སློབ་ཆུང་སྐད་ཡིག་སློབ་ཁྲིད་ཐད་ཀྱི་མཉམ་འཇོག་དགོས་པ་འགའ།

ཀླུ་མོ་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-29


[གནད་བསྡུས] སྐད་ཡིག་སློབ་ཁྲིད་གོ་རིམ་ཁྲོད་སློབ་ཁྲིད་དམིགས་ཚད་ལྟར་གྲ་སྒྲིག་དང་གཏན་འབེབས་བྱས་ཏེ་འཁྲིད་རྒྱུ་ནི་སྐད་ཡིག་དགེ་རྒན་གྱི་ལས་ཀ་གཙོ་བོ་ཞིག་ཡིན་ལ་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། དེ་ལྟ་ནའང་། སློབ་ཁྲིད་བརྒྱུད་ནས་ཤེས་བྱ་བརྒྱུད་སྒྲོག་བྱེད་སྐབས་གནད་དོན་རེ་འགའ་བྱུང་དང་འབྱུང་བཞིན་ཡོད་པས་དེའི་ཕྱོགས་ལ་མཉམ་འཇོག་དགོས་པ་འགའ་དགོས་དབང་གིས་ཅུང་ཟད་གླེང་བར་བྱའོ། །

[གནད་ཚིག] སློབ་ཆུང་སྐད་ཡིག སློབ་ཁྲིད། གནད་དོན།

དང་པོ། སློབ་ཁྲིད་དམིགས་ཚད་མི་གསལ་བ།

སྐད་ཡིག་དགེ་རྒན་སློབ་ཁྲིད་ལ་འཇུག་པའི་སྐབས་སུ་སློབ་ཁྲིད་འཆར་གཞི་ཇུས་འགོད་ལེགས་པོ་ཞིག་བྱེད་དགོས་པ་དང་། སློབ་ཁྲིད་ནང་དོན་ཐད་རྩ་འཛུགས་གང་ལེགས་བྱེད་པ། སློབ་ཁྲིད་གཙོ་གནད་གཏན་འབེབས་བྱེད་པ། འོས་འཚམ་གྱི་སློབ་ཁྲིད་བྱེད་ཐབས་གདམ་གསེས། སློབ་ཁྲིད་བརྒྱུད་རིམ་བཀོད་སྒྲིག་བྱེད་པ་བཅས་ནི་སློབ་ཁྲིད་དམིགས་ཚད་ལ་ཁ་གཏད་ནས་ཐག་གཅོད་བྱ་དགོས་པ་ལས། སློབ་ཁྲིད་དམིགས་ཚད་མི་གསལ་བ་ནི་སློབ་ཁྲིད་རྩ་གནད་དང་འགལ་བའི་གནད་དོན་ཞིག་ཏུ་ངེས།

སྤྱིར་ན་སློབ་ཁྲིད་དམིགས་ཚད་ནི་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་མགོ་མཇུག་བར་གསུམ་དུ་སྐབས་བབ་ཀྱི་འོས་འགན་ལེགས་པར་འགྲུབ་དགོས་པའི་ཚད་གཞི་སྟེ། ཁྲིད་གཞིའི་ནང་དོན་དང་འབྲེལ་བའི་སློབ་ཁྲིད་གོ་རིམ་རེ་རེ་བརྒྱུད་ནས་སློབ་མའི་ནུས་པ་གང་འདྲ་ཞིག་སྐྱེད་སྲིང་བྱ་བ་དང་ཤེས་བྱ་གང་དག་གཙོར་ངེས་སུ་འཇུག་དགོས་པ། སློབ་མར་བསམ་བློའི་སློབ་གསོ་ག་འདྲ་ཞིག་ཐེབས་སུ་འཇུག་པ་བཅས་ལ་གོ་དགོས། ལྷག་པར་དུ་སློབ་ཁྲིད་ཀྱི་གཙོ་དཀའ་གནད་གང་ཡིན་པ་དེ་ཡང་དམིགས་ཚད་ལྟར་གཏན་ཁེལ་བྱ་དགོས་པ་ནི་མི་ནོར་བར་བྱ་བའི་གཞི་ཞིག་ཡིན།

