བོད་ལྗོངས་ཀྱི་དཔེ་ཆ་བ་བཅུ་ལ་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-10


          སྤྱི་ཟླ་4པའི་ཚེས་5ཉིན་(བོད་ཤིང་ལུག་ལོའི་ཧོར་ཟླ་2པའི་ཚེས་16)གྱི་སྔ་དྲོར། 2015ལོའི་ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་ཁྱེར་སྤྲོད་པའི་མཛད་སྒོ་དེ་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་དུ་འཚོགས།


         དམ་བཅའ་འཇོག་པའི་བྱེད་སྒོ་ཧྲིལ་པོ་ནི་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་རྒྱུགས་ལེན་དཔྱད་འཇོག་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་བ་དང་། ཡོངས་བསྒྲགས་དང་། དྲང་གཞག གཞུང་དྲང་བཅས་ཀྱི་རྩ་དོན་ལྟར་དཔྱད་བཤེར་བྱས་ཡོད། རྟགས་གསལ་གཏོང་བ་དང་རྒྱུགས་སྤྲོད་དཔྱད་འཇོག་ནན་པོ་བྱས་པ་བརྒྱུད་བྲག་གཡབ་དབྱེན་འདུམ་དགོན་གྱི་དཔེ་ཆ་བ་བསོད་ནམས་དངོས་གྲུབ་ལ་གཟེངས་སུ་ཐོན་པའི་སྦྱངས་འབྲས་ཀྱི་ཐོག་ནས་2015ལོའི་ལོ་འཁོར་གྱི་དགེ་བཤེས་ལྷ་རམས་པ་ཨང་དང་པོ་ཐོབ་པ་དང་། འབྲས་སྤུངས་དགོན་གྱི་དཔེ་ཆ་བ་བློ་བཟང་བརྩོན་འགྲུས་ལ་ཨང་གཉིས་པ་དང་། ཆབ་མདོའི་དཔའ་ཤོད་དགོན་གྱི་དཔེ་ཆ་བ་བསམ་གཏན་ཆོས་བཟང་ལ་ཨང་གསུམ་པ། ནག་ཆུའི་རབ་བརྟན་དགོན་གྱི་དཔེ་ཆ་བ་རྒྱལ་བསྟན་དབང་ཕྱུག་ལ་ཨང་བཞི་པ་བཅས་ཐོབ་པ་དང་། དགའ་ལྡན་དགོན་གྱི་དཔེ་ཆ་བ་ངག་དབང་དཔལ་ལྡན་དང་། ཆབ་མདོའི་བྱམས་བདུན་དགོན་གྱི་དཔེ་ཆ་བ་ངག་དབང་རྒྱལ་མཚན། སེ་ར་དགོན་གྱི་དཔེ་ཆ་བ་རྒྱལ་མཚན་བྱང་ཆུབ། ནག་ཆུའི་ཆོས་འཁོར་དགོན་གྱི་དཔེ་ཆ་བ་ངག་དབང་བཤེས་གཉེན། གཞིས་རྩེ་བཀྲས་ལྷུན་དགོན་གྱི་དཔེ་ཆ་བ་བློ་བཟང་དཔལ་ལྡན། ཆབ་མདོ་བྱམས་པ་གླིང་གི་དཔེ་ཆ་བ་བློ་བཟང་རིན་ཆེན་བཅས་ལ་ཨང་ལྔ་པ་ནས་བཅུ་པའི་བར་སོ་སོར་ཐོབ་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1