མཛོད་དགེ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་བ1564ཡིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་གྱང་ར་བརྟན་པོར་བསྐྲུན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 09-02




  

        མཛོད་དགེ་རུ་འདི་འདྲའི་མི་ཚོགས་ཤིག་ཡོད་དེ།  ཁོ་ཚོས་ཟླ་ཐོག་ལོ་བརྩེགས་ཏེ་ནགས་ཁུལ་དང་རྩྭ་ཐང་དུ་མེ་འགོག་སྐོར་སྲུང་གནང་ནས།  རང་ཁྱིམ་ཆུང་ཆུང་ཡལ་བར་དོར་ནས་གཞན་དོན་ཆེན་པོ་ཁུར་དུ་བླངས།  ནམ་ཡང་ལས་གནས་བརྟན་སྲུང་སྒོས་ཁུ་སིམ་མེར་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་གཏན་དུ་གནས་ཆེད།  ནགས་ཚལ་དང་རྩྭ་ཐང་ལེགས་པར་སྲུང་བཞིན་ཡོད། ཁོ་ཚོ་ནི་ནམ་ཡང་ལམ་དུ་མཆིས་བཞིན་པའི་སྐྱེ་ཁམས་སྲུང་སྐྱོང་བའོ།། 


 


         མཛོད་དགེ་རྫོང་མཁར་གྱི་ཤར་ཕྱོགས་སུ་གནས་པའི་བབ་བཟོ་ཡུལ་ཚོ་ནི།  རྫོང་མཁར་དང་བར་ཐག་སྤྱི་ལེ༨༥ཡོད་ལ།  གདོད་མའི་ནགས་ཚལ་མུའུ་ཁྲི40ཡིས་ཡོངས་སུ་ཁེབས་ཡོད།  བསྟུད་མར་སྤྱི་ལེ་བརྒྱ་ཕྲག་ལྷག་ཏུ་གསོམ་སྡོང་དང་གསོན་ནག  ཤུག་པ།  གནའ་སྡོང་གནམ་ལ་ཟུག་པ་སོགས་ཚང་ཚིང་དུ་སྐྱེས་ཏེ། གསེར་མཚོ་དང་གཟི་ཚ་སྡེ་དགུ་དང་གཅིག་ཏུ་འདྲེས་ཡོད། རྨ་འབྲིའི་སྟོད་རྒྱུད་ཀྱི་སྔོ་ལྗང་གི་སྐྱེ་ཁམས་སྔོ་སྲུང་གལ་ཆེན་ཡང་ཡིན། མཛོད་དགེ་རྫོང་གི་མངའ་ཁོངས་ཀྱི་གདོད་མའི་ནགས་ཚལ་ཆེ་ཤོས་ཡིན་པའི་ཆ་ནས།  ནགས་སྲུང་བ་རྣམས་ངལ་བར་མི་འཛེམས་པར་ནགས་ཁུལ་དུ་སྐོར་ཞིབ་ལས་ཀར་བྲེལ་ཏེ། ལུས་ཀྱི་རྔུལ་ཆུས་ནགས་ཚལ་གྱི་མེ་འགོག་གྱང་ར་བརྟན་པོ་བསྐྲུན་ནས།  ལས་འགན་དང་དུ་བླངས་ཤིང་བློས་གཏོང་གི་སྙིང་སྟོབས་ཆེན་པོས། སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་ལེགས་པར་སྲུང་བཞིན་ཡོད།


 


     གཡང་མཚོ་ནི་བབ་བཟོ་ཡུལ་ཚོའི་སྐྱེ་ཁམས་ནགས་སྲུང་བའི་གྲས་ཡིན་ལ།  སྔོ་ལྗང་གི་རི་ཚོགས་བར་དུ་མོའི་རྒྱབ་གཟིགས་ནམ་ཡང་རིག་ཐུབ།  ཉིན་རེའི་ཞོགས་པ་མོས་རི་ལམ་ཀྱག་ཀྱོག་བརྒྱུད་དེ་རྐང་ཐང་གིས་ནགས་ཁྲོད་དུ་འཛུལ་ལ།  མོའི་རྣ་ལམ་དུ་རླུང་སྒྲ་དང་ཆུ་སྒྲ།  བྱ་བྱིའུ་དང་འབུ་རིགས་ཀྱི་སྒྲ་ལས་ཐོས་རྒྱུ་མེད།  ཉིན་རེར་ལུས་ཡོངས་རྔུལ་ཆུས་སྦོང་བཞིན་ཁྱིམ་དུ་ལོག་སྐབས། ཉི་མ་ནུབ་རིར་ཡིབ་ཅིང་བྱ་བྱིའུ་ཚང་དུ་ལོག  ཉིན་རྒྱུན་གྱི་རི་ཞིབ་ལས་ཀའི་ཁྲོད།   མོས་མཐོང་ཚོར་དང་ཐོས་ཚོར་སྔར་ལས་ཇེ་རྣོན་དུ་འགྱུར་ཏེ།  གནོད་འཚེ་མ་བྱུང་གོང་གི་སྔོན་བརྡའི་ཆ་འཕྲིན་པ་བཟང་བོ་ཞིག་ཏུ་གྲུབ།