དེ་ཡང་སློབ་གསོ་ཆེད་མཁས་པ་དག་གིས་སྨྲས་པ་ནང་བཞིན། ང་ཚོ་སྟེ། དགེ་རྒན་ཞིག་གི་ངོས་ནས་བཤད་ན་སློབ་གསོའི་ཐད་སྒྲུབ་བཞིན་པ་ཡོད་ཚད་སློབ་མའི་ཆེད་དུ་ཡིན་དགོས་པ་དང་། སློབ་མ་ཡོད་ཚད་ཀྱི་ཆེད་དུ་ཡིན་དགོས། ཡང་གཅིག་བཤད་ན་སློབ་མ་ཡོད་ཚད་ཀྱི་ཆེད་དུ་དགེ་རྒན་གྱིས་ཅི་ཞིག་ཁྲིད་དགོས་པ་དང་། སློབ་མས་གང་ཞིག་ཤེས་དགོས་པའི་གནད་དོན་དེ་ངེས་པར་དུ་རྟོགས་དགོས། དེ་ལྟ་ནའང་དགེ་རྒན་གྱིས་རང་ཉིད་ཀྱི་གཞི་རྩའི་བྱང་ཚད་མཐོར་འདེགས་སུ་གཏོང་མ་ཐུབ་པར་སློབ་གསོའི་ལས་དོན་སྒྲུབ་པའི་ལས་ལ་ཞུགས་ན། དེ་སློབ་མའི་རྣམ་ཤེས་འགུགས་པའི་ལྕགས་ཀྱུར་འགྱུར་མི་ཐུབ་ལ། སློབ་མའི་རྣམ་དཔྱོད་འཕེལ་བའི་ཉ་མོ་དེ་བས་ཀྱང་འཛིན་མི་ཐུབ་པའི་གནད་དོན་དུ་འགྱུར་སྲིད། གཞན་ཡང་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་མི་ཐུབ་པ་མ་ཟད། ད་དུང་སློབ་ཁྲིད་ཀྱི་འབྲས་བུའང་མངོན་གསལ་དུ་ཐོན་མི་ཐུབ་པས། ངེས་པར་དུ་སློབ་མའི་སློབ་སྦྱོང་གི་གོམས་གཤིས་ལེགས་པོ་རྒྱུན་འཁྱོངས་དང་དགའ་ཕྱོགས་སྐྱེད་སྲིང། སློབ་སྦྱོང་བྱེད་ཐབས་བཅས་ལ་གཞིགས་ནས་སློབ་ཁྲིད་ཀྱི་དམིགས་ཚད་འཁྲུལ་མེད་ཅིག་གཏན་འཁེལ་བྱ་དགོས།

གཉིས་པ། སློབ་མར་མི་དམིགས་པ།

སློབ་ཆུང་སློབ་མར་སློབ་ཁྲིད་བྱེད་སྐབས་ཁྲིད་གཞིའི་ནང་དོན་གོ་སླ་ལ་དོན་འདུས་པ་དང་འཛིན་བདེ་ལ་ཉན་སྤྲོ་བ་ཞིག་བྱས་ན་ཤིན་ཏུ་འཕྲོད་དེ། དཔེར་ན། པི་པི། ཨ་མཆོད། ཏ་ལེན་ལྟ་བུའི་ཐ་སྙད་དག་ལ་འགྲེལ་རྒྱག་སྐབས་རབ་ཡིན་ན་རི་མོ་སྟོན་དགོས་པ་དང་ནང་དོན་སྟབས་བདེ་ཞིག་འབྲི་བ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། དེ་ལས་ལྡོག་སྟེ་འགྲེལ་བ་རིང་བོ། འབྲེལ་མེད་དང་དགོས་མེད་ཀྱི་ཀྱལ་གཏམ་མང་ན་སུན་སྣང་སྐྱེས་སླ་ལ་རྨོངས་པའི་དབང་དུའང་ཤོར་སྲིད་པས། རྒྱས་བཤད་དམ་འཕྲོས་བཤད་མི་དགོས་པར་གཙོ་གནད་འབུར་དུ་ཐོན་རྒྱུ་ནི་གལ་ཆེ།

གལ་ཏེ་ཁྲིད་ཡུལ་སློབ་མའི་རྨང་གཞི་ལ་མི་གཞིགས་པར་རང་སྣང་གང་དྲན་དང་དོན་འགྲེལ་རྒྱས་བཤད་མང་དྲགས་ན་སློབ་མ་རྩེ་གྲ་དང་འབྲིང་རྣམས་ཀྱིས་གོ་སྲིད་ནའང་སློབ་ཞན་སློབ་མས་མི་གོ་བའི་དབང་དུ་འགྲོ་བས་ན། བྱིས་པ་སོ་སོའི་ཤེས་རྟོགས་ཀྱི་ཚད་གཞི་ལ་ངེས་པར་དུ་རྒྱུས་ལོན་བྱ་དགོས་ཤིང་། སློབ་ཁྲིད་ཟིན་བྲིས་ཀྱང་དེ་ལ་དེ་བསྟུན་གྱིས་བཏབ་ན་ལེགས་སྙམ།

དེ་ཡང་རྣམ་པ་མི་འདྲ་བའི་དབང་དུ་དབྱེ་ན། སློབ་མ་ལ་ལའི་མིག་ཤེས་ཞན་པ་དང་ལ་ལའི་རྣ་ཤེས་ཞན་པ། ལ་ལའི་བསམ་གཞིག་གི་ནུས་པ་ཞན་པ། ལ་ལའི་བརྡར་ཤ་གཅོད་པའི་ནུས་པ་ཞན་པ། ལ་ལའི་དཔེ་ཀློག་དང་ཡི་གེའི་ངོས་འཛིན་གྱི་ནུས་པ་ཞན་པ། ལ་ལ་སྙིང་སྟོབས་ཆུང་ལ་རང་རྐྱ་མི་ཐུབ་པ། ལ་ལ་བསླབ་བྱ་གཞན་པར་སྤྲོ་ཡང་བོད་ཡིག་ལ་མི་དགའ་བ་སོགས་རྒྱུ་རྐྱེན་གང་མང་ཡོད་པས། སློབ་མ་རེ་རེའི་ཁྱད་ཆོས་དང་ཆུ་ཚད་ལ་རྒྱུས་ལོན་བྱས་ཏེ་འཁྲིད་རྒྱུ་ཤིན་ཏུ་གལ་ཆེའོ། །

གསུམ་པ། སློབ་ཁྲིད་ལ་གྲ་སྒྲིག་མེད་པ།

གྲ་སྒྲིག་མེད་པའི་སློབ་ཁྲིད་ཅེས་པ་ནི་གང་ལྟ་བུ་ལ་གོ་དགོས་ཤེ་ན། གང་ཞིག་འཁྲིད་དགོས་པ་མི་ཤེས་པ་དང་ཇི་ལྟར་འཁྲིད་ཚུལ་ལ་ངེས་ཤེས་མེད་པ། གདེང་ཚོད་མེད་པ། སྐབས་སུ་བབ་པའི་འཁྲིད་བྱ་ལ་གསལ་ཆ་མེད་པ། ཁྲིད་ནོར་འབྱུང་བ་དང་ནང་དོན་རིང་དྲགས་པ་དང་། གོ་རིམ་འཆོལ་ནས་ཉོག་པར་གྱུར་པ་སོགས་ལ་གོ དེ་ལྟ་བུའི་སློབ་ཁྲིད་ནི་ཉི་མ་གཏོང་བྱེད་ཁོ་ན་ཡིན་པས་དགེ་སློབ་གང་ལའང་ཕན་མི་ཐོགས་པའི་འཕུང་བྱེད་ཀྱི་རྒྱུ་རུ་ཟད།

སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན་ཕྱོགས་གང་དག་ལ་གྲ་སྒྲིག་བྱ་དགོས་ཤེ་ན། ཐོག་མར་བསླབ་ཚན་ལ་ཞིབ་འཇུག་དང་དེ་ནས་སློབ་ཁྲིད་ཀྱི་ཟིན་བྲིས་ལེགས་པོ་ཞིག་འདེབས་པ། དེ་ནས་འཁྲིད་བྱའི་ནང་དོན་དང་སློབ་མའི་དོན་དངོས་ཀྱི་གནས་ཚུལ་གཉིས་ཀ་དོ་མཉམ་ཡིན་མིན་ལ་དམིགས་ནས་ཁྲིད་ཐབས་གཏན་ལ་དབབ་དགོས། གལ་ཏེ་དཀའ་གཙོ་གནད་འབུར་དུ་མི་ཐོན་པ་དང་སློབ་མའི་དཀའ་ཁག་ལ་བསམ་བློ་མ་བཏང་ན་གྲ་སྒྲིག་མ་འདང་བའི་སྐྱོན་དུ་འགྱུར་བས། སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་འཁྲིད་ན་ལེགས་སྙམ།

དེས་ན་སྦྱོར་བ་ཞེས་པ་ནི། སློབ་ཁྲིད་མ་བྱས་པའི་གོང་དུ་བསླབ་དེབ་ལ་ཞིབ་འཇུག་དང་དམིགས་ཚད་ལྟར་ཟིན་བྲིས་ལེགས་པོ་ཞིག་གདབ་དགོས་པ་དེ་ཡིན། དངོས་ཞེས་པ་ནི། སློབ་ཁྲིད་ཀྱི་སྐབས་སུ་སློབ་མའི་བློ་ཁ་དང་བསྟུན་ནས་ཤེས་བྱ་དང་བསམ་བློ་བརྒྱུད་སྒྲོག་བྱེད་པའི་རིམ་པ་ལ་གོ རྗེས་ཞེས་པ་ནི་སློབ་ཁྲིད་བྱས་པའི་རྗེས་སུ་སློབ་མས་ཤེས་ཡོད་མེད་དང་། ཁྲིད་ཐབས་འགྲིག་མིན།
གཙོ་དཀའ་གནད་འབུར་ཐོན་ཡོད་མིན་དང་། སློབ་ཁྲིད་ཀྱི་གོ་རིམ་ཉོག་ཡོད་མེད། ལས་བྱ་བཀོད་སྒྲིག་བྱས་པ་ལེགས་མིན་དང་འོས་འཚམ་ཡིན་མིན་སོགས་ལ་དབྱེ་ཞིབ་བྱས་ཏེ་སྙིགས་དོར་བཅུད་ལེན་སྒོས་མི་འདང་ས་བཅོས་སྒྱུར་དང་བཟང་ཆ་གསོག་འཇོག་བྱེད་པ། ཐུན་རྗེས་མའི་འཆར་གཞི་ཇི་ལྟར་གཏན་འབེབ་བྱ་ཚུལ་ལ་གོ དེ་བས་སློབ་ཁྲིད་གྲ་སྒྲིག་ལ་ཚང་དགོས་པའི་ཆ་རྐྱེན་ལྟར་ཟིན་བྲིས་སུ་འདེབས་པ་ལས། འགན་ཁུར་འགྲུབ་ཐུབ་ཙམ་དང་། གྲངས་མཐོ་དམའ་ཙམ། ཡང་ན་རང་གི་སྙན་གྲགས་དང་ཁེ་ཕན་ཙམ་གྱི་ཆེད་དུ་སློབ་ཁྲིད་བྱེད་པའི་མཇུག་འབྲས་ནི་
ངལ་བ་འབྲས་མེད་ཡིན་པ་སྨོས་མ་དགོས།

གཞན་ཡང་། དགེ་རྒན་གྱིས་སློབ་ཁྲིད་བྱ་འགུལ་ཁྲོད་དཀའ་བ་བསྐྱུར་ནས་སླ་བ་ཁྲིད་པ་དང་། གཙོ་གནད་བོར་ནས་ཁྲིད་པ། ཡོན་ཚད་ངོམས་ནས་ཁྲིད་པ། གོ་རིམ་ཉོག་ནས་ཁྲིད་པ། རང་གི་སྙན་གྲགས་དང་ཁྱིམ་རྒྱུད་ཀྱི་གནས་ཚུལ་བཤད་ནས་ཁྲིད་པ་དང་། འཁྲིད་བྱའི་དོན་གསལ་བར་མ་རྟོགས་པར་ལོག་པར་འཁྲིད་པ་སོགས་དང་། ཡང་ན་སློབ་ཁྲིད་རྣམ་འགྱུར་མི་དྲང་བའི་སྒོ་ནས་དགོས་མེད་ཁ་སྟོང་ནང་གི་ཚིག་སྟོང་ཏག་ཏག་སྤེལ་བ་དེ་ཡང་གནད་དོན་ཞིག་ཡིན་པས། དགེ་རྒན་གྱིས་ཐོག་མར་རང་གི་ཐོབ་ཐང་ལ་ངོས་འཛིན་ཡང་དག་དང་། དེ་ནས་ལས་ཀ་ལ་ངོས་འཛིན་ཡང་དག་བྱས་ནས་སློབ་ཁྲིད་ཐད་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱ་རྒྱུ་ནི་གཙིགས་སུ་འཛིན་དགོས་པའི་དོན་དག་ཅིག་ཡིན།

