཚོགས་ཞིག་བཤད་མོད། གཎྜིའི་མདོ་ལས། ཚད་ནི་ཆུང་ངུ་སོར་ཚད་ཀྱིས། །ཞེས་སོགས་གསུངས་པ་ལྟར་ཆུང་ཚད་དངོས་སུ་གསུངས་ཞིང་། མདོ་དེ་ལས་ཆེ་འབྲིང་གཉིས་ཀྱི་ཚད་དངོས་སུ་གསུངས་པ་མེད་པས་ཆེ་ཚད་སྲིད་ལ་སོར་བརྒྱ་དང་བརྒྱད་དང་། དེ་གཉིས་ཀྱི་བར་འབྲིང་ཚད་དུ་མཁས་པ་མང་བོས་གསུངས་པས་ཁུང་གང་ཡིན་འཚོལ། བསྐྱེད་ཚལ་མཁན་པོ་སོགས་ཀྱིས་ཚད་ནི་མཆུ་རུ་སོར་ཚད་ཀྱིས། ཞེས་པ་ལས་ཆུང་ངུ་མི་ཟེར་བ་འདྲའོ། །མཚོ་ཊཱིཀ་ལས། ཟུར་གཉིས་བཅུམ་ཞིང་བཞོག་པ་ལ་སོར་བརྒྱད་བརྒྱད་ཅེས་པ་ཡི་གེ་མ་དག་པ་འདྲ་སྟེ། ཟུར་བཞི་བཅུམ་ཞིང་བཞོག་པ་སོར་དོ་དོ་སྟེ་བརྒྱད་ཡིན་པར་སེམས་སོ། །ཡང་མཚོ་ཊཱིཀ་ལས། སྲིད་དུ་སོར་བཅུ་གཉིས་ཞེས་གསུངས་པ་ཡང་ཡུ་བ་མི་ཐེ་བའི་དབང་དུ་བྱས་པ་ཡིན་ལ་ཡུ་བ་དང་བཅས་ན་གཎ་གཡོག་སྲིད་དུ་སོར་ཉེར་བཞི་གསུངས་སོ། །ལག་ལེན་ལ་དེ་ལས་རིང་བྱས་པ་ཡང་ཚད་ལྡན་གྱི་མཁས་པས་བཟོས་པ་ཡང་མཐོང་ལ་དཔལ་མང་ཚང་འདུལ་བར་ཡང་ཡུ་བ་འཆིད་གང་ངམ་ཚད་གཅིག་ཏུ་མ་ངེས་མཁས་པ་དག་གིས་གསུངས་པ་ཐོས་ཞེས་གསུངས་པས་ཁུངས་འཚོལ་དགོས་ཡོད་དོ། །ཡིག་ཆར་བྱ་བ་བསྡུས་པ་ལས། གཎྜི་རྣམ་པ་བཞི་ནི་སྐུའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བས་ཤེས་པར་བྱའོ་ཞེས་སོགས་གསུངས་ནས་གཎྜི་བཞི་གསུངས་པ་དེ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པར་གསུངས་པ་ལས་བྱ་བ་བསྡུས་བ་མ་ཡིན་པ་འདྲ་སྟེ། གཞུང་དེ་གཉིས་ལ་ལྟས་པས་གསལ་ལ་དེས་ན་འདི་དང་ཡིག་ཆར་དྲང་ཚུལ་གཉིས་དཔར་མི་འདྲ་པས་དབང་ཡིན་ནམ་དེ་ཡིག་མཁན་གྱིས་གཞུང་དེ་གཉིས་ཀྱི་མིང་ནོར་རམ་དཔྱད།  རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་འདི་ཨ་ཝ་དྷིཏིའི་བརྩམས་པ་ལོ་ཙཱ་བ་བློ་གྲོས་རྒྱལ་མཚན་གྱིས་བསྒྱུར་བ་དང་།  