བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་ཐོག་གི་མྱ་ངན་ཞུ་ཚིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-07


བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་བའི་ཚོགས་ཆེན་ཐོག་གི་མྱ་ངན་ཞུ་ཚིག

(2022ལོའི་ཟླ་12ཚེས་6ཉིན)

ཞི་ཅིན་ཕིང་།

        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

        དེ་རིང་ང་ཚོས་རྒྱལ་སའི་མི་དམངས་ཚོགས་ཁང་ཆེན་མོར་མྱ་ངན་ཞུ་བའི་ཚོགས་ཆེན་གཟབ་རྒྱས་འཚོགས་ཏེ་ཡིད་ཤིན་ཏུ་སྐྱོ་བའི་ངང་དགའ་ཞིང་གུས་པའི་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ།

        སྐབས་འདིར། རང་རྒྱལ་གྱི་འཛིན་མའི་ཁྱོན་ཡོངས་སུ་རྒྱལ་ཡོངས་ས་གནས་ཁག་གི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་བྱ་གཞག་ཚན་པ། གྲོང་གསེབ། སློབ་གྲྭ དཔུང་སྡེ། ཁྲོམ་གཞུང་སྡེ་ཁུལ་བཅས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་དང་། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་དོན་གཅོད་ཁང་དང་ཕྱིར་སྡོད་ལས་ཁུངས་གཞན་དག་གི་མི་སྣ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ཀྱིས་ཀྱང་ང་ཚོ་དང་མཉམ་དུ་བློ་མཐུན་ཅང་ཙེ་མིན་གྱི་མཛད་རྗེས་རླབས་པོ་ཆེ་དང་བླ་ན་མེད་པའི་ཉམས་འགྱུར་ལ་རྗེས་དྲན་ཟབ་མོ་ཞུས་ནས་ང་ཚོའི་མྱ་ངན་གྱི་བསམ་པ་མཚོན་པར་བྱེད་ཀྱི་ཡོད།

        ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཅང་ཙེ་མིན་ལྟ་བུ་རླབས་ཆེན་གྱི་མི་ཞིག་འཇིག་རྟེན་འདི་དང་གཏན་དུ་བྲལ་བར་སེམས་སྡུག་ཚད་མེད་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ། ཕྱོགས་གང་ཅིའི་རྒྱལ་སྤྱིའི་གྲོགས་པོ་བཅས་ཀྱིས་ཀྱང་མྱ་ངན་ཟབ་མོ་ཞུ་ཡི་ཡོད།

        བློ་མཐུན་ཅང་ཙེ་མིན་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཆེ་བའི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ། ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་རེད།

        ང་ཚོས་བློ་མཐུན་ཅང་ཙེ་མིན་ལ་གུས་ཞེན་བྱེད་པ་དང་བློ་མཐུན་ཅང་ཙེ་མིན་ལ་དྲན་གསོ་ཞུ་བ་ནི་ཁོང་གིས་སྐུ་ཚེ་ཧྲིལ་པོའི་ཐུགས་ནུས་ཡོད་རྒུ་ཀྲུང་གོའི་མི་དམངས་ལ་ལེགས་སྐྱེས་ཕུལ་ནས་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར། མི་དམངས་བདེ་སྐྱིད་བཅས་ཡོང་བའི་ཆེད་དུ་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཚེ་གང་འབད་བརྩོན་གནང་བས་རེད། ལྷག་པར་དུ་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་13རིང་ཏང་དང་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ནི་བློ་མཐུན་ཅང་ཙེ་མིན་གྱི་ཐབས་མཆོག་ཇུས་ཆེན་དང་། འགག་རྩའི་ནུས་པ། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་འཇོན་ཐང་བཅས་དང་ཁ་འབྲལ་ཐབས་མེད། བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ཀྱི་ཆེད་དུ་ཉམས་པ་མེད་པའི་མཛད་རྗེས་འཇོག་གནང་མཛད་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྙིང་དབུས་ནས་གུས་བཀུར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

