སློབ་མར་རྒྱུས་ལོན་ཡག་པོ་བྱས་ནས་སློབ་གསོ་གནད་དུ་ཐེངས་པ་གཏོང་དགོས།

ཚེ་འབྲུག་མཁར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29


[གནད་བསྡུས] དཔྱད་རྩོམ་འདིའི་ནང་དགེ་རྒན་གྱིས་སློབ་མར་བརྟགས་ནས་རྒྱུས་ལོན་བྱེད་པ་ནི་སློབ་ཁྲིད་ཀྱི་ནུས་རྩལ་ཞིག་དང་། སློབ་གསོའི་འོས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་ཐུབ་པའི་གནད་སའི་ཆ་རྐྱེན་ཞིག་ཡིན་ལ། སློབ་གསོའི་ཐབས་ལམ་འཚོལ་བ་སྟེ། སློབ་གསོའི་དམིགས་ཚད་ཡོངས་འགྲུབ་དང་སློབ་མའི་སྤུས་ཚད་མཐོར་འདེགས་འབྱུང་སླད་ཡིན་པར་དཔྱད་པ་བཏང་ཡོད།

[གནད་ཚིག] སློབ་མར་རྒྱུས་ལོན། དཔེ་ཁྲིད་མི་སྐྱོང་། རྟོག་དཔྱོད། མཉམ་འགྲོགས་མཉམ་གནས།

གཅིག སློབ་མར་བརྟག་པའི་དགོས་པ།

དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་གསོའི་ཁྲོད་དུ་བླ་སློབ་ཕན་ཚུན་ལ་བརྟག་པར་བྱ་བ་དེ་དཔེ་ཁྲིད་ཀྱི་སྔོན་འགྲོ་གལ་ཆེན་ཞིག་ཏུ་བརྩི་བ་ནི། བླ་སློབ་ཕན་ཚུན་དམ་ཚིག་མི་ཉམས་པ་དང་ཆོས་འཁྲིད་ཀྱི་རྒྱུན་སྐྱོང་ཐུབ་པ་སོགས་ཀྱི་དགོས་པ་བླ་ལྷག་ཏུ་མཆིས། དེང་རབས་སློབ་གྲྭའི་སློབ་གསོའི་ཁྲོད་དུ་དགེ་སློབ་ཕྱོགས་གཉིས་ལ་ཕན་ཚུན་བརྟག་པ་གདམ་གསེས་ཀྱི་རང་དབང་ཆེར་མེད་ནའང་། དགེ་རྒན་གྱིས་སློབ་མར་བརྟགས་ནས་དེ་ལ་རྒྱུས་ལོན་ཟབ་མོ་ཞིག་བྱེད་པ་ནི་ཧ་ཅང་གལ་ཆེ་ཞིང་།
གཅིག་ཏུ་ན་དགེ་རྒན་གྱིས་སློབ་མར་བརྟགས་ནས་རྒྱུས་ལོན་བྱེད་པ་ནི་སློབ་ཁྲིད་ཀྱི་ནུས་རྩལ་ཞིག་དང་།
སློབ་གསོའི་འོས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་ཐུབ་པའི་གནད་སའི་ཆ་རྐྱེན་ཞིག་ཀྱང་ཡིན་པ་སྟེ།