བཞི་པ། སློབ་ཁྲིད་དམིགས་ཡུལ་མི་གསལ་བ།

དགེ་རྒན་གྱིས་སློབ་ཚན་གང་ཞིག་འཁྲིད་པ་ལ་ཐོག་མར་དེའི་དམིགས་ཡུལ་གསལ་བོ་ཞིག་ཤེས་དགོས། སློབ་ཁྲིད་དམིགས་ཡུལ་མ་གསལ་ན་གནད་དོན་འདི་འདྲ་འདུག་སྟེ།

ཀ རྒྱུགས་སྐར་འབའ་ཞིག་དོན་དུ་གཉེར་བ།

དེང་སྐབས་རྒྱུགས་སྐར་མཐོན་པོ་ཞིག་ལེན་རྒྱུ་ནི་སློབ་གྲྭ་དང་དགེ་རྒན་ལ་མཚོན་ན་གཟི་བརྗིད་དང་སྙན་གྲགས་ཤིག་ཡིན་ལ། ཕ་མ་དང་ཕུ་ནུ་མིང་སྲིང་ལ་མཚོན་ནའང་ལ་རྒྱ་དང་རེ་བ་ཞིག་ཡིན། ཡིན་ནའང་སློབ་མའི་ངོས་ཐད་ནས་བརྗོད་ན་སྙན་གྲགས་ཀྱང་ཡིན་ལ་ཕམ་ཁ་ཡང་ཡིན། གལ་ཏེ་སྦྱངས་འབྲས་དང་རྒྱུགས་འབྲས་གཉིས་ལས་སྦྱངས་འབྲས་གཙོར་འཛིན་པའི་དགེ་རྒན་ལ་མཚོན་ན་རྒྱུགས་སྐར་མཐོན་པོ་ལེན་རྒྱུ་དེ་ནི་ཅི་ཡང་མིན།

སློབ་ཆུང་སློབ་མའི་སྐད་ཡིག་ཆུ་ཚད་ཇེ་སྡུག་ནས་ཇེ་སྡུག་སྟེ་མར་ངོའི་ཟླ་ལྟར་འགྲིབ་བཞིན་པའི་སྐབས་འདིར་ཞིང་གི་ལོ་ཏོག་ལ་ཆུ་ལུད་མི་རྒྱག་པར་ལྗང་བུ་བཙན་གྱིས་འཐེན་ནས་སྐྱེ་རོགས་བྱེད་པ་ལྟ་བུའི་སློབ་ཁྲིད་བྱེད་ཐབས་རྒྱུགས་ཆེ་བས། རྨང་གཞི་འཛིན་པ་དང་བསླབ་ཕྱིའི་དཔེ་ཀློག་དོན་དུ་གཉེར་བ་དེ་ནི་ཕལ་བའི་ནང་གི་ཕལ་བར་བརྩི་བའི་སྤྱི་སྲོལ་ཞིག་ཏུ་ཆགས་ཡོད། དེ་ལ་མི་འཐད་པའི་རྣམ་འགྱུར་སྟོན་མཁན་ཡང་ཤིན་ཏུ་མང་ལ། དེའི་ཕན་ཡོན་ལ་རྒྱུས་ལོན་དང་ཡིད་ཆེས་མི་བྱེད་པའི་ཁྱིམ་བདག་དེ་བས་ཀྱང་མང་བས།
རྒྱུགས་སྐར་ཁོ་ན་དོན་དུ་གཉེར་བ་ནི་ཁྱད་དུ་འཕགས་པའི་སློབ་ཁྲིད་ཀྱི་སྤུས་ཚད་ལ་ངོས་འཛིན་མི་གནང་བའི་སྐྱོན་དུ་འཁུམས་པ་རྟོགས་དགོས། དུས་ཚོད་ཐུང་ངུའི་ནང་དུ་ཡོད་ཚད་ཤེས་སུ་འཇུག་འདོད་ཀྱི་འཁྲུལ་སྣང་ཞིག་དགེ་རྒན་བྱིངས་ལ་མངའ་བ་ན་སློབ་མའི་སློབ་སྦྱོང་གི་གནོན་ཤུགས་དེ་བས་ཀྱང་ཇེ་དྲག་ཏུ་འགྱུར་བ་སྨོས་ཅི།

