མེ་འགོག་དང་སྣོད་བཅུད་བདེ་འཇགས་དམ་འཛིན་བྱེད་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 12-07


        ཟླ་12པའི་ཚེས་5ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཧན་ཏེ་ལུང་དཔལ་སྐྱིད་ས་ཁུལ་དུ་བསྐྱོད་ནས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀར་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གང་ལེགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།  ཚེ་སྲོག་བླར་བཀུར་ཞིང་བདེ་འཇགས་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་བསྐྲུན་ནས། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཇེ་ཆེར་གཏོང་བ་དང་བྱེད་ཐབས་ལ་ཤུགས་སྣོན་སྒོས།  ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱེད་དགོས་པར་བསྟན།




        ཧན་ཏེ་ལུང་གི་སྔ་རྗེས་སུ་རྒྱལ་གཉེར་ནགས་སྲུང་ས་ཚིགས་དང་བབ་བཟོ་ཡུལ་ཚོའི་མེ་འགོག་ས་ཚིགས། བབ་བཟོ་ཡུལ་ཚོའི་གྭ་ཙི་གྲོང་ཚོའི་མེ་འགོག་སོ་ཁང་།  ཆོས་རྗེ་ཡུལ་ཚོའི་བྱང་རྩེ་སྨད་པའི་མེ་འགོག་སོ་ཁང་། ཆོས་རྗེས་ཡུལ་ཚོའི་སྒར་བ་གྲོང་ཚོའི་མེ་འགོག་ས་ཚིགས་ཆུང་གྲས་སོགས་སུ་བསྐྱོད་ནས། རི་བོར་སྐྱོད་མཁན་ལ་དོ་དམ་དང་། མེ་ཁུངས་དོ་དམ་ཚོད་འཛིན། སྐོར་གཡེང་འགོག་སྲུང་། རུ་ཁག་འཛུགས་སྐྲུན། དྲ་རྒྱ་ཅན་གྱི་དོ་དམ་བཅས་ཀྱི་ལས་དོན་སྤེལ་ཚུལ་སོགས་ལ་རྒྱུས་ལོན་ཞིབ་ཕྲར་གནང་བར་མ་ཟད། རི་མགོར་འཛུལ་བའི་ནགས་ཚལ་ཐོ་འགོད་དེབ་དང་། མེ་འགོག་རྩ་གཉིས་ཨང་རྟགས།  ས་ཚིགས་ཀྱི་ལས་སྒྲུབ་ལས་རེས་སོགས་ཀྱི་གནས་ཚུལ་ལ་བཤེར་ཀློག་གནང་། ཁོང་གིས་བསྟན་དོན། མིག་སྔར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འབྱུང་མང་དུས་སྐབས་ཡིན་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དམ་པོར་བཟུང་ནས། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་། མེ་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པ། གཙོ་གནད་ས་ཁོངས་དང་གཙོ་གནད་དུས་མཚམས་ལ་དམིགས་ཏེ། ནུས་ཤུགས་ཡོད་རྒུས་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས། ཆོད་སེམས་བརྟན་པོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་དོགས་ཟོན་བྱེད་དགོས་པར་བསྟན།

        ཧན་ཏེ་ལུང་གིས་ནན་གྱིས་བསྟན་དོན། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྣོད་བཅུད་བདེ་འཇགས་དང་འབྲེལ་ཡོད་པས།  གཅིག་ནས་ལས་ཀའི་འགན་འཁྲི་ཇེ་ནན་དུ་གཏོང་བ། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་གནས་བབ་ཛ་དྲག་ལ་ངོས་འཛིན་གང་ལེགས་བྱས་ཏེ།  དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་ཆེ་དང་། དུས་དང་རྣམ་པ་ཀུན་ཏུ་ནགས་ཚལ་དང་རྩྭ་ཐང་གིས་མེ་འགོག་མེ་གསོད་ལས་དོན་དམ་པོར་བཟུང་སྟེ། ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁྲི་ལེགས་པར་ཁུར་ནས་སྔོན་འགོག་གཙོ་བོར་འཛིན་པ་དང་།  མེ་འགོག་གི་བྱེད་ཐབས་སྔར་ལས་ཞིབ་ཚགས་སུ་བཏང་སྟེ། མེ་སྐྱོན་གྱི་ཉེན་ཟོན་དང་མེ་ཁུངས་དོ་དམ། མེའི་གནས་ཚུལ་ཐག་གཅོད་བཅས་ལ་སྔར་ལས་ཤུགས་སྣོན་བྱ་དགོས།  གཉིས་ནས་མེ་ཁུངས་དོ་དམ་ཚོད་འཛིན་དམ་འཛིན་ཡག་པོ་བྱེད་དགོས་པ། རྒྱུན་མཐུད་ངང་ཕྱི་རོལ་དུ་སྒྲིག་འགལ་ངང་མེ་སྤྱོད་པར་རྡུང་རྡེག་ཚ་ནན་བཏང་སྟེ། མེ་སྐྱོན་འབྱུང་ཁུངས་དེ་རི་གཤམ་གྱི་ནགས་ཚལ་ཕྱི་རོལ་དུ་མཐའ་གཅིག་ཏུ་འགོག་པ་དང་། ཕྱི་རོལ་དུ་མེ་སྤྱོད་པ་དང་མེ་སྐྱོན་ཐོན་སླ་བའི་ལས་སྒྲུབ་བྱ་སྤྱོད་མཐའ་དག་ནན་འགོག་བྱེད་དགོས། གསུམ་ནས་འཕྲལ་སྡོམ་ལས་རེས་ལ་ཤུགས་སྣོན་བྱ་དགོས་པ།   ལས་རེས་སྣེ་ཁྲིད་དང་འཕྲལ་སྡོམ་ལས་རེས་ལམ་ལུགས་ལག་བསྟར་བྱས་ནས། སྐོར་ཞིབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། མེ་སྐྱོན་སྔོན་ཚུད་ནས་ཤེས་རྟོགས་དང་། སྔ་ཙམ་ནས་སྙན་སེང་ཞུ་བ། སྔ་ཙམ་ནས་ཐག་གཅོད་པ་བཅས་བྱེད་དགོས།  བཞི་ནས་དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས་པ། མེ་གསོད་ཡོ་བྱད་ལ་ཞིབ་བཤེར་ཉམས་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་གཏོང་བ། ཆ་འགྲིག་སྒྲིག་བཀོད་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མེ་གསོད་དཔུང་ཁག་གིས་དམག་རྒྱག་རྣམ་པ་རྒྱུན་འཁྱོངས་ཐུབ་པར་འགན་ལེན་དགོས། ལྔ་ནས་དྲིལ་བསྒྲགས་སློབ་གསོ་དམ་འཛིན་ཡག་པོ་བྱེད་དགོས་པ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་པར་མི་ཚང་མར་འགན་འཁྲི་ཡོད་པའི་ཁོར་ཡུག་བཟང་བོ་བཏོད་དེ། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་དང་མཉམ་འགོག་མཉམ་བཅོས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་མི་སྣ་ཤི་རྨས་ཀྱི་དོན་རྐྱེན་འབྱུང་བར་ནན་འགོག་བྱེད་དགོས་པ་བཅས་བསྟན།

        རྫོང་དཔོན་གཞོན་པ་སྒྲོལ་མ་ཚེ་རིང་དང་དབྱང་ཡུང། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་བཅས་རྟོག་ཞིབ་ཏུ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1