༡.སློབ་མར་བརྟགས་ནས་རྒྱུས་ལོན་ཟབ་མོ་ཞིག་བྱ་ཐུབ་ན་ད་གཟོད་དེ་ལ་སློབ་གསོ་ཡང་དག་པ་ཞིག་གཏོང་ཐུབ། དེང་རབས་སློབ་གསོའི་དམིགས་ཡུལ་ནི་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཞུགས་ཐུབ་པའི་མི་འཇོན་ནུས་ཅན་གསོ་སྐྱོང་བྱ་རྒྱུ་དེ་ཡིན་པས། དམིགས་ཡུལ་དེ་འགྲུབ་པ་ལ་སློབ་གསོ་གཏོང་ཡུལ་གྱི་བྱིས་པའི་ཐུན་མོང་ངམ་མི་སྒེར་གྱི་རང་གཤིས་དང་ལུས་ཁམས། རིག་སྟོབས་ཀྱི་ཁྱད་ཆོས། ཁྱིམ་ཚང་དང་ཁོར་ཡུག་གི་གནས་བབ་སོགས་ལ་རྒྱུས་ལོན་དང་། དེར་བསྟུན་གྱི་ཐབས་ཤེས་སྤྱད་ནས་སློབ་གསོ་བཏང་ན་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་སུ་གཏོང་ཐུབ་ལ། དཔེ་ཁྲིད་མི་སྐྱོང་གི་བྱ་གཞག་རླབས་ཆེན་འདི་ལ་གྲུབ་འབྲས་མངོན་གསལ་ཡང་ཐོབ་ཐུབ།

༢.ལོ་ན་འཕེལ་རིམ་གྱི་རིག་སྟོབས་ཀྱི་ཁྱད་ཆོས་དང་། ཕྱི་ནང་འགལ་རྐྱེན་སོགས་ཀྱིས་བསྐྱེད་པའི་རང་གཤིས་དང་སེམས་ཁམས་ཀྱི་འགྱུར་ལྡོག་དེ། བྱིས་པའང་རང་ཉིད་འཚར་ལོངས་འབྱུང་སའི་ཁོར་ཡུག་ཁྲོད་དུ་འགལ་རྐྱེན་སྣ་ཚོགས་ལ་འཕྲད་ནས། དེས་ལུས་སེམས་དང་སློབ་སྦྱོང་ཡར་རྒྱས་ལ་ཤུགས་རྐྱེན་བཟོ་ངེས་ལ།
ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་ཡང་སྣ་ཚོགས་སུ་སྣང་བས།
དགེ་རྒན་གྱིས་སེམས་ཞིབ་མོས་བརྟག་དཔྱད་བྱས་ཏེ། སློབ་མའི་ལུས་སེམས་སུ་ཐེབས་པའི་ཤུགས་རྐྱེན་གྱི་འབྱུང་ཁུངས་དང་ཚད་གཞི་བཅས་ལ་རྒྱུས་ལོན་གཏིང་ཟབ་པ་ཞིག་བྱ་ཐུབ་ན། སློབ་མའི་ལུས་སེམས་ཀྱི་འགལ་རྐྱེན་ཐག་གཅོད་པའི་ཐབས་ཤེས་རྙེད་ཐུབ། དཔེར་ན། སློབ་མ་ཞིག་ལ་མཚོན་ན། རྒྱུ་རྐྱེན་ཕྱོགས་མང་པོ་མཆིས་ཏེ།
སློབ་སྦྱོང་གི་ཀུན་སློང་ཉམས་དམས་སུ་འགྱུར་བཞིན་པ་དང་། སྒྲིག་ལམ་ལ་འགལ་བ། གྲོགས་ངན་པར་འཕྲད་པ་སོགས་ཀྱིས་ནང་བསམ་པ་དང་ཕྱིའི་སྤྱོད་ལམ་ལ་ལྡོག་ཕྱོགས་ཀྱི་ཤན་ཤུགས་དང་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་འབྱུང་ངེས། དགེ་རྒན་གྱིས་དུས་ཐོག་ཏུ་རྒྱུས་ལོན་བྱ་ཐུབ་པ་ན། གནད་དོན་ཐག་གཅོད་དང་དག་སེལ་ཐུབ་པ་མ་ཟད། ད་དུང་འབྱུང་འགྱུར་སྔོན་འགོག་གི་ཐབས་ཤེས་ཀྱང་རྙེད་ཐུབ་སྙམ།