བྱ་བ་བསྡུས་པ་ནི། སེང་ག་ཨ་ཙར་ཡ་དཔལ་རིག་ལྡན་བྱིན་གྱིས་མཛད་པ་ལོ་ཙཱ་བ་ཡར་ལུང་གྲགས་པ་རྒྱལ་མཚན་གྱིས་བསྒྱུར་བ་རེད། གང་ལྟར་ཡང་འདི་གཉིས་ལས་གཎྜི་བཞི་བཞི་གསུངས་པ་འདྲ་ཡང་ཚད་གསུང་ཚུལ་མི་འདྲ་སྟེ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་ལས་ནི་འདི་ལྟར་གསུངས་སྟེ། ཐམས་ཅད་དུ་བླ་ན་མེད་པའི་དག་པས་ཉི་ཤུ་ལྷག་པའི་ཆ་བརྒྱ་ནི་སྲིད་དེ་ཞེས་པས་སྲིད་དུ་སོར་བརྒྱ་དང་ཉི་ཤུའི་ཆེ་ཚད་དང་། རིང་བར་སོར་བརྒྱ་དང་བཅུ་ནི་རབ་ཏུ་སྦྱོར་བའི་ལམ་གྱི་རྣམ་པ་ཤེས་པའི་རྣམ་པར་དག་པའོ། །ཞེས་སོགས་ཀྱིས་ཆེན་པོའི་ཆུང་ངུའི་ཚད་དང་། ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་རབ་ཏུ་ཉམས་པས་ལམ་སྒོམ་པའི་རྣམ་པའི་རྣམ་པས་དེའི་ཚད་ནི་དེ་ཉིད་དུ་རིང་བའོ་ཞེས་པས་འབྲིང་ཚད་དང་། དེ་ཉིད་ལས། སོར་མོ་བཞི་དང་ཉམས་ལྡན་པའི། །སོར་མོ་བརྒྱད་ཅུ་སྲིད་དུ་བསྟན། །སོགས་ཀྱིས་ཆུང་ཚད་བསྟན་པའོ། བྱ་བ་བསྡུས་བ་ལས་ནི་འདི་ལྟར་གསུངས་པ་ཡིན་ཏེ། དྲོད་རྣམ་པར་དག་པ་གཎྜི་ཆུང་བ་ནི་ཆོས་ཀྱི་ཕུང་བོ་བརྒྱད་ཅུ་རྩ་བཞིའི་རྣམ་པར་དག་པ་ཆ་བརྒྱད་ཅུ་རྩ་བཞི་བ་ཞེས་དང་། རྩེ་མོ་མངོན་པར་རྟོགས་པའི་རྣམ་པར་དག་པ་ག་གཎྜི་གཉིས་པ་སྟེ། མངོན་པར་ཤེས་པ་ལྔ་དང་དཔེ་བྱད་བཟང་བོ་བརྒྱད་ཅུ་རྩ་ལྔ་སྟེ་སྲིད་དུའོ། །དེ་བཞིན་དུ་བཟོད་པའི་རྣམ་པར་དག་པ་ནི་གཎྜི་གསུམ་པ་སྟེ། སྟོབས་བཅུ་དང། དགེ་བ་བཅུ། དབང་བཅུ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཤེས་པ་བཅུ་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རྣམ་པར་དག་པ་ཆ་བརྒྱད་ཅུ་རྩ་བདུན་ཏེ་སྲིད་དུའོ། །ཞེས་དང་། དེ་བཞིན་དུ་ཆོས་མཆོག་གི་རྣམ་པར་དག་པ་ནི་གཎྜི་བཞི་བ་སྟེ། ཉོན་མོངས་དགུ་བཅུ་རྩ་བརྒྱད་སྤངས་པའི་རྣམ་པར་དག་པའི་ཆ་དགུ་བཅུ་རྩ་བརྒྱད་སྲིད་དུའོ། །ཞེས་སོགས་གསུངས་སོ། །མདོ་ལས་མདོག་དངོས་སུ་དྲིས་ཀྱང་། ལན་དངོས་སུ་མེད་པ་འདྲ་ཡང་། དོན་གྱིས་རྒྱུ་བཅུ་དྲུག་སོགས་ཀྱི་རང་མདོག་རུང་མིན་དཔྱད་དགོས་ཏེ། ཡིག་ཆར་ཁ་དོག་ཡང་དམར་བོ་གཙོ་ཆེ་ཡང་སེར་བོ་སོགས་ཀྱང་རུང་སྟེ་ཞེས་སོགས་སྒྲ་དང་བཅས་གསུངས་པ་དང་། ཙན་དན་དཀར་པོའི་རང་མདོག་རུང་བར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གསུངས་སོ། །དཔེར་ན་ཨར་ནག་ལྟ་བུའི་རང་མདོག་རུང་མིན་སོགས་དཔྱད་དགོས་སོ། །མཚོ་ཊཱིཀ་ལས་རྒྱུ་ནི་ཙན་དན་དང་རྒྱ་ཤུག་དང་སྟག་པ་དང་སྟར་ཁ་དང་འོམ་བུ་དང་སེང་ལྡེང་དང་འོང་མ་དང་ཙནྡན་དམར་བོ་དང་བརྒྱད་དང་། དེའི་སྟེང་དུ་རྒྱ་གར་ན་ཡོད་པའི་ཤིང་བདུན་དང་བཅོ་ལྔ་སྟེ་གང་འཛོམས་ལ་བྱེད་དོ་ཞེས་བཅོ་ལྔ་ལས་མ་གསུངས་ལ་བཅུ་དྲུག་ལས་གང་དོར་བ་དང་། རྒྱུ་འདི་བརྒྱད་རྒྱུ་བཅུ་དྲུག་དུ་བསྡུ་ཚུལ། རྒྱ་ཤུག་ཤིང་ཏོག་ཙོ་རིལ་ཏེ་སེའི་ཐོག་དམར་བོ་ཞིག་ཡོད་པ་དེའི་ཤིང་ཡིན་པར་འདྲ། ཤུག་པའི་བྱེ་བྲག་ཞིག་ཡིན་པར་བཤད་པ་ཡོད་ཀྱང་མིན་སྙམ། འདི་དང་སྟག་པ་འོམ་པུ་འོང་མ་ཟེར་བ་སོགས་རྒྱུ་བཅུ་དྲུག་ལས་གང་དང་གང་ཡིན་བརྟགས་དགོས་ཡོད་དོ། །སྟག་པ་ལ་ཤིང་གྲོ་ག་ཡང་ཟེར། འོམ་བུ་ནི་ནང་ཁོང་སྟོང་ཅན་གྱི་ཤིང་ཞིག་ཡིན་ལ་དེས་གཎྡི་བྱེད་རུང་མིན་དཔྱད། འོང་མ་ཟེར་བ་གང་ལ་ངོས་འཛིན་དགོས་པ་དང་།  འོ་མ་སིའི་ཤིང་ངམ་འོལ་སེ་ནི་སེང་ལྡེང་ཡིན་པར་ཀུན་མཁྱེན་མཐའ་དཔྱོད་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གཞི་གསུམ་ལས་ཀྱང་གསུངས། ཨ་ཤྭ་ཀ་ནི་མྱ་ངན་མེད་པའི་ཤིང་ཡིན་ལ་བོད་ནས་ཤུག་པ་ཡིན་པར་རྗེ་གུང་ཐང་བློ་གྲོས་རྒྱ་མཚོ་དང་དབལ་མང་སོགས་གསུངས་པས་ཤུག་པ་དང་མྱ་ངན་མེད་པའི་ཤིང་འདྲ་འམ་དཔྱད། ཤིང་ཤ་བ་ཞེས་པ་གང་ལ་ངོས་འཛིན་དགོས་པ་དང་། ཡི་གེ་མ་དག་པར་ཤཾང་ཤ་བ་ཟེར་ན་དེ་ཨ་ཀ་རུའི་རྒྱ་སྐད་ཡིན་ལ་དེ་ལྟར་ན་ཨ་དཀར་དང་ཨ་ཀ་རུ་གཉིས་འདྲ་མིན་ལ་དཔྱད་དགོས་ཏེ། བ་ལ་ཤ་ཡང་ཨ་ཀར་གྱི་མིང་ཡིན་པར་བཤད་པ་ཡོད་ལ། ཨ་དཀར་ནི་ཨ་ཀ་རུའི་བསྡུས་མིང་ཡིན་པ་ཡང་བཤད་དོ། །ཤིང་ཤ་བ་དང་བ་ལ་ཤ་གཉིས་ཀ་མི་གཅིག་པ་རྒྱུ་བཅུ་དྲུག་དུ་སོ་སོར་དྲངས་པས་ཀྱང་ཤེས་སོ། །ཨ་ཤྭཏ་ཐ་བྱང་ཆུབ་ཤིང་ཡིན་པར་བཤད་ལ། མཚོ་ཊཱིཀ་ལས་སྟར་ཁ་ཞེས་པའི་སྟར་ཁ་ནི་ཡོངས་གྲགས་ཁམ་བུ་སྟར་ཁའི་ཤིང་ཡིན་སྙམ། སྟར་བུ་ཞེས་པ་རོ་སྐྱུར་རོ་ཅན་གྱི་སྟར་རུ་འམ་སྟར་བུའི་སྡོང་པོ་ཡིན་མིན་དང་། གོང་གི་གཎྜིའི་མདོའི་རྒྱ་སྟར་དང་སྟར་བུ་སོགས་ཀྱི་ཁྱད་པར་སོགས་དང་། ཤིང་འདི་དག་གི་ངོས་འཛིན་སོགས་ལ་དཔྱད་དགོས་མང་ངོ་། །བརྡུང་ཚུལ་ལ་ཀླུ་བདུན་གྱིས་ནི་བརྒྱན་པ་ལྟར། །བསྐྱེད་པའི་རིམ་གྱིས་བརྡུང་བར་བྱ། །ཞེས་གསུངས་ལ་སྤྲུལ་བདུན་གྱིས་གདེངས་ཀ་ནི་དཀྱིལ་དུ་གཅིག་དང་གཡས་གཡོན་དུ་གསུམ་རེ་ཡོད་ལ་དེ་ལྟར་ན་རྒྱུད་གཅིག་ལ་སོ་ལྔ་བྱས་ནས་བརྡུང་བ་འཐད་པའི་ཕྱིར་ཟེར་ན་དཔྱད། གཞན་དག་སྤོང་བ་པའི་གཎྜི་ཆུང་ངུ་འཁར་གསིལ་ཡིན་པ་ཐལ། རང་གི་རྣམ་བཤད་ལས། འཁར་སིལ་ཉིད་གཎྜི་ཆུང་ངུ་ཞེས་བྱ་བར་བརྗོད་དེ། ཞེས་གསུངས་པའི་ཕྱིར་ཟེར་ཡང། མཚོ་ཊཱིག་ལས། གཞུང་འོག་ནས་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་གསུངས་པའི་གཎྜི་དང་འདིར་བཤད་པའི་གཎྜི་གཉིས་མིང་འདྲ་ཡང་དོན་མི་གཅིག་སྟེ་འོག་ནས་བཤད་པའི་གཎྜི་ཆུང་ངུ་གཎྜི་དེའི་བྱེ་བྲག་ཡིན་གྱི་འཁར་གསིལ་ནི་མིན་ནོ། །ཞེས་གསུངས་སོ། །ལུང་ལས། སྤོང་བའི་གཎྜི་ནི་ཁར་སིལ་ལོ་ཞེས་གསུངས་པ་ནི་བརྡུང་ཚུལ་གསུངས་པ་ཡིན་ནམ་སྙམ་སྟེ། འདི་གཎྜི་ལྔ་བརྡུངས་ཚུལ་བཤད་པའི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་འདིའི་ཁར་སིལ་ལོ་གསུངས་པའི་དོན་གང་ཡིན་དཔྱད། ཀུན་མཁྱེན་བླ་མའི་འདུལ་བའི་མཐའ་དཔྱོད་ལས། སྤོང་བ་པའི་གཎྜི་འཁར་གསིལ་དུ་འདོད་པ་མི་འཐད་པར་ཐལ། མཁར་སིལ་དེའི་དོད་བྱེད་པར་གཞི་འགྲེལ་ལས་བཤད་པའི་ཕྱིར། ཞེས་གཞི་འགྲེལ་དུ་མཁར་བསིལ་གྱིས་གཎྜ་ིཆུང་ངུའི་དོད་ཐུབ་པར་གསུངས་པས་སྒྲུབས་སོ། །སྤོང་བའི་གཎྜི་ཆུང་ངུ་གཎྜི་མ་ཡིན་པ་མཐའ་དཔྱོད་ལས། དེ་གཎྜི་ཡང་མ་ཡིན་དེ་གཎྜི་བཏགས་པ་པར་བྱས་ན་མདོ་འདི་དང་མཐུན་ནོ། །ཞེས་གསུངས་པའི་མདོ་འདི་དང་མཐུན་ཞེས་པའི་མདོ་ལ་གང་འཇོག་དང་། མཚོ་ཊཱིཀ་ལས་གཎྜིའི་བྱེ་བྲག་དུ་གསུངས་པས་དཔྱད། སྤོང་བའི་གཎྜི་ཆུང་ངུའི་ཚད་ནི་སོར་བཅུ་གཉིས་སམ་ཉེར་བཞི་ཡང་རུང་བར་གསུངས་ལ། དེ་ཉིད་བཅུ་དྲུག་རྣམ་པ་ཡིས། །དེ་ཚད་ཟླུམ་པོ་གཞན་ནི་དབུས། །བདེན་པ་བཅུ་གཉིས་ཁྱད་པར་ལས། །ཟླུམ་པོའི་བདག་ཉིད་གཎྜིའོ། །ཞེས་གསུངས་སོ། །གསུམ་པ་མཇུག་བསྡུ་བ་ནི། དེ་ལྟར་གཎྜི་ལ་དོགས་གཅོད་ཅུང་ཞུས་ཟིན་ལ། དེ་ལ་རབ་གནས་བྱ་ཚུལ་ནི། གཎྜིའི་མདོ་ལས། དེ་ཡི་རབ་གནས་བྱ་བ་ནི། །ཤིན་ཏུ་བརྟན་པའི་ཆོས་ཀྱི་སྐུ། །སྐྱེ་བ་མེད་ཀྱང་འཇིག་པ་མེད། །གདོད་ནས་མ་སྐྱེས་པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ནི་སྤྱན་དབྱེར་གྱུར་བ་ཡིན། །ཞེས་གསུངས་པ་ལྟར་ཆོས་སྐུ་སྐྱེ་འགག་གནས་གསུམ་གྱིས་སྟོང་བ་གདོན་ནས་མ་སྐྱེས་ཤིང་དགེ་བའོ་ཞེས་གཎྜི་ཡུམ་ཆེན་མོར་མོས་པས་རབ་གནས་བྱ། དེ་ལྟར་ན་ཚད་དང་མི་ལྡན་པ་དང་། རྒྱུ་མི་རུང་བའི་ཤིང་ངན་པ་ལས་བྱས་པ་དང་། ཚུལ་དང་མི་མཐུན་པར་བརྡུངས་ན་ནད་མང་བ་དང་བཀྲ་མི་ཤིས་པ་སོགས་ཉེས་དམིགས་ཆེ་བ་ནི། གཎྜིའི་མདོ་ལས། ཚད་མིན་ཤིང་ངན་ལས་བྱས་དང་། །བརྡུངས་ན་སྒྲ་ནི་མི་འབྱུང་བའི། །སངས་རྒྱས་ཡུམ་འདི་བརྡུངས་ན་ནི། །ཡུལ་འཁོར་འཚེ་བ་ངེས་པར་འབྱུང་། །གཙུག་ལག་ཁངདུ་དགེ་འདུན་རྣམས། །དེ་བཞིན་བློ་ནི་མི་མཐུན་དང་། །ཉེ་བར་བརྡུང་བ་འབྱུང་འགྱུར་ཞིང་། །རྣམ་པ་དུ་མར་རྩོད་པར་འགྱུར། །མུ་སྟེགས་ཅན་གྱི་དབང་འགྱུར