མཐའ་མཚམས་རི་གྲོང་སྟེ་ལྷོ་ཁའི་ཡུལ་སྨད་ཀྱི་རྣམ་པ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། 11-16


 བོད་དུ་རི་ལ་འཛེག་པའི་ལམ་བུ་ནི་ཀྱག་ཀྱོག་གཡང་གཟར་ཤ་སྟག་རེད།

        གསར་འགོད་པ་དང་བཅས་པ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནས་ཐོན་ཏེ་མཐའ་མཚམས་ཕྱོགས་སུ་སྤྱི་ལེ་192བསྐྱོད་མཐར་ཡུལ་སྨད་ཤང་དུ་འབྱོར། དུས་རབས་20པའི་ལོ་རབས་60པའི་རྗེས་ཀྱི་དུས་ཡུན་རིང་པོའི་ནང་ཡུལ་སྨད་ཤང་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཁོང་ཚོའི་ཕ་སངས་རྒྱས་ཆོས་པ་བཅས་གསུམ་ལས་མེད་ཅིང་། ཁོང་ཚོས་ལོ་ངོ་བཅུ་ཕྲག་ཉིན་གཅིག་ལྟར་ཕྱུགས་འཚོ་བཞིན་མཐའ་མཚམས་དང་ཁྱིམ་གཞིས་བསྲུངས་བ་མ་ཟད། བླ་ན་མེད་པའི་མེས་རྒྱལ་གྱི་མངའ་ཁོངས་ཀྱང་སྲུང་སྐྱོང་བྱས་ཡོད།

        2017ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས། ཁྱེད་ཚོས“རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་དང་འབྲོག་པ་མང་ཚོགས་དེ་བས་མང་བའི་སྣེ་ཁྲིད་དེ། སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་རེ་བ་ཡོད”ཅེས་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།

        ང་ཚོ་རླངས་འཁོར་ནས་བབས་མ་ཐག་ཡུལ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོ་བསོད་ནམས་དོན་གྲུབ་ང་ཚོ་བསུ་བར་སླེབས་བྱུང་།

        ཁོང་ནི་གཡང་འཛོམས་ཀྱི་བུ་ཡིན་ཞིང་། 2017ལོར་བསོད་ནམས་དོན་གྲུབ་བོད་ལྗོངས་སློབ་ཆེན་ཐོན་རྗེས་ཡུལ་སྨད་གྲོང་ཚོར་ལོག་ནས་ཨ་མའི་བྱ་གཞག་མུ་མཐུད་རྒྱུན་འཛིན་བྱས།

        བསོད་ནམས་དོན་གྲུབ་ཀྱིས་སྤོབས་སེམས་ཆེན་པོས“ད་ཆ་ང་ཚོའི་ཤང་དུ་དུད་ཚང་67དང་མི་གྲངས་242ཡོད་པས་སྔོན་ཆད་ལས་ཧ་ཅང་མང་དུ་ཕྱིན་ཡོད། དེ་ནི་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད”ཅེས་བཤད་བྱུང་། གསར་འགོད་པ་ཤང་གི་ཕྱོགས་གང་སར་འཆམ་འཆམ་དུ་སྐྱོད་སྐབས། གཙང་སྦྲ་དོད་པའི་ཁྲོམ་གཞུང་དག་མིག་ལམ་དུ་མངོན་ལ། ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས་པས་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་འདུག

        གངས་ལྗོངས་ཀྱི་མཐའ་མཚམས་སུ་གནས་པའི་གྲོང་ཚོ་ཆུང་ཆུང་དེའི་སྐོར་གླེང་སྐབས་2010ལོར་བཙུགས་པའི་ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་དང་ཁ་བྲལ་ཐབས་མེད།

        “སྐབས་དེ་དུས་དངོས་གནས་དཀའ་ལས་ཧ་ཅང་ཁག་པོ་ཡོད། ལོ་ལྟར་ཡུལ་སྨད་ཤང་དུ་ལོ་ཕྱེད་ལྷག་ཙམ་རིང་རི་རྒྱ་བསྡམས་ཀྱི་ཡོད་པས‘ཁེར་ཆགས་གླིང་ཕྲན’རང་རེད། ཤང་ཡོངས་སུ་དུད་ཚང་9དང་མི་གྲངས་32ལས་མེད་པས་རྒྱལ་ཡོངས་ཀྱི་མི་འབོར་ཉུང་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད”མངགས་གཏོང་ཁང་དེ་བཙུགས་མ་ཐག་མི་དམངས་ཉེན་རྟོག་པ་ཝུའུ་ཤན་ཅན་དེ་གར་ལས་ཀར་ཡོང་།

        མངགས་གཏོང་ཁང་བཙུགས་པ་ལས་བདེ་འཇགས་དང་བརྟན་ལྷིང་བྱུང་བ་མ་ཟད། དེ་བས་མི་སེར་ཚོར་དྲོ་སྐྱིད་སྦྱིན་ཡོད།

        གྲོང་མི་ལྷག་པ་ཚེ་རིང་ཁྱིམ་གྱི་གྱང་སྟེང་དུ་དྲོ་སྐྱིད་ལྡན་པའི་འདྲ་པར་ཞིག་བཀལ་ཡོད་པ་སྟེ། མི་དམངས་ཉེན་རྟོག་པ་ལི་ཡུང་མིང་གིས་ཁོང་གི་བུ་པད་མ་རིག་འཛིན་ལ་སྐྲ་བཞར་བཞིན་ཡོད་པ་དང་། པད་མ་རིག་འཛིན་གྱི་ངོ་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས། གྲོང་མི་ལྷག་པ་ཚེ་རིང་གིས“སྐབས་དེ་དུས་ཡུལ་སྨད་ཤང་དུ་སྐྲ་བཞར་ཁང་མེད་པས་མི་དམངས་ཉེན་རྟོག་པས་ཁོམ་པ་ཡོད་རིམ་བཞིན་ང་ཚོའི་སྐྲ་བཞར་བར་ཡོང་གི་ཡོད”ཅེས་བཤད།

        ལི་ཡུང་མིང་གིས“ཡུན་རིང་འདི་གར་མཐའ་མཚམས་བསྲུངས་ནས་སྡོད་དགོས་པས་ཡུལ་སྨད་རང་ཁྱིམ་ལྟར་བརྩིས་ནས་དགའ་ཞེན་དང་འཛུགས་སྐྲུན་བྱེད་པ་མ་ཟད། མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བརྩིས་ནས་རོགས་རམ་ཡང་བྱེད་ཀྱི་ཡོད། འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚང་མའི་དམ་བཅའ་རེད”ཅེས་བཤད།

        མང་ཚོགས་ཁྲོད་ཇི་ཙམ་ཟབ་བསྐྱོད་བྱས་ཚེ་དེ་ཙམ་གྱིས་མི་སེར་གྱི་དཀའ་ངལ་ཤེས་རྟོགས་བྱེད་ཐུབ། ན་ནིང་མི་དམངས་ཉེན་རྟོག་པ་ཞིག་འཚམས་འདྲིར་སྐྱོད་སྐབས་བོད་རིགས་སྤུན་ཟླ་མི་ཉུང་བ་ཞིག་ཨ་བི་ཁ་བྲིན་འཚོང་ཐད་སེམས་ཁྲལ་བྱེད་བཞིན་པ་ཤེས་རྟོགས་བྱུང་བ་རེད།

        “མ་གཞི་ང་ཚོས་ཐད་གཏོང་ཟོག་ཚོང་བྱེད་མི་ཆོག་ཀྱང་དྲ་ཐོག་ཏུ་ཁྱབ་གདལ་གཏོང་ཆོག་པས”སྐད་འཕྲིན་དང་། དཔོད་ཆུང་། ཁྱུག་དབྱིངས་བཅས་ནི་མངགས་གཏོང་ཁང་གི་བློ་མཐུན་ཚང་མའི་ལག་ཐོགས་ཁ་པར་ནང་མེད་དུ་མི་རུང་བའི་Appཞིག་ཏུ་གྱུར། མཐར་ཁོང་ཚོས་བོད་སྨན་གྱི་སྨན་རྒྱུ་དང་ཤིང་བཟོའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་ཕྱིར་ཚོང་་བྱེད་རོགས་བྱས་ཡོད།

        “འབབ་འཕར་གྱི་སྐོར་གླེང་སྐབས་བོད་སྐྱོར་བློ་མཐུན་གྱི་རོགས་རམ་དང་ཁ་འབྲལ་ཐབས་མེད”ཅེས་བསོད་ནམས་དོན་གྲུབ་ཀྱིས་མི་རིང་བའི་སར་གནས་པའི་བོད་ཕག་གསོ་ཚགས་རྣམ་གྲངས་ལ་མཛུབ་མོ་བཙུགས་བཞིན“དེ་ནི་ཧུའུ་ནན་གྱིས་རོགས་སྐྱོར་བྱས་ནས་བཙུགས་པ་རེད། དེར་མ་དངུལ་སྒོར་ཁྲི་1200ལྷག་ཙམ་བཏང་ཡོད”ཅེས་བཤད་པ་དང་། ཁོང་གིས་མུ་མཐུད“ཡུལ་སྨད་དུ་ནས་བཏབ་ན་སྐྱེ་གི་མེད། འོན་ཀྱང་རི་མཐོའི་འབྲོག་ར་དང་། སྟག་མའི་མེ་ཏོག་དང་ཀོང་པོའི་གསོམ་ཤིང་ཡོད། གྲོང་ཚོར་ཡུལ་སྐོར་འཕེལ་རྒྱས་བཏང་ནས་ཁྱིམ་ཚང་ཚང་མས་ཁྱིམ་ཚང་མགྲོན་ཁང་གཉེར་བས་ཡོང་འབབ་མང་དུ་ཕྱིན་ཡོད”ཅེས་བཤད།

 བོད་སྐྱོར་ནི་དངོས་དངོས་རྗེན་རྗེན་གྱི་རོགས་རམ་དང་དུས་ཐོག་ཆར་པ་རང་རེད།

        “ལོ་གསུམ་རིང་། ཧུའུ་ནན་ཁྲང་ཏེ་ཡིས་མ་དངུལ་སྒོར་ཁྲི་1200བཏང་ནས་ཡུལ་སྨད་ཤང་གི་ལོ་རྒྱུས་ཁང་དང་། རིག་གནས་ཐང་ཆེན། མེ་ཟོན་རླངས་འཁོར་འཇོག་ས། ཡུལ་སྨད་སློབ་ཆུང་གི་དཔེ་མཛོད་ཁང་སོགས་སྒྲིག་བཀོད་གསར་སྐྲུན་བྱས་པ་མ་ཟད། སྤྱི་ལེ་3ལྷག་ཙམ་ཡོད་པའི་མཐའ་མཚམས་སྐོར་གཡེང་ལམ་བུ་ཡང་བསྐྱར་སྐྲུན་བྱས་པ་རེད”ཅེས་བསོད་ནམས་དོན་གྲུབ་ཀྱིས་བོད་སྐྱོར་གྱི་གནས་ཚུལ་ངོ་སྤྲོད་བྱེད་ཀྱིན“རྒྱལ་ཁབ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་ཡོད་པའི་ཁར་གྲོང་མི་ཚོས་འབད་འབུངས་ལས་བརྩོན་བྱས་ཚེ་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1