༣.སློབ་མར་བརྟགས་ནས་རྒྱུས་ལོན་བྱས་ཚེ་ཐུན་མོང་ངམ་སྤྱི་འཕེལ་རྒྱས་སུ་འགྲོ་ཐུབ། མི་ནི་ཐུན་མོང་ལ་བརྟེན་ནས་འཚོ་བ་ཞིག་ཡིན་པས། དེ་བཞིན་སློབ་མའང་ཐུན་མོང་གི་ཁོར་ཡུག་ལ་ཁ་འབྲལ་ཐབས་མེད།
དགེ་རྒན་གྱིས་ཐུན་མོང་གི་གྲུབ་ཆར་གྱུར་པའི་སློབ་མ་སོ་སོའི་རང་གཤིས་དང་སེམས་ཁམས་སོགས་ལ་རྒྱུས་གསལ་བོ་ཞིག་ལོན་ཚེ། ད་གཟོད་འཛིན་གྲྭ་ཐུན་མོང་དེའི་སྤྱིའི་ཁྱད་ཆོས་དང་གནས་པའི་གནད་དོན་ལ་
རྒྱུས་ལོན་ཐུབ་པ་དང་། དུས་མཚུངས་གང་ལ་གང་འཚམ་གྱི་ཐབས་ཤེས་སྤྱད་ནས་ཐུན་མོང་ཡར་རྒྱས་སུ་གཏོང་ཐུབ་པ་ཡིན་ནོ། །

གཉིས། སློབ་མར་ཕྱོགས་གང་དག་ནས་བརྟག་དགོས་ཚུལ།

༡.སློབ་མ་འཚར་ལོངས་བྱུང་བའི་བརྒྱུད་རིམ་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ།

བྱིས་པ་རེ་རེར་ནར་སོན་པའི་གོ་རིམ་ཐད་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཐུང་ངུ་རེ་ཡོད་ལ། ཐུན་མོང་མ་ཡིན་པའི་འཚར་སྐྱེས་ཀྱི་བརྒྱུད་རིམ་ཁྲོད་དུ་ཁྱིམ་ཚང་དང་ཕ་མ། ཁོར་ཡུག་དང་འགྲོགས་འདྲིས་སོགས་ཀྱི་སྐྱིད་སྡུག་ལེགས་ཉེས་ཀྱི་མྱོང་བའང་མི་འདྲ་བ་རེ་རེ་ཡོད་པས། དེས་ད་ལྟའི་རང་གཤིས་དང་སེམས་ཁམས་ལ་བག་ཆགས་བཞག་ཡོད། དེ་བས་བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་ཀྱི་མི་སྣ་དང་ཁོར་ཡུག་སོགས་ལ་རྒྱུས་ལོན་ཅུང་ཙམ་བྱ་ཐུབ་ན། བྱིས་པའི་ད་ལྟའི་རང་གཤིས་དང་སེམས་ཁམས་གྲུབ་པའི་གནས་ཚུལ་རྒྱུས་ལོན་ཡང་དག་བྱེད་པར་རམ་འདེགས་ཐུབ་ལ། བྱིས་པའི་སེམས་ཁམས་སུ་ཐེབས་པའི་བག་ཆགས་ངན་པ་སེལ་བར་རོགས་རམ་ཡང་ཐུབ་བོ། །