་ཞིང་། །བདུད་ཀྱང་འབྱུང་བར་འགྱུར་བ་ཡིན། །གདུག་པའི་ཀླུ་ནི་དུ་མ་ཡིས། །འབྲུ་རྣམས་ཀྱང་ནི་ཉམས་པར་བྱེད། །རྒྱལ་ཁམས་འདིར་ཡང་སེམས་ཅན་རྣམས། །རྣམ་པར་འཇིག་པ་ཉིད་དུ་འགྱུར། །གཙུག་ལག་ཁང་ཡང་འཇིག་འགྱུར་ཞིང། །ཆོས་ཀྱང་ནུབ་པར་འགྱུར་བ་ཡིན། །བདུད་ཀྱི་ལྷ་རྣམས་དགེ་སློང་གི །དགེ་འདུན་ཤིན་ཏུ་མ་བསྡམས་བྱེད། །དེ་ལྟར་ཡང་དག་ཤེས་ནས་ཀྱང་། །ལེགས་པར་ཡོངས་སུ་བརྟགས་ཏེ་བྱ། །ཞེས་གསུངས་སོ། །དེ་དག་ལེགས་པར་བྱས་ནས་བརྡུངས་ན་ཕན་ཡོན་ཆེན་པོ་འབྱུང་བ་ནི། མདོ་དེ་ལས། རྒྱལ་བོ་གང་ཚེ་ཡུལ་འཁོར་དུ། །གཎྜི་དེ་ནི་གྲག་གྱུར་བ། །དེར་ནི་དཔལ་དང་གྲགས་པ་དང་། །འདོད་པ་དང་ནི་ལོ་ལེགས་འགྱུར། །ཕ་རོལ་དཔུང་གི་འཇིགས་མེད་ཅིང་། །འབྲུ་རྣམས་ཀྱང་ནི་ཉམས་མི་འགྱུར། །སངས་རྒྱས་བྱིན་རླབས་སྦྱོར་བ་ཡིས། །དེར་ནི་བདུད་རྣམས་འདུལ་བར་འགྱུར། །ཆོས་ཀྱི་སྒྲ་ནི་སྲིད་རྩེར་བཅས། །ཀུན་ནས་རབ་ཏུ་གཡོ་བར་འགྱུར། །དམྱལ་དང་ཡི་དྭགས་འཇིག་རྟེན་རྣམས། །འཇིག་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་གཎྜི་ཚད་ལྡན་དང་བརྡུངས་ཚུལ་སོགས་ལེགས་ཉེས་ལས་ཕན་གནོད་ཆེན་པོ་འབྱུང་བར་སངས་རྒྱས་རང་ཉིད་ནས་གསུངས་ཚུལ་སོགས་ལ་ཞིབ་མོར་གཟིགས་ནས་ལག་ལེན་བྱེད་པ་ལས། མི་ཤེས་ཤེས་མདོག་དང་། སྣང་བ་གང་དྲན་དང་། ལག་ལ་གང་བྱུང་མི་བྱེད་པ་ཧ་ཅང་གལ་ཆེའོ། །      ། ། གཎྜིའི་བཤད་པ་མདོར་བསྡུས་འདི་ནི་དམ་ཆོས་འདུལ་བ་ལ་བག་ཆགས་འཇོག་ཕྱིར་དང་། ལྷག་དོན་དུ་དེབ་འདིའི་རྩོམ་སྒྲིག་པ་ཡོབ་ཤུལ་ཀུན་དགའ་ལགས་ནས་ཡང་ཡང་སྐུར་ངོར ༧ རྩ་ཆོས་རྗེར་འབོད་པས་དཔལ་གྱི་ཆོས་སྡེ་ཆེན་མོ་རྔ་ཡུལ་བཀྲ་ཤིས་སྒོ་མང་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་བྲིས། །     ། །སརྦ་མངྒ་ལཾ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1