     ཐེངས་ཤིག་ལ་གཡང་མཚོས་ཉིན་རྒྱུན་གྱི་སྐོར་སྲུང་ལས་ཀའི་ཁྲོད།   བབ་བཟོ་ཡུལ་ཚོའི་འོ་ཟོ་སྡེ་བའི་ར་དགེ་རུ་བའི་ནགས་ཁུལ་དུ་དུ་བ་འཕྱུར་བཞིན་པ་རིག་རྗེས།   ཐོག་གིས་བརྒྱབ་ཟིན་པར་འདོད་དེ།  འཕྲལ་མར་བབ་བཟོ་ཡུལ་ཚོའི་རྒྱལ་གཉེར་ནགས་སྲུང་ས་ཚིགས་ལ་སྙན་ཞུ་གནང་། བབ་བཟོ་ཡུལ་ཚོའི་སྐྱེ་ཁམས་ནགས་སྲུང་བ་གཡང་མཚོས་བཤད་རྒྱུར། ངས་ཉིན་རྒྱུན་གྱི་སྐོར་སྲུང་ལས་དོན་སྒྲུབ་སྐབས།  ནགས་ཁྲོད་དུ་དུ་བ་འཕྱུར་བཞིན་པར་རིག་པས།  དེར་སོང་སྟེ་བལྟས་པ་ན་སྡོང་མགོར་ཐོག་བརྒྱབ་སྟེ་དུ་བ་འཕྱུར་བཞིན་པར་རྟོགས་རྗེས།  འཕྲལ་མར་ཡུལ་ཚོའི་སྲིད་གཞུང་ལ་ཁ་པར་བཏང་སྟེ་གནས་ཚུལ་ཡར་ཞུ་བྱས།  དེ་ནས་ཁོ་ཚོ་མྱུར་དུ་ཡུལ་དངོས་སུ་སླེབས་སོང་ཟེར།


 


     གནས་ཚུལ་ཡར་ཞུ་བྱས་པ་འཕྲོད་རྗེས།  ས་གནས་དེའི་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་མི་སྣ་རྩ་འཛུགས་ཀྱིས་མེ་སྐྱོབ་དང་རིམ་བཤེར་ལས་སྒོ་སྤེལ་ཏེ།  མེ་སྐྱོན་སྔོན་ལ་སྐྱོབ་པ་དང་མེ་ཆུང་དུས་གསོད་པ་དང་།   གསོད་པ་མཐར་ཕྱིན་པ་བཅས་ཀྱི་སྒོ་ནས།  དེ་མ་ཐག་ཐག་གཅོད་གང་ལེགས་གནང་།

    ནགས་སྲུང་བའི་ལས་དོན་ནི་དཀའ་ཚེགས་ཆེ་ལ་ཉེན་ཁའང་ཆེ་མོད།  ཡིན་ཡང་ནགས་ཚལ་ལ་དགའ་ཞེན་ཆེ་བའི་རྐྱེན་གྱིས།  གཡང་མཚོས་ནམ་ཡང་རང་འགན་སེམས་ལ་ཉར་ཏེ།  ཕ་ཡུལ་གྱི་སྐྱེ་ཁམས་ཐོན་ཁུངས་དང་སྔོ་ལྗང་སྲུང་སྐྱོང་།   མེ་འགོག་བདེ་འཇགས་བཅས་ཀྱི་ཆེད་དུ་རང་ནུས་སྐྱེས་སུ་འབུལ་བཞིན་ཡོད། བབ་བཟོ་ཡུལ་ཚོའི་སྐྱེ་ཁམས་ནགས་སྲུང་བ་གཡང་མཚོས་བཤད་རྒྱུར། རི་ཞིབ་ནགས་སྲུང་བྱེད་རྒྱུ་ངའི་ལས་འགན་ཡིན་པས།  ངས་གང་ནུས་ཀྱིས་རང་གི་ལས་གནས་བརྟན་པོར་སྲུང་ངེས་ཟེར།

    སྐྱེ་ཁམས་ནགས་སྲུང་བ་ནི་གཞི་རིམ་གྱི་ནགས་རྩྭའི་ཐོན་ཁུངས་བདག་སྲུང་གི་འབྱུང་ཁུངས་དང་སྒྲིག་གཞི་ཡིན་ལ།  སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་སྲུང་མཁན་ཡང་ཡིན།  ཁོ་ཚོས་ལོ་འཁོར་མོར་ནགས་ཚལ་དང་རྩྭ་ཐང་ནི་རང་ཁྱིམ་དུ་བསྒོམས་ཏེ།  སྡེར་སྐྱོད་རི་བརྒལ་དང་རི་ཀླུང་སྟོང་ཕྲག་རྡོག་པས་སྣོན་བཞིན་ཡོད། ཚ་བ་དང་ཆར་ཆུ་ཇི་ལྟར་རྒོད་ཀྱང་ནགས་ཁུལ་དང་རྩྭ་ཐང་དུ་ཡལ་དུ་མེད་པ་ནི། སྐྱེ་ཁམས་སྲུང་སྐྱོང་བའི་རྒྱབ་གཟིགས་རེད།  གནམ་གཤིས་བཟང་ངན་ཅི་ཡིན་རུང་ཁོ་ཚོས་ནམ་ཡང་ལས་གནས་བརྟན་སྲུང་སྒོས།   ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་འགན་བླངས་ཏེ།  ནགས་རྩྭའི་ཐོན་ཁུངས་འབད་པས་སྲུང་བཞིན་ཡོད།

    མཛོད་དགེ་རྫོང་ནགས་ཚལ་དང་རྩྭ་ཐང་འགོག་སྲུང་ལྟེ་གནས་ཀྱི་ཀྲུའུ་རེན་ལྷུན་གྲུབ་ཀྱིས་བཤད་རྒྱུར།  ང་ཚོས་ནམ་ཡང་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་སྲུང་རྒྱུ་ཆབ་སྲིད་ལས་འགན་གལ་ཆེ་ཤོས་སུ་བརྩིས་ཏེ།  ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ནི་སྐྱེ་ཁམས་ཐོན་ཁུང་སྲུང་སྐྱོང་གི་འཛིན་ཐག་གལ་ཆེན་ཡིན་པ་རྒྱུན་འཁྱོངས་སྒོས།  བསྟུད་མར་ལོ་ངོ50ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་རིགས་མི་འབྱུང་བའི་དམིགས་འབེན་མངོན་དུ་གྱུར། ང་ཚོས་མུ་མཐུད་དུ་རྫོང་ཡོངས་སུ་བསྟུད་མར་ལོ་ངོ51ལ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་རིགས་མི་འབྱུང་བའི་དམིགས་འབེན་མངོན་དུ་འགྱུར་བར་བརྩོན་ལེན་བྱེད་ངེས།

    ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་གནད་འགག་ནི་སྔོན་འགོག་ཡིན།  ད་ལོ་ནས་བཟུང་མཛོད་དགེ་རྫོང་གིས་མཐོང་ཆེན་སྒོས།  སྔ་མོ་ནས་ལས་འགོ་བརྩམས་ཏེ་མེ་འགོག་ལས་འགན་ཇེ་ནན་དང་མེ་འགོག་དྲིལ་སྒྲོག་ཤུགས་ཆེར་བཏང་སྟེ།  ཕྱི་རོལ་གྱི་མེ་སྤྱོད་དོ་དམ་དང་ཚོད་འཛིན་ལ་ཤུགས་སྣོན་སྒོས།  བྱེད་ཐབས་སྣ་ཚོགས་སྤྱད་དེ་འགོག་སྲུང་ཆེན་པོ་གནང་ནས།  ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་དྲ་བ་ཇེ་བརྟན་དུ་བཏང་།  རྫོང་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་བ1564ཡིས་རང་བབས་ཀྱི་ལས་འགན་ཁུལ་ལྟར་རྒྱུན་ལྡན་ཅན་གྱི་སྐོར་སྲུང་ལས་སྒོ་སྤེལ་ཏེ།  རྡོག་པ་དང་རྔུལ་ཆུས་ནགས་ཚལ་དང་རྩྭ་ཐང་རེ་རེ་འབད་པས་སྲུང་ཞིང་།  ལས་འགན་དང་དད་མོས་བརྟན་པོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལེགས་པར་སྲུང་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1