དཀར་མཛེས་རྫོང་གིས་གཞི་རིམ་གྱི་ཞིང་ལས་ལག་རྩལ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 04-07


 

              སྤྱི་ཟླ་3པའི་ཚེས་25ཉིན། དཀར་མཛེས་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་གྲོང་རྡལ་དང་ཡུལ་ཤོག་17གྱི་ལས་བྱེད་པ་42བསྡུས་ནས་ཞིང་ལས་ལག་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བཙུགས་པའི་དམིགས་ཡུལ་ནི་གཞི་རིམ་གྱི་ཞིང་ལས་ལག་རྩལ་མི་སྣའི་བྱང་ཚད་དང་ནུས་རྩལ་མཐོར་འདེགས་གཏང་བ་དང་། ཚན་རྩལ་གྱིས་ཞིང་ལས་ལ་ཕན་ནུས་བཏོན་ནས་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཡོང་ཞིང་དེང་རབས་ཅན་གྱི་ཞིང་ལས་ལ་སྐུལ་སྤེལ་གཏང་ཆེད་རེད། ཐེངས་འདིའི་གསོ་སྦྱོང་བྱེད་སྒོར་གྲུབ་འབྲས་དངོས་སུ་ཐོབ་པའི་ཆེད་དུ། རྫོང་དེས་དཔྱིད་རྨོ་དུས་སྐབས་དང་འབྲེལ་བྱས་ནས་གསོ་སྦྱོང་གི་སློབ་ཚན་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་པ་རེད། གསོ་སྦྱོང་བྱེད་པའི་ཁྲོད་རིག་གཞུང་འགྲེལ་བཤད་དང་ཡུལ་དངོས་སུ་ལག་ལེན་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས་སློབ་ཁྲིད་བྱས་པར་མ་ཟད། ཞིང་ལས་མཁས་ཅན་གྱིས་གྲོའི་སྙེ་ནག་ནད་སྔོན་འགོག་བྱེད་ལུགས་སྐོར་གཙོ་བོར་བཟུང་ནས་འགྲེལ་བཤད་བརྒྱབ་པ་དང་། རིམས་འགོག་ས་བོན་དང་། སྐྱོན་མེད་སོན་བཟང་། ས་བོན་སྨན་བསྲེས། ས་བོན་འདེབས་ལུགས་སྐོར་ངོ་སྤྲོད་བྱས། ད་དུང་ལས་ཡུལ་དངོས་སུ་ས་བོན་སྨན་བསྲེས་བྱེད་སྟངས་དཔེ་མཚོན་བརྗོད་གཞི་བྱས་ནས། ཞིང་ལས་ཚན་རྩལ་སྐོར་གྱི་དོགས་གནད་ཡོད་པའི་གནད་དོན་ལ་འགྲེལ་བཤད་བྱས། གསོ་སྦྱོང་བྱེད་སྒོའི་ནང་ཞུགས་པའི་སློབ་མ་རྣམས་ཀྱིས་རང་སྦྱོང་ལག་རྩལ་དང་ནུས་པར་བརྟེན་ནས། ཞིང་པ་མང་ཚོགས་ལ་དཔྱིད་རྨོས་དང་སོན་བཟང་འདེམས་ལུགས།ས་བོན་སྨན་བསྲེས་བྱེད་སྟངས་སོགས་ལ་མཛུབ་ཁྲིད་བྱས་ནས་རྒྱ་ཆེ་བའི་མང་ཚོགས་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུར་ཞབས་འདེགས་ཞུས་ཏེ་ཞིང་སྡེ་གསར་པ་ཡར་རྒྱས་ཡོང་བའི་རྣམ་པ་བསྐྲུན་གང་ཐུབ་བྱས་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1