ཁ། དགེ་རྒན་གྱིས་སློབ་མ་ལ་འགན་མི་ཁུར་བ།

དགེ་རྒན་གྱི་འགན་འཁྲི་ནི་སློབ་མར་སློབ་ཁྲིད་ལེགས་པོ་བྱེད་པ་དང་། སློབ་མའི་ལུས་ཁམས་དང་སེམས་ཁམས་བདེ་ཐང་ལ་ཁག་ཐེག་དང་སེམས་ཁུར་སྒོས་བསམ་བློའི་སློབ་གསོ་བྱེད་པ་ཡིན་པས། སློབ་ཁྲིད་བྱེད་སྒོའི་ཁྲོད་སློབ་མ་ལ་འགན་ཁུར་ནས་དམིགས་ཚད་ལེགས་འགྲུབ་བྱས་ན་བཟང་མོད། འོན་ཀྱང་དགེ་རྒན་ལ་ལས་དེ་ལ་དེ་འདྲ་དོ་སྣང་མི་བྱེད་པའི་གནས་ཚུལ་མཆིས།

དེས་ན་ཕྱོགས་གང་དག་ནས་སློབ་མར་འགན་མི་ཁུར་བ་རྟོགས་ཐུབ་ཅེ་ན། སློབ་ཁྲིད་ལ་གྲ་སྒྲིག་མི་བྱེད་པ་དང་། ལས་བྱ་ལ་དཔྱད་འཇོག་མེད་པ། སློབ་སྐབས་གཅིག་གི་བྱ་བ་ལ་འཆར་གཞི་མེད་པ། སློབ་མའི་སློབ་སྦྱོང་གི་དཀའ་ཁག་ལ་ཞིབ་འཇུག་མི་བྱེད་པ། དཔེ་ཆར་བལྟས་ནས་ཤེས་བྱ་གསོག་འཇོག་མི་བྱེད་པ། སློབ་ཁྲིད་བགྲོ་གླེང་བྱ་འགུལ་ལ་དོ་སྣང་མི་བྱེད་པ། གཞན་གྱི་སློབ་ཁྲིད་ལ་ཉན་ནས་རང་ལ་གནས་པའི་གནད་དོན་ཐག་གཅོད་མི་བྱེད་པ། གཙོ་གནད་མི་ཟིན་པའི་རྒྱུགས་གཞི་བཏོན་ཏེ་ལས་འགན་ཙམ་འགྲུབ་ཐབས་བྱེད་
པ། དབྱར་དགུན་གནང་སྐབས་ལས་བྱ་བཀོད་སྒྲིག་བྱས་པ་
གནད་ལ་མི་ཁེལ་བ། རྒྱུགས་སྐར་ཁོ་ནར་དམིགས་ནས་བསླབ་ཕྱིའི་དཔེ་ཀློག་མེད་པ། རྩོམ་ཡིག་སློབ་ཁྲིད་ལ་འཆར་གཞི་དང་དམིགས་ཡུལ་མེད་པ། ཇི་ལྟར་འབྲི་ཚུལ་གྱི་ཐབས་ལམ་ཡང་མི་གསལ་བས་རྩོམ་ཡིག་ལ་དགའ་བ་ཉུང་བ།
ཐ་ན་སློབ་ཁྲིད་ལ་ཉེ་བར་མཁོ་བའི་རྨང་གཞིའི་ཤེས་བྱ་སྟེ། ལེགས་བཤད་དང་བསླབ་བྱ་དང་། གཏམ་དཔེ་དང་ཁེད།
སྒྲུང་གཏམ་དང་གསལ་བཤད་རྩོམ་ཡིག ཇི་བཞིན་བརྗོད་པ།
མགུར་དང་དམངས་གླུ་སོགས་ཀྱི་ཁྱད་ཆོས་དང་། དར་ཚུལ། གོ་དོན་ལ་གསལ་ཆ་མེད་པ་མ་ཟད། ད་དུང་སློབ་ཚན་དང་རྩོམ་འབྲིའི་ཤེས་བྱ་ཟུང་དུ་སྦྲེལ་ནས་མི་སྣ་དང་ཡུལ་ལྗོངས་དང་། བྱ་དངོས་དང་སྲོག་ཆགས་བཅས་ཀྱི་འབྲི་ཚུལ་ཡང་བཏང་སྙོམས་སུ་བཞག་སྟེ་མི་ཁྲིད་པས། གཞན་དང་བསྡུར་ན་བོད་ཡིག་གི་སློབ་ཁྲིད་ལ་ཆད་ལྷག་ཤོར་བའི་སྟོང་ཆ་མང་དུ་མཆིས།

