༄༅། །ཇོ་མོ་གླང་མ།

དབང་ཆེན། རྩོམ་སྒྲིག་པ།ཤེས་བྱ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 03-24


          ཇོ་མོ་གླང་མ་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་གི་ཁོངས་གཏོགས་བལ་བོད་གཉིས་ཀྱི་འབྲེལ་མཚམས་སུ་སྐྱིད་སྦུག་གྲོང་དང་ཉེ་བའི་སར་ཧི་མ་ལ་ཡི་རི་རྒྱུད་འཛམ་གླིང་ན་ཆེས་མཐོ་ཤོས་ཀྱི་རི་བོ་ཞིག་ཡིན་ལ། ཧི་མ་ལ་ཡའི་དཀྱིལ་འདབས་སུ་གནས་ཤིང་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ནས་སྨི་8844.43དང་ཆ་སྙོམས་སྨི6000ཡོད་ལ། འཛམ་གླིང་ན་སྙན་གྲགས་ཡོངས་སུ་ཁྱབ་པའི་རི་བོ་ཞིག་ཀྱང་ཡིན། རི་རྒྱུད་འདིའི་རིང་ཚད་ལ་སྤྱི་ལེ་2400ལྷག་དང། ཞེང་ཚད་སྤྱི་ལེ་200ནས་300ལྷག་ཡོད་ཅིང་། རི་རྒྱུད་ཀྱི་སྣེ་གཉིས་བྱང་དུ་གུག་ཅིང་དཀྱིལ་ལྷོ་ཕྱོགས་སུ་འབུར་བས་གཞུ་དབྱིབས་དང་མཚུངས་ལ།  སྤྲིན་དཀར་གྱི་མགུལ་དུ་འཁྱུད་ཅིང་། མཆོད་སྡོང་ལྟར་རིམ་པ་བཞིན་གྱེན་དུ་འདེགས་ཤིང་མཁའ་ལ་ཟུག་པའི་རི་ཡི་རྩེ་མོ་ལྔ་ཡོད་ལ་དེ་དག་ནི་ཆོས་དད་བོད་མིའི་ངག་རྒྱུན་དུ་ཚེ་རིང་མཆེད་ལྔའི་གནས་ཆེན་ངོས་འཛིན་མཛད་པའི་སྲོལ་རྒྱུན་འཇགས་སུ་གནས་ཡོད།   

གནས་རི་འདིའི་ཉེ་འཁོར་དུ་མཛེས་སྡུག་ཕ་མཐར་མངོན་པའི་མན་ཤེལ་གྱི་ཕྲེང་བ་ཚར་དུ་མངར་བ་ལྟར་སྨི་༨༠༠༠ཡན་གྱི་ཟིན་པའི་གནམ་གྱི་ཀ་བ་ལྟར་གངས་རི་ཆེན་པོ་བཞི་ཡོད་ཅིང་།   ཕྱོགས་མཚམས་ཀུན་ནས་དབྱར་དགུན་སྟོན་དཔྱིད་སོགས་དུས་ཀྱི་འཕོ་འགྱུར་དང་དབྱེ་གསལ་མེད་པར་རྟག་ཏུ།   རྒྱལ་ཕྱི་ནང་གིས་ཡུལ་སྐོར་གྱི་འགྲུལ་བཞུད་ཁ་ཆར་བུ་ཡུག་འཚུབ་པ་ལྟར་གནས་རི་འདི་ཡིས་རྩེ་ཤོད་བར་གསུམ་ཁོར་ཡུག་ཀུན་ནས་ཉུལ་བཞིན་ཡོད།

       ཇོ་མོ་གླང་མའི་སྒར་ས་ཆེན་མོའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་དག་ནི་གཙོ་བོ་ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ནས་ཡོང་བ་ཡིན་པ་དང་།   2014ལོའི་ཟླ4པར་ཇོ་མོ་གླང་མའི་སྒར་ས་ཆེན་མོར་གློག་ཤར་གཏོང་ཐུབ་ཡོད་པ་དང་། གཞན་ཡང་རྒྱལ་ལམ318ནས་སྒར་ས་ཆེན་མོ་བར་སྣུམ་ནག་ལམ་ཞིག་ཀྱང་སྐྲུན་བཞིན་ཡོད་པ་དེ་སྔོན་དཔག་བྱས་ན་ད་ལོའི་ཟླ6པར་ཤར་གཏོང་ཐུབ་རྒྱུ་རེད།  ཇོ་མོ་གླང་མ་ནི་འཛམ་གླིང་གི་རི་བོ་མཐོ་ཤོས་དེ་ཡིན་ཞིང་། རི་འཛེག་ལ་དགའ་བའི་རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་ཀུན་གྱིས་ཇོ་མོ་གླང་མར་འཛེག་པ་ནི་མི་ཚེའི་དོན་ཆེན་ཞིག་ཏུ་བརྩི་བཞིན་པ་དང་། དེར་འཛེགས་ཐུབ་མཁན་རྣམས་དཔའ་བོ་ཞིག་ཏུ་བརྩི་བཞིན་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་མོ་གླང་མའི་བྱང་ངོས་སུ་འཛེག་པའི་དུས་སྐབས་ཡག་ཤོས་ནི་ཟླ་བཞི་པའི་ཟླ་སྨད་ནས་དྲུག་པའི་ཟླ་སྟོད་བར་དང་། ཟླ་དགུ་པའི་ཟླ་དཀྱིལ་ནས་བཅུ་པའི་ཟླ་སྟོད་བར་ཡིན།   ཇོ་མོ་གླང་མའི་འདབས་སུ་ཆགས་པའི་སྐྱིད་གྲོང་ངམ་སྐྱིད་སྦུག་གྲོང་ཚོའི་འགྲམ་དུ་ཡོད་པའི།   རྡོ་ཕ་བོང་ཁ་གཤག་པ་ལྟ་བུ་དེ་ནི་སྔོན་སློབ་དཔོན་པདྨ་འབྱུང་གནས་སྐྱིད་སྦུག་གི་ཡུལ་གྲུ་དེར་ཕེབས་སྐབས་རྡོ་ཕ་བོང་དེས་ལམ་བཀག་པས།  སློབ་དཔོན་རིན་པོ་ཆེས་རྫུ་འཕྲུལ་བསྟན་ནས་ཕ་བོང་དེ་དུམ་བུར་གཤག་པ་རེད་ཅེས་བཤད་སྲོལ་ཡོད། 