༢.སློབ་མའི་ད་ལྟའི་འཕེལ་རྒྱས་ཀྱི་མངོན་ཚུལ་རྟོགས་དགོས།

ཕྱི་སྣོད་ཀྱི་འཇིག་རྟེན་ལ་འགྱུར་བ་འབྱུང་བཞིན་པ་ནང་བཞིན་ནང་བཅུད་ཀྱི་མི་ལའང་འགྱུར་བ་འཕེལ་རྒྱས་འབྱུང་བཞིན་པ་ལྟར། ད་ལྟའི་བྱིས་པའི་འཕེལ་རྒྱས་ཀྱི་མངོན་ཚུལ་སྣ་ཚོགས་ལས་དུས་ལྟར་བྱིས་པར་རྒྱུས་ལོན་བྱ་དགོས། ད་ལྟར་མངོན་པའི་བསམ་བློ་དང་ཀུན་སྤྱོད་སོགས་ལ་འགྱུར་ལྡོག་ཐེབས་པའི་དེང་གི་རྒྱུ་རྐྱེན་སྣ་ཚོགས་ཤེས་རྟོགས་ཐུབ་པ་དང་། འཚར་ལོངས་ཀྱི་གོ་རིམ་ཁྲོད་ནས་མཐུན་རྐྱེན་དང་འགལ་རྐྱེན་གང་དག་གིས་ཁོ་ཚོར་འགྱུར་ལྡོག་འབྱུང་བ་སོགས་ཤེས་རྟོགས་བྱ་དགོས།

༣.དངོས་ཡོད་ཐད་ནས་སློབ་མར་རྒྱུས་ལོན་བྱེད་པ།

(1)ཁྱིམ་ཚང་།

ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་ཚང་གི་གནས་ཚུལ་གྱིས་སློབ་མར་བག་ཆགས་ཐེབས་པ་ཧ་ཅང་ཟབ་པས། བྱིས་པར་རྒྱུས་ལོན་བྱ་བ་ལ་ཁོ་ཚོའི་ཁྱིམ་ཚང་གི་གནས་ཚུལ་ལ་བརྟག་དཔྱད་བྱ་དགོས་ཏེ། ཁྱིམ་བདག་གི་ལས་རིགས་དང་རིག་གནས་ཆུ་ཚད། གཤིས་སྤྱོད། ཁྱིམ་མིའི་བར་གྱི་འབྲེལ་བ་དང་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ། ཁྱིམ་བདག་གིས་སློབ་གསོར་འཛིན་པའི་ལྟ་ཚུལ་སོགས་ཤེས་རྟོགས་བྱུང་ན། དེ་ལས་སློབ་མའི་སེམས་ཁམས་དང་ཀུན་སྤྱོད་རྒྱུས་ལོན་བྱེད་པ་ལ་ཕན་ཐོགས་འབྱུང་ངེས་སོ། །

(2)འབྲེལ་བ།

བོད་ཀྱི་ཁ་དཔེར། མཆོད་རྟེན་ལ་འགྲོགས་ན་དཀར་རག་དང་། ཟངས་ངར་འགྲོགས་ན་ཀྲེ་ནག ཅེས་པ་ལྟར་མི་དང་འབྲེལ་འདྲིས་བྱེད་པ་ལས་བཟང་ངན་ཅི་རིགས་ཀྱི་སྤྱོད་ཡོན་བག་ཆགས་འགོ་སྲིད་པས། མི་དང་མིའི་བར་གྱི་འབྲེལ་འདྲིས་འགྲོགས་སྟངས་ལ་དོ་སྣང་བྱ་དགོས་ཏེ། དེ་ཡང་ཁྱིམ་མི་དང་སློབ་གྲོགས། སྤྱི་ཚོགས་ཐོག་གི་མི་སྣ་རིགས་གང་དག་ལ་འགྲོགས་འདྲིས་འགྲོ་འོང་བྱེད་པ་སོགས་ལ་དུས་ལྟར་ཤེས་རྟོགས་ཐུབ་ན། སློབ་མའི་བསམ་བློ་དང་བྱ་སྤྱོད་ཀྱི་ཕྱོགས་སུ་ཤུགས་རྐྱེན་གང་དག་ཐེབས་པ་རྒྱུས་ལོན་བྱ་ཐུབ་བོ། །

