༄༅།།ལྷ་སའི་གླིང་བཞིའི་གྲས་ཚེ་མཆོག་གླིང་བཀྲ་ཤིས་བསམ་གཏན་གླིང་དགོན།

མི་གསལ། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19



        ཚེ་མཆོག་གླིང་བཀྲ་ཤིས་བསམ་གཏན་གླིང་ནི།  ལྷ་ས་སྐྱིད་ཆུའི་ལྷོ་ངོས་གྲིབ་གྲོང་ཚོར་གནས། ར བ་བྱུང་བཅུ་གསུམ་པའི་ལྕགས་ཁྱི (སྤྱི་ལོ་1790)ལོར་གཞུང་ནས་གཙོ་འགན་འཁུར་ཏེ་བཏབ།  ལྷ་སའི་གླིང་བཞིའི་གྲས་ཤིག་ཡིན།

      དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་བཞུགས་གནས་སུ་བསྐྲུན།  དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ཏཱ་ལའི་བླ་མ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དུ་གདན་ཞུ་བྱུང་བ་ལྟར་སྐྱིད་གྲོང་ནས་ལྷ་སར་ཕེབས།  སྐབས་དེར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་བཞུགས་གནས་དགོན་པ་མེད་ཅིང༌།  སྔོན་གྱི་བཞུགས་གནས་དགོན་པ་སྐྱིད་གྲོང་བསམ་གཏན་གླིང་ལ་གོར་ཥའི་དམག་གི་འཕྲོག་བཅོམ་དོ་ཕོག་ཚབས་ཆེ་བྱུང་ནས།  དེའི་དགེ་འདུན་པ་རྣམས་སྐྱིད་གྲོང་དུ་གནས་མ་ཐུབ་པའི་ནང་ནས་ཁག་གཅིག་ཀྱང་ལྷ་སར་འབྱོར་པ་ཡོངས་འཛིན་ཉིད་ནས་སྐྱོང་དགོས་ཐོག གོང་མ་ཆེན་པོའི་ཞབས་བརྟན་ལའང་དམིགས་ཏེ།  དགོན་པ་གསར་བཞེངས་ཀྱིས་མཆོད་གཞིས་རྟེན་ཁུངས་དང་སྦྲགས་གཞུང་ནས་གསར་སྦྱོར་གནང་རྒྱུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ལ་སྙན་སེང་ཞུས་པར་ཁོ་བོ་བན་རྒན་ལ་སྡོད་ཡུལ་གསར་རྒྱག་བྱས་ནས་ཅི་བྱེད།  དེ་འདྲ་མི་དགོས་ཞེས་ཞལ་གྱིས་མ་བཞེས་ཀྱང༌།  རྗེས་སུ་ཡང་སྐྱར་དགོན་པ་ཞིག་གསར་འཛུགས་ཀྱིས་ཡོངས་འཛིན་མཆོག་ནས་ཞལ་འཛིན་གནང་ན་བསྟན་པ་སྤྱི་དང་བྱེ་བྲག་ལ་དགོས་ཕན་ཆེན་པོ་ཡོད་སྐོར་ཨུ་ནན་ཞུས་མཐར་ཞལ་གྱིས་བཞེས་ཙམ་བྱུང་སྟེ།  གྲིབ་ནི་ས་དཔྱད་བཟང་བས་དེར་གཞི་ནས་དགོན་པ་འདེབས་པའི་ལས་གྲྭའི་འགོ་བཙུགས།  ཏཱ་ལའི་བླ་མ་རང་ནས་ཐུགས་འཁུར་ཆེན་པོ་གནང་བ་ལྟར་གཞུང་ནས་ལས་གྲྭའི་དོ་དམ་དང་འབྲེལ་གྲོན་དངུལ་སྲང་ཉིས་ཁྲི་ལྷག་ཙམ་བཏང་ཞིང༌།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རང་ནས་དངུལ་སྲང་ཆིག་སྟོང་ལྔ་བརྒྱ་ཙམ་གནང༌།  དེ་མིན་དད་ཅན་ཁག་ནས་ཀྱང་རྒྱབ་སྐྱོར་ཞུས།  གཙུག་ལག་ཁང་དང༌།  རུང་ཁང༌།  སྒྲུབ་ཁང་སོགས་འདུལ་བ་དང་མཐུན་པ་དགོས་པ་བཞིན་བཟོ་སྐྲུན་སྤྱིའི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་བདུན་སྟོང་ཡོད་པའི་གཙུག་ལག་ཁང་ཀ་བ་སུམ་ཅུ་སོ་གཉིས་ཉིས་ཐོག་དང༌།  ཁྱམས་ཀ་བ་ཉི་ཤུ་རྩ་བརྒྱད་ཀྱི་ས། སྤྱིལ་བུ་དྲུག་ཅུ་རེ་བརྒྱད་བཅས་ལས་ཡུན་ཟླ་བ་ཐ་ཙམ་ལས་མ་འགོར་བར་བསྐྲུན།
