དཀར་མཛེས་ཁུལ་གྱི་ཞིང་འབྲོག་ཐོན་རྫས་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་བཙོངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-07


        ཉེ་ཆར། སི་ཁྲོན་ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་དང་། ཀྲེ་ཅང་ཞིང་ཆེན་ཚོང་དོན་ཐིང་སོགས་སྡེ་ཁག་གིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི་སི་ཁྲོན་ཡུལ་སྡེ་ཞེས་པའི་སྤྱི་པའི་ཟོང་རྟགས་ཐོན་རྫས་འོས་སྦྱོར་ཉོ་འཚོང་གཟའ་འཁོར་དང2022ལོའི་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཐོན་འཚོང་འབྲེལ་མཐུད་གླེང་མོལ་གྲོས་ཚོགས་ཆིངས་འཇོག་མཛད་སྒོ་དྲྭ་ཐོག་ཆིངས་འཇོག་བྱེད་སྟངས་སྤྱད་དེ་ཀྲེ་ཅང་ཧོང་ཀྲོའུ་རུ་སྤེལ་བ་རེད།

        རང་ཁུལ་གྱི་རྫོང་དང་གྲོང་ཁྱེར12ཀྱི་ཁེ་ལས27ཐེངས་འདིའི་བྱེད་སྒོར་ཞུགས་པ་དང་། གནས་མཆོག་དཀར་མཛེས་ཁུལ་མཐོ་སྒང་ཁྱད་ཆོས་ཀྱི་ནོར་ལུག་གི་ཤ་དང་། ཇ། ཤ་མོའི་རིགས་སོགས་ཐོན་རྫས་སྤུས་དག་ཆིངས་འཇོག་མཛད་སྒོར་བཤམ་པ་དང་འབྲེལ་ཕྱོགས་གཉིས་མཉམ་ཕྱུག་གི་འཚོང་ལམ་བརྒྱུད་དེ་ལེ་དབར་སྟོང་བརྒལ་ནས་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་བཙོངས་པ་རེད།

        ཐེངས་འདིར་སི་ཁྲོན་དང་ཀྲེ་ཅང་གི་ཁེ་ལས་བར་དྲྭ་ཐོག་ནས་སྒོར་དུང་ཕྱུར6.1ཡི་ཉོ་འཚོང་མཉམ་ལས་གྲོས་ཆིངས་བཞག་པ་དང་།  དེའི་ཁྲོད་རང་ཁུལ་དཔལ་ཡུལ་རྫོང་བོད་རིགས་ཐོན་རྫས་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དང་ཧོང་ཀྲོའུ་ཝུན་ཡོན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་ལིན་ཨན་ཡན་ལག་སྤྱི་གཉེར་ཁང་བར་དྲྭ་ཐོག་ནས་སྒོར་བྱེ་བ2ལ་ཟིན་པའི་གྲོས་ཆིངས་བཞག་པ་དང་། དེ་མིན་དྲྭ་ཕྱིར་ཆིངས་འཇོག་ཁེ་ལས16ཡོད་ཅིང་། དྲྭ་ཐོག་དང་དྲྭ་ཕྱི་ལ་ ཆིངས་འཇོག་སྒོར་བྱེ་བ2དང་ས་ཡ8ལ་ཟིན་ཡོད་པ་རེད།

        ཀྲེ་ཅང་དང་སི་ཁྲོན་གཉིས་ཀྱིས་ཤར་ནུབ་རྒྱུད་ཕན་ཚུན་རོགས་རམ་གྱི་འབྲེལ་བ་བརྟེན་ནས་འཛད་སྤྱོད་རོགས་སྐྱོར་གྱི་ཐབས་སྤྱད་དེ་སི་ཁྲོན་གྱི་ཡུལ་སྡེའི་ཐོན་རྫས་སྤུས་དག་རི་ཁུག་ནས་ཕྱིར་ཁྲོམ་ར་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ། ཐ་ན་རྒྱལ་ཡོངས་སུ་འཚོང་ཐུབ་པ་བྱ་རྒྱུ་ཡིན། ཀྲེ་ཁྲོན་མཉམ་ལས་ལས་སྟེགས་གསར་པས་དབུལ་ཐར་ས་ཁུལ་འཕེལ་རྒྱས་རྒྱུན་སྲིང་ཐུབ་པ་དང་ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་སྔར་བས་སྐུལ་སྤེལ་ཐུབ་པ་དང་། མཉམ་ལས་གྲུབ་འབྲས་ཀྱིས་ཀྲེ་ཁྲོན་ས་ཆ་གཉིས་ལ་ཕན་ཐོགས་ངེས་རེད་ཅེས་སི་ཁྲོན་ཞིང་ཆེན་ཡུལ་སྡེ་དར་རྒྱས་ཅུས་ལས་གཞི་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཀྲེང་ཧུང་གིས་དེ་ལྟར་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1