ཞི་ཅིན་ཕིང་གིས་ཨ་རིའི་གྷའེ་ཚི་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


         སྤྱི་ཟླ་3པའི་ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་ཞིང་ཆེན་པོ་ཨའོ་སྐུ་མགྲོན་ཁང་དུ་ཨ་རིའི་གྷའེ་ཚི་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་བྷེར་གྷའེ་ཚི་ལ་མཇལ་འཕྲད་གནང་།  ཕྱོགས་གཉིས་ཀས་སྤྱི་པའི་འཕྲོད་བསྟེན་ལས་དོན་ཇེ་དྲག་དང་མི་དམངས་ཀྱི་ལུས་ཁམས་བདེ་ཐང་མཐོར་འདེགས། དབུལ་ཕོངས་ཇེ་ཉུང་གཏོང་བ་བཅས་ཀྱི་གནད་དོན་སྐོར་ལྟ་ཚུལ་བརྗེ་རེས་གནང་།

      ཞི་ཅིན་ཕིང་གིས། སྤྱི་པའི་ནད་རིམས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་རྒྱལ་སྤྱི་སྤྱི་ཚོགས་ཀྱི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས། རྒྱལ་སྤྱིའི་མཉམ་ལས་ཇེ་དྲག་གཏང་དགོས་ཤིང་མཉམ་དུ་བཅོས་སྐྱོང་བྱ་དགོས། སྤྱི་པའི་འཕྲོད་བསྟེན་ལས་ཀ་དང་མི་དམངས་ལུས་ཁམས་བདེ་ཐང་འགན་སྲུང་ཇེ་དྲག་གཏོང་རྒྱུ་ནི་ཀྲུང་གོ་སྲིད་གཞུང་གི་ལས་འགན་གཙོ་བོ་ཞིག་ཡིན་པས། ང་ཚོས་མཐོང་ཆེན་བྱེད་བཞིན་ཡོད་ལ། གྷའེ་ཚི་ཐེབས་རྩ་ཚོགས་པ་དང་མུ་མཐུད་དུ་མཉམ་ལས་བྱ་འདོད་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས་ཀྲུང་གོས་དབུལ་སྐྱོར་དབུལ་བྲལ་ལས་དོན་ལ་མཐོང་ཆེན་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། རེད་དེ་2020ལོར་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་དགོས་ན། ང་ཚོས་ད་དུང་དབུལ་སྐྱོར་ལས་དོན་གསར་འདོན་སྐུལ་འདེད་ལ་ཤུགས་སྣོན་ཆེན་པོ་བྱ་དགོས་ལ་ད་ལྟར་དེར་འབད་བཞིན་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2015ལོ་ཡི་རྗེས་ཀྱི་འཕེལ་རྒྱས་གྲོས་རིམ་ནང་ཞུགས་གང་ཐུབ་བྱས་ཏེ།  རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རྒྱལ་སྤྱིའི་དབུལ་བྲལ་ལས་དོན་ལ་སྐུལ་འདེད་བཏང་ནས་རྒྱུན་མ་ཆད་དུ་གྲུབ་འབྲས་གསར་པ་ཐོབ་པར་བྱ་འདོད་ཡོད་ཅེས་ནན་གསུང་གནང་།

         བྷེར་གྷའེ་ཚི་ཡིས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨེ་པོ་ལ་ནད་རིམས་སྐོར་ཐོན་ཁུངས་མང་པོ་མཁོ་སྤྲོད་བྱས་ཡོད། ཨེ་ཙིའི་ནད་རིམས་འགོག་བཅོས་ཐད་ཀྱང་གྲུབ་འབྲས་ལྡན་པའི་ལས་ཀ་བསྒྲུབས་ཡོད། དབུལ་བྲལ་ལས་དོན་ཐད་འཛམ་གླིང་གི་སྔོན་གྲས་སུ་སླེབས་པ་བཅས་ཀྱི་མིག་དཔེ་བཟང་པོ་བསྟན་པར་ང་རང་གིས་བསྔགས་བརྗོད་ཡོད། གྷའེ་ཚི་ཐེབས་རྩ་ཚོགས་པས་ཀྲུང་གོ་དང་མཉམ་དུ་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་མཉམ་ལས་ཇེ་དྲག་གཏང་འདོད་ཡོད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1