རྒྱ་གར་གྱི་བ་གླང་ཁྲི་18.5ལ་པགས་ནད་འགོས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-27


 

     ད་ལོའི་ཟླ་6པ་ནས་བཟུང་། བ་གླང་ལ་འགོ་བའི་པགས་ནད་ཅིག་རྒྱ་གར་གྱི་ས་གནས་ཁག་ཏུ་ཁྱབ་འགོ་ཚུགས་ཡོད།ཉེ་ཆར། རྒྱ་གར་འབྲོག་ལས་སྡེ་ཚན་གྱི་བསྡོམས་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ས་རྡི་ལི་གསར་པ་ཚུད་པའི་རྒྱ་གར་གྱི་རྒྱལ་ཡོངས་སུ་བ་གླང་ཁྲི་18.5ལ་ནད་དེ་འགོས་ཡོད་པའི་ནང་། བ་གླང་ཁྲི་7.5ཤི་ཡོད་པ་རེད། 

     ཕྱུགས་རིགས་སྨན་པས་ངོ་སྤྲོད་བྱས་པ་ལྟར་ན།པགས་ནད་འདི་ནི་1929ལོར་ཨ་ཧྥེ་རི་ཁ་གླིང་གི་ཙན་པི་ཡ་རུ་ཐོག་མར་ཤེས་རྟོགས་བྱུང་བ་དང་།2019ལོར་རྒྱ་གར་དུ་ཐོག་མར་བྱུང་། ནད་འདི་ནི་ར་མའི་འབྲུམ་བུའི་ནད་དུག་ལས་བྱུང་བ་ཡིན་ཞིང་འགོ་ཤུགས་ཧ་ཅང་ཆེ་བ་དང་། ནད་དེ་འགོས་ཡོད་པའི་བ་གླང་གི་ཁ་དང་སྣ་ཁུང་གི་ཟགས་ཐོན་དངོས་པོ་ལས་ནད་དུག་ཕྱིར་འབུད་བྱེད་པ་དང་།  དེ་ནས་དུག་སྦྲང་གིས་སོ་བཏབ་པ་བརྒྱུད་གང་སར་ཁྱབ་ཀྱི་ཡོད། མིག་སྔར་རྡི་ལི་གསར་པར་ནད་དེ་འགོས་པའི་བ་གླང་500ལྷག་ཐོན་ཡོད། 

     རྒྱ་གར་སྲིད་གཞུང་གིས་བཤད་པ་ལྟར་ན། ཟླ་9པའི་ཟླ་འགོར་རིམས་ནད་ཐོན་ཁུལ་དུ་འགོག་ཁབ་ཁྲི་970བཀྲམ་ཡོད་པ་མ་ཟད།  ཕྱུགས་རར་གཞི་ཁྱོན་ཆེན་པོས་དུག་སྦྲང་བསད་དེ་མཆེད་རྒྱུན་བཅད་པ་དང་།  རྒྱ་གར་གྱི་ས་ཆ་མང་པོར་བ་གླང་གི་སྐྱེལ་འདྲེན་དང་ཉོ་ཚོང་གཏན་འགོག་བྱས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1