ག སློབ་མར་བསམ་བློའི་སློབ་གསོ་མི་གཏོང་བ།

སྤྱིར་ན་སྐད་ཡིག་དགེ་རྒན་གྱིས་སྐད་ཡིག་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་གང་ལ་གང་འཚམ་གྱི་བྱ་འགུལ་སྣ་ཚོགས་བརྒྱུད་ནས་བྱིས་པ་རྣམས་མེས་རྒྱལ་ལ་དགའ་བ་དང་། མི་རིགས་ལ་དགའ་བ། ཕ་ཡུལ་ལ་དུངས་པ། སློབ་གྲྭ་ལ་དགའ་བ། ཕ་ཡུལ་གྱི་རི་ཆུ་ནགས་གསུམ་ལ་དགའ་བ། རི་སྐྱེས་སྲོག་ཆགས་ལ་དགའ་བ། འོད་སྟོང་འབར་བའི་རིག་གནས་ལ་དགའ་བ་བཅས་ཀྱི་མོས་འདུན་གསོ་སྐྱོང་བྱས་ནས། ཕ་མ་དང་ཕུ་ནུ། གཉེན་ཉེ་དང་ཁྱིམ་མཚེས་སོགས་ལ་ཕན་བདེ་བསྐྲུན་པར་རེ་བ་འཛིན་དགོས་པས། བསམ་བློའི་སློབ་གསོའི་བྱ་བ་ངེས་པར་དུ་གཙིགས་སུ་འཛིན་དགོས།

རྒྱུ་མཚན་ནི། དངོས་པོའི་དཔལ་ཡོན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་ཕྱིན་པའི་དུས་འདིར། ང་ཚོས་དཔེ་དེབ་ངོས་ཀྱི་ཤེས་བྱ་རྐྱང་རྐྱང་ཙམ་ཁྲིད་པས་མི་ཆོག་སྟེ། འོ་ན་ཇི་ལྟར་བྱ་དགོས་ཤེ་ན། འཇིག་རྟེན་མི་ཆོས་ཀྱི་བསླབ་བྱ་རྩ་བར་བཟུང་སྟེ་སློབ་གསོ་བཏང་ནས། མི་བུ་སྤྱོད་བཟང་ཅན་དང་སྙིང་སྟོབས་ཅན། རང་གཤིས་ཅན་དང་འཇོན་ཐང་ཅན་སྐྱེད་སྲིང་བྱ་དགོས་པ་དེ་ཡིན་པས། བསམ་བློའི་སློབ་གསོ་མེད་པའི་སློབ་ཁྲིད་ཀྱིས་ཉི་མ་གཏོང་བའི་སྤྱོད་ངན་དེ་བསྒྱུར་ནས། དམིགས་ཡུལ་ཡོད་པའི་སློབ་ཁྲིད་ཅིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།

མདོར་ན། སྦྱོར་ཀློག་དང་ཕྲལ་ཀློག་གི་ནུས་པ་དང་ཡི་གེའི་ངོས་འཛིན་གྱི་ནུས་པ། དཔེ་ཀློག་གི་ནུས་པ། རྩོམ་འབྲིའི་ནུས་པ། རང་སྦྱོང་གི་ནུས་པ། གནད་དོན་ཐག་གཅོད་ཀྱི་ནུས་པ་བཅས་གོང་འཕེལ་ལ་འགྲོ་ཆེད་རང་རྒྱུད་ལ་གནས་པའི་གནད་དོན་འདི་དག་བཅོས་སྒྱུར་དང་། གཞན་གྱི་བཟང་ཆ་སྡུད་ལེན་བྱས་ནས་སློབ་ཁྲིད་གྲ་སྒྲིག་ཆ་ཚང་དང་དམིགས་ཚད་གཏན་འབེབས་སྒོས། སློབ་ཁྲིད་ལ་རྣམ་འགྱུར་ལེགས་པོ་ཞིག་འཛིན་དགོས་པ་དེ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ནོ། །


* ཀླུ་མོ་སྒྲོལ་མ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གདོང་སྣེ་སློབ་འབྲིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1