གསེར་འོད་ལམ་ལམ་དུ་འཕྲོས་པའི་གངས་རིའི་རྩེ་ནས། ཉི་ཟེར་གྱི་གཟི་མདངས་དང་ལྷན་དུ་ལྷ་བྱ་གོང་མོས་གངས་རིའི་མེལ་ཚེ་ལ་དྲན་པའི་གསོས་འདེབས་སུ། དགུན་གསུམ་བུ་ཡུག་དང་སྦྲེལ་བའི་ཁ་བའི་འདབས་མས་དལ་གྱིས་ཁེབས་པའི་གངས་དཀར་གྱི་ལོ་རྒྱུས་རིང་མོ་ཞིག་མགྲིན་པའི་གདངས་སུ་གྱེར་བས། ཐག་རིང་ནས་ཡོང་བའི་ཡུལ་སྐོར་དང་ལྗོངས་རྒྱུ་བ་རྣམས།  ཁུ་སིམ་པའི་རྣ་ལམ་དུ་ལྷང་ལྷང་དུ་སྒྲོགས་པ་དང་ཆབ་ཅིག    སྲིད་པ་ཆགས་པའི་གངས་རྒན་ཉི་འོད་ཀྱིས་བཞུས་ཏེ།  གངས་སྒོ་ཕྱེས་ནས་བསུ་མའི་ཟོལ་གྱིས་བརྡ་ཐབས་མཚོན་པ།  དབྱར་གསུམ་ཤར་ནུབ་ཟུང་གི་རི་ཟུར་ནགས་ཀླུང་འཁྱིལ་བའི་ལྗོན་ཤིང་གི་ཡལ་འདབས་རྒྱས་པའི་རྩེ་ནས།  མགྲིན་བཟང་ཁུ་བྱུག་སྔོན་མོས་དབང་གཞུའི་གཞལ་ཚོན་གྱིས་འཁྱུད་པའི་སྨུག་རླངས་ཀྱི་ཟིལ་པ་འཇོ་བཞིན་སྦྲང་ཆར་གྱིས་མྱོས་ཏེ།   གངས་རི་ལ་དུང་བའི་སྒྲ་དབྱངས་རི་ལུང་ཁོར་ཡུག་ཀུན་ཏུ་ཁྱབ་ཅིང་ཐོས་འཛིན་གསོས་སུ་འདེབས་བཞིན་ཡིད་ཀྱི་དང་བ་འདྲེན་པ།  སྟོན་གསུམ་སྟོད་དུ་རྫ་རི་སྔོན་མོའི་དལ་གྱིས་གཡོ་བའི་བ་ལྡན་གྱི་ཆུ་འཛིན་དཀར་པོའི་ན་བཟའ་ཀླུབ་ཤིང་། གངས་ཞུན་གྱི་རྔུལ་ནག་གཞུར་བའི་རི་འདབས་དྭངས་གཙང་རྫ་ཆུ་སྔོན་མོའི་བཞུར་རྒྱུན་ལྷུང་ལྷུང་དུ་འབབ་སྟེ།  སྦུ་ཕྲེང་གྱེན་དུ་འཐོར་བས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་དུ་འགྲོ་བའི་བལྟས་སུ་གྲུབ་པ་དང་། དཔྱིད་གསུམ་དལ་བུར་ལྡང་བའི་དྲི་ཞོན་གྱིས་རེག་པའི་ནོར་འཛིན་སྒེག་མོའི་ཆགས་པའི་ཟུག་རྔུ་མ་བཟོད་པར། རྔུལ་ནག་གི་སྨུག་རླངས་དྲི་བཟང་དང་སྡེབ་པའི་སྤོས་་ངད་རི་ཀླུང་ཀུན་ཏུ་ཁྱབ་ཅིང་གནས་རི་ལ་མཆོད་སྤྲིན་འབུལ་བ།  མདོར་ན་གོ་ལའི་ཡང་རྩེར་ཇོ་མོ་གླང་མ་ཞེས་ཀུན་གྱིས་ཡིད་སྨོན་འཆོར་བའི་གནས་རི་ཁྱད་པར་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཞིག་ལས་ཆུ་ཐིགས་ཙམ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་མཆོད་ཡོན་གྱི་རྫས་སུ་ཕུལ་བ་ལགས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1