དགོན་པ་འདིར་བཞུགས་པའི་སྐུ་གསུང་ཐུགས་རྟེན་སྐོར།
        གཙུག་ལག་ཁང་གི་དབུས་སུ་རྟེན་གྱི་གཙོ་བོ་ཐུབ་པ་སྐུ་ཚད་ལྷ་སའི་ཇོ་བོ་ལས་མཐོ་ཙམ་ཡོད་པ་ཁྲི་རྒྱབ་ཡོལ་དང་བཅས་པ་དང༌།  རྒྱལ་བ་ཙོང་ཁ་པའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་མི་ཚད་ཙམ་གཅིག གཙང་ཁང་གི་ཐུབ་པའི་གཡས་གཡོན་དུ་ཙོང་ཁ་པའི་ཕྱག་ནས་དམར་གྲགས་པའི་ཐུབ་ཆེན།  བཀའ་གདམས་ལི་མའི་ཐུབ་ཆེན་ལྷ་སའི་ཇོ་བོའི་སྐུ་ཚད་དང་མཉམ་པ་རེ།  གཟུས་རྡོ་རྗེ་རྒྱལ་མཚན་གྱིས་བཞེངས་པར་གྲགས་པའི་གདུང་རྟེན་ལི་མ་ཐོག་ཚད་མ་རེ།  འདུ་ཁང་གི་གོང་གྲལ་གཡས་སུ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་དངུལ་གདུང་ཐོག་ཚད་མ།  དེའི་གཡས་གཡོན་དུ་དངུལ་སྐུ་སྐུ་ཚད་མ་རེ།  བྲག་སྒོ་རབ་འབྱམས་་པའི་ཐུགས་དམ་གྱི་རྟེན་ཙོང་ཁ་པ་ཆེན་པོའི་སྐུ་བརྙན།  གོང་གྲལ་གཡོན་དུ་བྱམས་པའི་སྐུ་བརྙན་དང་དེའི་གཡས་གཡོན་དུ་ཨ་ཏི་ཤ་དང༌།  ཙོང་ཁ་པའི་སྐུ་བརྙན་སོགས་སྐུ་བརྙན་མང་པོ་ཡོད་པ་དང༌།  ད་དུང་སྣར་ཐང་དཔར་མའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་ཡོད་པའི་བཀའ་འགྱུར་པོད་སོ་སོའི་དབུ་ཤོག་གསུམ་རེ་གསེར་བྲིས་དང༌།  བཀའ་བསྟན་ཚང་མར་མཛོད་གོས་ཀྱི་ན་བཟའ་གདོང་དར་རང་འགྲིག  རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་གསེར་བྲིས་མ་སོགས་གསུང་རབ་དུ་མ་ཡོད། གཙུག་ལག་ཁང་གྱི་ལྡེབས་བྲིས་སུ་སྟོན་པ་ཤཱཀྱ་ཐུབ་པ་གནས་བརྟན་བཅུ་དྲུག་གིས་བསྐོར་བ་དང༌།  རྒྱལ་བ་སེང་གེ་ང་རོ།  དེ་བཞིན་གཤེགས་པ་ཀུན་གཟིགས།  སངས་རྒྱས་མར་མེ་མཛད།  རྒྱལ་བ་བྱམས་པ།  འོད་དཔག་མེད།  ཀླུ་དབང་གི་རྒྱལ་པོ།  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐུ་བརྙན་སོགས་སྐུ་བརྙན་མང་དུ་ཡོད་པ་དང༌།  གདུང་མ་རྣམས་ལ་གསང་བདེ་འཇིགས་གསུམ་དང༌།  ཚེ་ལྷ་རྣམ་གསུམ་སོགས་ཀྱི་རྩ་སྔགས་ལཉྩ་ལ་གསེར་ཤོག་སྦྱར་མ་སོགས་ཀྱིས་རྣམ་པར་བཀྲ་བ་ཡོད་ཀྱང༌ད་ལྟ་ཤུལ་ཕྲན་བུ་ལས་མེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1