(3)སློབ་སྦྱོང་།

སློབ་མའི་འགན་འཁྲི་གཙོ་བོ་ནི་རིག་སྟོབས་དང་རིག་སྟོབས་མ་ཡིན་པའི་ཤེས་བྱ་སྣ་ཚོགས་ལ་སློབ་སྦྱོང་བྱེད་པ་དེ་ཡིན་པས། དགེ་རྒན་གྱིས་སློབ་མའི་ཕྱོགས་ཡོངས་ཀྱི་སློབ་སྦྱོང་གནས་ཚུལ་ཤེས་རྟོགས་བྱེད་པ་ནི་གལ་ཆེན་ཡིན། དཔེར་ན། སློབ་མ་དེའི་བསླབ་ཚན་གང་ཞིག་གི་བསླབ་འབྲས་བཟང་བ་དང་། ཕྱོགས་གང་ནས་ཅུང་ཟད་རྗེས་ལུས་ཡིན་པ། བསླབ་ཚན་གང་དག་ལ་སློབ་སྦྱོང་གི་སྤྲོ་བ་དང་བརྩོན་ཤུགས་ཆེ་བ། ཁྲིད་ཚན་གང་ལ་ཅུང་ཟད་སྤྲོ་བ་ཉམས་པ་དང་དེའི་རྒྱུ་རྐྱེན་སོགས་ལ་དགེ་རྒན་གྱིས་ཡོངས་ཁྱབ་ཏུ་རྒྱུས་ལོན་བྱ་དགོས། ཡིག་རྒྱུགས་ཀྱི་སྐར་འབྲས་ཙམ་ལ་བརྟེན་ནས་སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ལ་གདེང་འཇོག་ཆ་ཚང་བ་ཞིག་བྱ་ཐབས་མེད་པས་ན། སློབ་མའི་རིག་པ་འཕེལ་བའི་ཆུ་ཚད་དང་། སློབ་སྦྱོང་གི་ཀུན་སློང་དང་སྤྲོ་སྣང་། སློབ་སྦྱོང་བྱེད་ཐབས་དང་སེམས་ཤུགས་སོགས་ལ་རྒྱུས་ལོན་བྱ་རྒྱུ་གལ་ཆེའོ། །

(4)ཀུན་སྤྱོད།

དེ་ཡང་ཕྱིའི་ཀུན་སྤྱོད་ནི་ནང་བསམ་པའི་མངོན་ཚུལ་ཞིག་ཡིན་པས། ང་ཚོས་སློབ་མའི་ཀུན་སྤྱོད་ལ་
བརྟགས་པ་ལས་སློབ་མའི་ནང་སེམས་ཀྱི་བསམ་པའི་འཁྱེར་སོ་དང་ལྟ་བའི་འགྱུར་ལྡོག་ཐད་ལ་ཤེས་རྟོགས་ཐུབ་པ་ཡིན། དེ་ཡང་སློབ་མའི་ན་ཚོད་དང་ལུས་ཁམས་ཀྱི་གནས་ཚུལ་ལས་རང་གཤིས་ཀྱི་ཁྱད་ཆོས་དང་། རང་གཤིས་ཀྱི་མངོན་ཚུལ་དེ་ཀུན་སྤྱོད་ཐད་ནས་མངོན་པས། དུས་རྟག་ཏུ་སློབ་མའི་ཀུན་སྤྱོད་ཀྱི་མངོན་ཚུལ་དང་འགྱུར་ལྡོག་ལ་བརྟག་དཔྱད་མཉམ་འཇོག་བྱས་ཏེ་སློབ་མ་ལ་རྒྱུས་ལོན་བྱ་དགོས།

