མཚོ་སྔོན་པོའི་ཆུ་ཁོངས་ཡོངས་ལ་ལྟ་ཞིབ་ཚད་ལེན་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-08



      གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་དུ་མཚོ་སྔོན་པོའི་ཆུ་ཁོངས་སུ་རིགས་ཁག་གི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས300བཀོད་སྒྲིག་བྱས་ནས། སྐྱེ་ཁམས་གནས་གཏན་ལྟ་ཞིབ་ཚད་ལེན་གྱི་ཕྱོགས་བསྡུས་ས་ཚིགས་དང་ཆེད་ལས་གནས་གཏན་ལྟ་ཞིབ་ཚད་ལེན་ས་ཚིགས། ལས་གྲྭའི་རྗེས་འདེད་ལྟ་ཞིབ་ཚད་ལེན་ས་ཚིགས། ཆེད་ལས་རྒྱང་གཟིགས་ས་ཚིགས་སོགས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་གཙོ་བོར་བྱས་པ་དང་། སྐོར་སྐྱོད་ལྟ་ཞིབ་ཚད་ལེན་(སྐོར་དཔྱད)ས་ཚིགས་ཟུར་སྣོན་འོས་འཚམ་བྱས་པའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ས་ཚིགས་མ་ལག་བཙུགས་ནས། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་ཡོད་པ་རེད།


 

      ཉེ་བའི་ལོ་བཅུའི་རིང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་གནམ་གཤིས་དྲོད་གཤེར་ཅན་དུ་འགྱུར་བཞིན་ཡོད་པ་དང་། ཆུ་ཁོངས་ཀྱི་མཚེའུ་དང་བརླན་སའི་རྒྱ་ཁྱོན་དང་ཆུའི་ཐོན་ཁུངས་ཅུང་ཟད་འཕར་ཡོད། ཕུའུ་ཧྲི་དགོ་བའི་རིགས་ཁྱུའི་ཁ་གྲངས་དང་གསེར་ཉའི་ཐོན་ཁུངས་ཀྱང་མངོན་གསལ་གྱིས་འཕར་སྣོན་བྱུང་ཡོད་པ་དང་། ས་ཁོངས་ཁོར་ཡུག་གི་མཁའ་རླུང་དང་ས་ངོས་ཆུ། གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྤུས་ཚད་བཅས་ཁོར་ཡུག་ནུས་པའི་ཁུལ་གྱི་དམིགས་ཚད་དུ་སླེབས་པ་དང་། ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་རིམ་པ་མང་ཆེ་བ་“ཡག་པ”ཡིན་ཞིང་། སྐྱེ་ཁམས་མ་ལག་གི་རིགས་རྣམ་དང་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་བརྟན་པོའི་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད།

 



      2010ལོ་ནས་བཟུང་། མཚོ་སྔོན་པོའི་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ལས་གཞི་ལག་བསྟར་བྱས་པར་བརྟེན་ནས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་ཞིང་ཆེན་ཆུ་བེད་ཐིང་སོགས་སྡེ་ཁག་དང་མཉམ་དུ་འབྲེལ་ཡོད་ལག་རྩལ་ཚན་པ་སྒྲིག་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ལས་གྲྭ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་ཚོགས་པ་བཙུགས་ཏེ། ལས་དོན་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ལས་རིགས་ཁག་དང་ཆེད་ལས་ཁག་གིས་སོ་སོའི་ལྟ་ཞིབ་ཚད་ལེན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལས་དོན་རྒྱུན་མཐུད་སྤེལ་ཡོད། ལོ་ངོ་བཅུའི་རིང་མཚོ་སྔོན་པོའི་ཆུ་ཁོངས་སུ་རྩྭ་ས་དང་ནགས་ཚལ། བརླན་ས། བྱེ་འགྱུར་ས་ཆ། ཆུའི་ཐོན་ཁུངས། ས་ཆུ་རྒྱུན་སྲིང་། ཁོར་ཡུག་སྤུས་ཚད། སྐྱེ་དངོས་སྣ་མང་རང་བཞིན། གནམ་གཤིས་སོགས་སྐྱེ་ཁམས་གཞི་རྐྱེན་ཀྱི་ཆེད་དོན་ས་ངོས་ཞིབ་ཚད་ལེན་བྱེད་སྒོ་རིགས་སྣ་ཚོགས་སྤེལ་ཡོད། དུས་མཚུངས་སུ། འཁོར་སྐར་རྒྱང་ཚོར་བརྙན་རིས་གྲངས་གཞི་བཀོལ་སྤྱོད་བྱས་ནས། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་ས་ཞིང་བེད་སྤྱོད་དང་ས་ངོས་ཁེབས་ཚད་ཀྱི་གནས་བབ་དང་། སྐྱེ་ཁམས་མ་ལག་གྲུབ་ཚུལ་དང་ཆགས་སྟངས། སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ། རྩྭ་སའི་གནས་ཚུལ། ས་རྒྱུ་བསླད་སྐྱོན་གྱི་གནས་ཚུལ། གངས་གསོག་རྒྱ་ཁྱོན་སོགས་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱས་ཏེ། ས་ངོས་དང་རྒྱང་ཚོར་སོ་ལྟའི་གྲངས་གཞི་ཆ་ཚང་བ་དང་རྒྱུན་མཐུད་པ་ཐོབ་པ་དང་། ལོ་འཁོར་ལྟ་ཞིབ་ཚད་ལེན་བྱས་འབྲས་སྙན་ཞུ་སྒྲིག་བཟོ་བྱས་ཡོད། དེ་མིན་ད་དུང་མཚོ་སྔོན་པོའི་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་གྲངས་གཞིའི་སྟེགས་བུ་བཙུགས་པ་དང་། སྐྱེ་ཁམས་ཁོར་ཡུག་གཞི་རྐྱེན་ཀྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ཆ་ཚང་བ་དང་རྒྱུན་མཐུད་པ་གསོག་ཉར་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ནུས་ལྡན་གྱི་གྲངས་གཞིའི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1