(5)ལུས་ཕུང་།

སློབ་མའི་ལུས་ཕུང་བདེ་ཐང་གི་གནས་ཚུལ་གྱིས་སློབ་མའི་སློབ་སྦྱོང་དང་སེམས་ཁམས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། དུས་རྒྱུན་སློབ་མའི་ད་ལྟའི་གཟུགས་གཞིའི་འཚར་སྐྱེ་དང་། མིག་དབང་དང་རྣ་དབང་གི་ཚོར་ནུས་སོགས་ལུས་ཕུང་བདེ་ཐང་གི་གནས་ཚུལ་དང་། སྔོན་ཆད་ཀྱི་ན་ཚའི་ལོ་རྒྱུས་སོགས་ལ་སྐབས་ཐོག་ཏུ་རྒྱུས་ལོན་བྱས་ཏེ་ལུས་ཕུང་བདེ་ཐང་གི་རྐྱེན་གྱིས་སློབ་མའི་སློབ་སྦྱོང་དང་སེམས་ཁམས། ཀུན་སྤྱོད་ཐད་ལ་འགལ་རྐྱེན་བཟོ་བར་སེལ་ཐབས་དང་སྔོན་འགོག་བྱ་དགོས་སོ། །

གསུམ། སློབ་མར་བརྟག་པའི་ཐབས་ལམ།

སློབ་མར་རྒྱུས་ལོན་བྱེད་པ་ནི་ལས་སླ་མོ་ཞིག་མ་ཡིན་ཏེ། སེམས་ཞིབ་མོས་ཕྱོགས་མང་པོ་ནས་ཆེད་དུ་བརྟག་དགོས་པའི་ལས་ཤིག་ཡིན། གཤམ་གྱི་ཐབས་ལམ་འདི་དག་བརྒྱུད་ནས་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་ཤེས་རྟོགས་བྱ་ཐུབ།

༡.དུས་རྒྱུན་གྱི་ལས་བྱ་ལས་རྟོགས་པ། དགེ་རྒན་གྱིས་སློབ་མའི་གཞི་རྩའི་གནས་ཚུལ་བཀོད་པའི་ཡིག་ཚགས་ལས་སློབ་མའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། སློབ་མས་བྲིས་པའི་ཡིག་རིགས་ཏེ། དཔེར་ན། རྩོམ་ཡིག་དང་ཉིན་ཐོ། ངོས་ཟིན་ཡི་གེ བརྟག་དཔྱད་དྲི་གཞི་སོགས་ལས་སློབ་མའི་གནས་ཚུལ་དང་། ནང་སེམས་ཀྱི་བསམ་ཕྱོགས་དང་འདོད་ཚུལ་སོགས་མཚོན་ཐུབ་པས་དེ་དག་ལ་བརྟེན་ནས་སློབ་མར་རྒྱུས་ལོན་བྱ་ཆོག

༢.ཐུན་མོང་བྱེད་སྒོ་ལས་རྟོགས་པ། སློབ་གྲྭའི་ཐུན་མོང་ངམ་ཡང་ན་འཛིན་གྲྭའི་བྱེད་སྒོ་སྣ་ཚོགས་སྤེལ་བའི་ནང་སློབ་མའི་དགའ་ཕྱོགས་དང་བསམ་ཕྱོགས། ལས་ཕྱོགས་སོགས་ལ་བརྟགས་ནས་སློབ་མའི་རང་གཤིས་དང་སེམས་ཁམས་ལ་རྒྱུས་ལོན་བྱ་ཆོག

༣.ཁ་བརྡ་གླེང་མོལ་ལས་རྟོགས་པ། དགེ་རྒན་དང་སློབ་མ་སློབ་ཁང་ནང་དུ་འཛོམས་པ་ཙམ་གྱིས་ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱ་མི་ཐུབ། མི་དང་མིའི་ལུས་སེམས་ཀྱི་བར་ཐག་ཇི་ལྟར་ཉེ་བར་བཏང་ན། དེ་ལྟ་དེ་ལྟར་དེའི་རང་བཞིན་དང་གཤིས་ཀ བསམ་པའི་འཁྱེར་སོ་ངོ་མ་མཐོང་ཐུབ་པས། དགེ་རྒན་གྱིས་སློབ་མ་དང་ཕན་ཚུན་གྲོགས་པོ་བསྒྲིགས་ནས་ཞེ་ཐག་པ་དང་ལྷག་བསམ་དག་པས་སློབ་མ་དང་ཁ་བརྡ་བྱེད་པ་དང་།
ལྷན་དུ་རྩེད་མོ་རྩེ་བ་སོགས་བརྒྱུད་ན་སློབ་མར་རྒྱུས་ལོན་ཡང་དག་བྱ་ཐུབ།

༤.ཆེད་དམིགས་ཀྱིས་བརྟག་པ། རྗེས་ལུས་ཐེབས་པའམ་ཡང་ན་གནད་དོན་ཅན་གྱི་སློབ་མར་ཆེད་དུ་དམིགས་ནས་བརྟག་དཔྱད་བྱེད་པ་སྟེ། དེ་ཡང་བརྟག་དཔྱད་ཀྱི་གོ་རིམ་ཁྲོད་དུ་བཟང་ཆའམ་སྐྱོན་ཆ་དང་། ནོར་
འཁྲུལ་འབའ་ཞིག་ལ་དམིགས་པ་མིན་པར་སློབ་མའི་ལུས་སེམས་དང་ཕྱིའི་ཀུན་སྤྱོད། ནང་བསམ་པའི་འཁྱེར་སོ། སློབ་སྦྱོང་གི་གནས་ཚུལ་དང་མི་གཞན་གྱི་འབྲེལ་འདྲིས་སོགས་ལ་ཕྱོགས་ཡོངས་ནས་བརྟག་པ་ཤིན་ཏུ་གལ་ཆེའོ། །

༥.དུས་རྒྱུན་ཀུན་སྤྱོད་ལ་དོ་སྣང་བྱེད་པ། དགེ་སློབ་ཟུང་ནི་ཉིན་རྒྱུན་ཁ་ཐུག་ངོ་འཕྲད་ཡོད་ནའང་། དགེ་རྒན་གྱིས་སློབ་མའི་བྱ་བྱེད་ཀྱི་སྣང་ཚུལ་ཆུང་བའི་རིགས་ལ་སྣང་མེད་ཚོར་མེད་དུ་བཞག་ནས་ཅི་མི་སྙམ་པར་བསྐྱུར་མི་རུང་བར། དེ་དག་ལ་དོ་སྣང་བྱས་ཏེ། སློབ་མའི་འབྱུང་འགྱུར་གྱི་འགྱུར་ལྡོག་ལ་སྔོན་དཔག་སྒོས་རྒྱུས་ལོན་
བྱེད་དགོས།

བཞི། སློབ་མར་བརྟག་དུས་ཀྱི་འཛེམ་བྱ།

སློབ་མར་བརྟག་པ་ནི་སློབ་མ་གང་ཉིད་ཀྱི་ལུས་སེམས་སྐྱོན་བྲལ་བདེ་ཐང་ངང་མུ་མཐུད་ནས་འཕེལ་རྒྱས་འབྱུང་བའམ། ཡང་ན་སྐྱོན་གྱི་ཆ་དང་ཞན་པའི་ཆ་ལ་དམིགས་ནས་བཅོས་སྒྱུར་ཡོང་ཐབས་བྱེད་པ་ཞིག་ཡིན་པས། རང་དགར་འདོད་ཞེན་གྱིས་རྒྱུས་ལོན་བྱ་འོས་པ་ཞིག་མ་ཡིན་ལ་དེར་ཚུལ་མིན་འོས་མིན་གྱི་ཐབས་ཤེས་སྤྱད་མི་རུང་སྟེ།

༡.སློབ་མར་བརྟག་སྐབས་སློབ་མའི་བྱ་བྱེད་བཟང་ངན་ཆ་ཅི་རིགས་ཀྱི་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་གཙོ་གནད་དུ་འཛིན་པ་ལས། ཕྱོགས་རེ་བའི་ལྟ་ཚུལ་དང་ཕྱོགས་གཅིག་ཁོ་ནར་རྒྱུས་ལོན་བྱེད་པ་སྔོན་འགོག་བྱ་དགོས།

༢.སློབ་མར་བརྟག་སྐབས་དངོས་ཡོད་བདེན་པ་དང་ནན་ནན་ཏིག་ཏིག་བྱེད་པ་ལས། གཞན་གྱི་ཟེར་སྒྲོས་ཙམ་དེ་གཞི་འཛིན་བྱེད་མི་རུང་བར། ཡོངས་ཁྱབ་དང་དྲང་བདེན་གྱིས་བརྟག་དཔྱད་བྱེད་པར་འབད་དགོས།

༣.སློབ་མར་བརྟག་སྐབས་རང་གཞན་ཀུན་གྱི་འདོད་ཚུལ་དང་ལྟ་ཚུལ་གཙོ་བོར་བྱེད་པ་ལས། དགེ་རྒན་རང་གི་ལྟ་ཚུལ་དང་བསམ་ཕྱོགས་ཁོ་ནས་སློབ་མར་རྒྱུས་ལོན་བྱེད་པ་སྔོན་འགོག་བྱ་དགོས།

༤.སློབ་མར་བརྟག་སྐབས་མི་འོས་པའམ་མི་འཚམ་པའི་བྱ་ཐབས་སྤྱད་མི་རུང་སྟེ། དཔེར་ན། མི་གཞན་པའམ་སློབ་མ་གཞན་མངགས་ནས་ཆེད་དུ་སློབ་མའི་གནས་ཚུལ་ལ་བརྟག་པ་དང་། སློབ་མ་ག་གེ་མོ་ལ་ཆེད་དམིགས་མངོན་སུམ་གྱིས་བརྟག་པའམ། མངོན་སུམ་གྱིས་བརྟག་དཔྱད་ཚོགས་འདུ་སོགས་འཚོག་པ། དགེ་རྒན་རང་གིས་མི་བརྟག་པར་མི་ལ་ཤས་ཀྱིས་བརྗོད་པ་ཙམ་ལས་རྒྱུས་ལོན་བྱེད་པ་དང། སློབ་མའི་ཁེ་དབང་ལ་གནོད་པ།
གསང་བ་ཕྱིར་ཕུད་པ། བཙན་ཤུགས་སྤྱོད་པ་སོགས་ཀྱི་ཐབས་གཏན་ནས་སྤྱོད་མི་རུང་ངོ་། །

མདོར་ན། སློབ་མར་བརྟག་པ་ནི་སློབ་གསོའི་ཐབས་ལམ་འཚོལ་བ་སྟེ། སློབ་གསོའི་དམིགས་ཚད་ལེགས་འགྲུབ་དང་སློབ་མའི་སྤུས་ཚད་མཐོར་འདེགས་འབྱུང་བའི་སླད་ཡིན་པས་ན། ཅིས་ཀྱང་རྗེས་ལུས་སམ་ཞན་ཆ་ཅན་གྱི་སློབ་མ་འབའ་ཞིག་ལ་བརྟག་པ་སྤངས་ཏེ། སློབ་མ་ཡོངས་ལ་དམིགས་ནས་བྱིས་པ་སོ་སོའི་རང་གཤིས་དང་སེམས་ཁམས། ཁྱིམ་ཚང་སོགས་ལ་རྒྱུས་ལོན་ཟབ་མོ་ཞིག་བྱུང་ན། ད་གཟོད་སློབ་གསོ་གནད་དུ་ཐིངས་པ་གཏོང་བའི་ཐབས་ཤེས་རྙེད་ཐུབ་པ་ཡིན་ནོ། །


* ཚེ་འབྲུག་མཁར། ཐུན་རིན་གྲོང་ཁྱེར་མི་རིགས་སློབ་འབྲིང་གཉིས་པར་ཕྱག་ལས་གནང་བཞིན་ཡོད།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1