        བློ་མཐུན་ཅང་ཙེ་མིན་གྱིས་སྐུ་ན་ཕྲ་དུས་ནས་བདེན་དོན་བརྩོན་གཉེར་གནང་ཞིང་མི་དམངས་ཀྱི་གསར་བརྗེའི་ལས་འགུལ་གྱི་རླབས་རྒྱུན་ནང་ཧུར་ཐག་ཞུགས་ཡོད། ཁོང་ནི་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་ནས་ཡིན་ཞིང་། 1926ལོའི་ཟླ་8པར་རྒྱལ་གཅེས་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས། སྐུ་ན་ཕྲ་དུས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་དམངས་གཙོའི་གསར་བརྗེའི་བསམ་བློས་བློ་སྒོ་ཕྱེ་ཡོད། 1943ལོའི་དགུན་ཁར། ཀྲུང་གུང་གསང་བའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་པའི་རྒྱལ་གཅེས་ཡར་ཐོན་སློབ་མའི་ལས་འགུལ་ལ་ཞུགས། 1946ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ཤིང་། དེ་ནས་བཟུང་སྐུ་ཚེ་ཧྲིལ་པོའི་ཐུགས་ནུས་ཏང་དང་མི་དམངས་ལ་ལེགས་སྐྱེས་ཕུལ་གནང་ཡོད།

        ཀྲུང་གོ་གསར་པ་དབུ་བརྙེས་རྗེས། བློ་མཐུན་ཅང་ཙེ་མིན་གྱིས་སྔ་རྗེས་སུ་ཁེ་ལས་དང་། ཚན་ཞིབ་ལས་ཁུངས། རྒྱལ་ཁབ་པུའུ་ཨུད་བཅས་སུ་ཕྱག་ལས་གནང་ཞིང་། ལས་གནས་ཚང་མར་ཁོང་གིས་རང་འགན་གཙང་སྒྲུབ་དང་དཀའ་སྤྱད་འབད་བརྩོན་གནང་སྟེ་མེ་ལྟར་ཚ་བའི་ལང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ལ་ཕུལ་བ་དང་སྒྱུར་བཅོས་སྒོ་དབྱེའི་ཐད་གསར་འབྱེད་རང་བཞིན་གྱི་ཕྱག་ལས་མང་པོ་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་གཉིས་པའི་ཐོག་ཁོང་ཀྲུང་དབྱང་ཨུ་ཡོན་ལ་བདམས་ཡོད།

        1985ལོའི་རྗེས་སུ། བློ་མཐུན་ཅང་ཙེ་མིན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲུའུ་ཅིའི་འགན་བཞེས། ཁོང་གིས་འགོ་ཁྲིད་འོག་ཧྲང་ཧའེ་ཡི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་འགོད་གནང་ཞིང་། དུས་རབས་20པའི་དུས་མཇུག་ཏུ་ཧྲང་ཧའེ་སྒོ་དབྱེ་ཅན་དང་། ནུས་མང་ཅན། ཐོན་ལས་གྲུབ་ཚུལ་ལུགས་མཐུན། ཚན་རིག་ལག་རྩལ་སྔོན་ཐོན་བཅས་དང་དཔལ་ཡོན་རབ་ཏུ་རྒྱས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཞེས་པའི་འཕེལ་རྒྱས་ཀྱི་མཛད་ཕྱོགས་བཏོན་གནང་བ་དང་། ཕུའུ་ཏུང་རྒྱལ་སྤྱི་ཅན་དང་། ལྟེ་གནས་ཅན། དེང་རབས་ཅན་བཅས་ཀྱི་འཛམ་གླིང་གི་གྲོང་ཁུལ་གསར་པ་རྩེ་གྲའི་གྲས་སུ་འཛུགས་སྐྲུན་བྱས་ཏེ་དམངས་ལ་དོན་དངོས་སྒྲུབ་པ་ལམ་ལུགས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཧྲང་ཧའེ་ཡི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་གནང་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་དང་པོའི་ཐོག་ཁོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ལ་བདམས་ཡོད། 1989ལོའི་དཔྱིད་དབྱར་གཉིས་ཀྱི་བར་མཚམས་སུ་རང་རྒྱལ་དུ་ཆབ་སྲིད་ཀྱི་ཟིང་འཚུབ་ཚབས་ཆེན་ལངས་བས། བློ་མཐུན་ཅང་ཙེ་མིན་གྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཟིང་ཆར་ངོ་རྒོལ་དང་། སྤྱི་ཚོགས་རིང་ལུཌ་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོབ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་ཡང་དག་ལ་བརྩི་བཀུར་དང་ལག་བསྟར་མཐའ་གཅིག་ཏུ་གནང་བ་མ་ཟད། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་དམ་པོར་བརྟེན་ནས་ཧྲང་ཧའེ་ཡི་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་གནང་ཡོད།

        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

        1989ལོའི་ཟླ་6པར། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་མཐུན་ཅང་ཙེ་མིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཡོད། ལོ་དེའི་ཟླ་11པར་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཁོང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་བྱས་ནས་བློ་མཐུན་ཅང་ཙེ་མིན་གྱིས་སྲོག་ཤིང་གནང་བའི་ཏང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པ་གྲུབ་པ་རེད།

        བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་དམག་དཔུང་གི་འགོ་ཁྲིད་གཙོ་བོའི་འགན་བཞེས་རིང་། རང་རྒྱལ་ལ་ཕྱི་ནས་གནོན་ཤུགས་དང་ནང་དུ་དཀའ་ངལ་འཕྲད་པའི་གནད་འགག་གི་དུས་སྐབས་ཤིག་ཡིན་པས། ཉེན་ཁའི་འགག་རྩར་ལས་འགན་ཕྲག་ཏུ་བཞེས་པ་ཡིན་ལ། བློ་མཐུན་ཅང་ཙེ་མིན་གྱིས“ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ངས་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་ནམ་འཚོའི་བར་དུ་ཞབས་འདེགས་ཞུ་བར་བརྩོན་གྱི་ཡིན”ཞེས་ཐུགས་ཐག་ཆོད་པོས་གསུངས་ཡོད།

        དུས་རབས་20པའི་ལོ་རབས་80པའི་དུས་མཇུག་དང་ལོ་རབས་90པའི་དུས་འགོར། རྒྱལ་སྤྱི་དང་རྒྱལ་ནང་དུ་ཆབ་སྲིད་ཀྱི་ཡོ་ལང་ཆེན་པོ་ལངས་པ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་ཞིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གཅིག་གིས་ཀྲུང་གོར་བཀག་སྡོམ་ཟེར་བ་བྱས་པས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྔར་འབྱུང་མྱོང་མེད་པའི་དཀའ་ངལ་དང་གནོན་ཤུགས་ཧ་ཅང་ཆེན་པོ་ཕྲད་ཡོད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་ལོ་རྒྱུས་ཀྱི་འགག་རྩར་བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་དམ་པོར་བརྟེན་པ་དང་། ལྟེ་བ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས། དར་ཆ་གསལ་སྟོན་གྱིས་རྩ་བའི་རྩ་དོན་བཞི་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས། བཅོས་སྐྱོང་དག་ཐེར་མཐའ་གཅིག་ཏུ་བྱེད་པ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་པ། ཕྱི་འབྲེལ་གྱི་འཐབ་རྩོད་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་རང་བཙན་དང་། ལ་རྒྱ། བདེ་འཇགས། བརྟན་ལྷིང་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་གནང་བ་མ་ཟད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་སྲུང་སྐྱོང་གནང་ཡོད། དཀའ་སྤྱད་འབད་འཐབ་གནང་བ་བརྒྱུད། ཏང་དང་མི་དམངས་ཀྱིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལེགས་གྲུབ་ལྡན་པའི་ངང་བརྟན་དུ་བཏང་ནས་རང་རྒྱལ་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

        ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཏང་གི་ཚོགས་ཆེན་བཅུ་དྲུག་པའི་བར་གྱི་ལོ་13རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ཟིལ་རླབས་དགུང་དུ་འཕྱུར་བ་ལྟ་བུ་བྱུང་ཡོད། རྒྱལ་སྤྱི་རྒྱལ་ནང་གི་ཧ་ཅང་རྙོག་འཛིང་ཆེ་བའི་དུས་བབ་འོག་བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཏང་གི་གཞི་རྩའི་ལམ་ཕྱོགས་མཐའ་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ་དང་། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་དམ་པོར་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བློ་བརྟན་འགྱུར་མེད་ཀྱིས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་གནང་ཡོད། ཁོང་གིས་གོ་སྐབས་དམ་འཛིན་དང་། སྒྱུར་བཅོས་ཟབ་གཏོང་། སྒོ་དབྱེ་རྒྱ་སྐྱེད། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་གཞི་རྩའི་མཛད་ཕྱོགས་བཏོན་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རིང་གི་འབྲེལ་བ་ཆེན་པོ་བཅུ་གཉིས་ལ་ཕྱོགས་ཡོངས་ནས་རྒྱས་བཤད་གནང་སྟེ། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཆོས་ཉིད་ལ་རྒྱུས་མངའ་ལོན་ཚད་ཇེ་ཟབ་ཏུ་བཏང་ཞིང་། གོ་སྐབས་དམ་འཛིན་བྱེད་པ་ལས་གོ་སྐབས་ཤོར་མི་རུང་བ་དང་གསར་འབྱེད་ཡར་བརྩོན་བྱེད་པ་ལས་རྙིང་ཞེན་བག་འཁུམས་བྱེད་མི་རུང་བའི་ནན་བཤད་གནང་ནས། ང་ཚོར་འགོ་ཁྲིད་གནང་སྟེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་ལག་བསྟར་གནང་ཡོད། ཁོང་གིས་ང་ཚོའི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་རྩ་འཛིན་གཏན་འབེབས་གནང་སྟེ་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་མཛུབ་ཁྲིད་ནུས་ལྡན་གནང་ཡོད། ཁོང་གིས་ང་ཚོའི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་དམིགས་ཚད་དང་གཞི་རྩའི་སྒྲོམ་གཞི་གཏན་འབེབས་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྤྱི་ལ་དབང་བའི་ལམ་ལུགས་གཙོ་རྐང་དུ་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་རྩོལ་བསྟུན་ཐོབ་སྤྲོད་གཙོ་རྐང་དུ་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་འཁེལ་གནང་ནས། བློ་རྩ་བརྟན་པོས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་། ཆབ་སྲིད་སྒྲིག་སྲོལ་སྒྱུར་བཅོས། རིག་གནས་སྒྲིག་སྲོལ་སྒྱུར་བཅོས། ཕྱོགས་གཞན་དག་གི་སྒྱུར་བཅོས་བཅས་ལ་སྐུལ་འདེད་བཏང་གནང་ཡོད། ཁོང་གིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ་དང་གོམ་སྟབས་གསུམ་པའི་འཐབ་ཇུས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་སྔ་བལྟས་ཕྱི་བསམ་རང་བཞིན་གྱི་འཐབ་ཇུས་དགོངས་པ་བཞེས་ནས་དུས་རབས་འདིའི་དུས་འགོའི་ལོ་20ཡི་རིང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མི་འབོར་དུང་ཕྱུར་བཅུ་གྲངས་ལ་ཕན་པའི་ཆུ་ཚད་དེ་བས་མཐོ་བའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་དགོས་པའི་ནན་བཤད་གནང་ཡོད། ཁོང་གིས་རྒྱུ་འབྱོར་པ་རྒྱས་ན་གདེང་ཚོད་ངང་གིས་འཕེལ་བ་དང་མི་གཞན་གྱི་རྗེས་སུ་ལུས་ན་མཐོང་ཆུང་གཟེད་དགོས་པས། འཕེལ་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ལས་འགན་ཨང་དང་པོར་བརྩིས་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་དང་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་དོན་གཉེར་བྱེད་དགོས་པའི་ནན་བཤད་གནང་ཡོད། ཁོང་གིས“ནང་འདྲེན”དང“ཕྱིར་སྐྱོད”ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་པ་བཏོན་གནང་བ་དང་། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ང་ཚོ་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་པར་འགོ་ཁྲིད་གནང་སྟེ་ཕྱི་ཕྱོགས་སྒོ་དབྱེའི་རྣམ་པ་གསར་པ་ཞིག་ཆགས་ཡོད། ཁོང་གིས་ང་ཚོའི་འགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་གཏོང་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་མཛད་ཇུས་ལག་ལེན་བསྟར་བ། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། ཤང་ཀང་དང་ཨའོ་མོན་མེས་རྒྱལ་པང་དུ་བདེ་བླག་ངང་བླངས་པ། ངོགས་གཉིས་དབར་ཀྲུང་གོ་གཅིག་གི་རྩ་དོན་མངོན་པར་བྱེད་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”འཇོག་རྒྱུར་སྐུལ་འདེད་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་ནུས་ལྡན་སྤེལ་བ་བཅས་གནང་ཡོད། ཁོང་གིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ལ་ཕྱོགས་པའི་གཟིགས་རྒྱང་ཡངས་པོར་བརྟེན་ནས་འཛམ་གླིང་གི་དུས་བབ་དང་འཕེལ་རྒྱས་ཀྱི་སྤྱིའི་འཕེལ་ཕྱོགས་ལ་སྟངས་འཛིན་གནང་ནས། ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས་དགོངས་པ་རབ་དང་རིམ་པ་བཏོན་གནང་སྟེ་འཛམ་གླིང་སྣེ་མང་ཅན་ལ་སྐུལ་འདེད་ཧུར་ཐག་དང་། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་ལ་སྐུལ་འདེད། འཛམ་གླིང་གི་སྣ་མང་རང་བཞིན་ལ་བརྩི་འཇོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་པར་སྐུལ་འདེད་བཅས་བཏང་གནང་སྟེ། ང་ཚོའི་འགོ་ཁྲིད་ནས་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བཏོད་གནང་བ་རེད། ཁོང་གིས་རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་དུ་ནན་པོས་སྐྱོང་དགོས་ཞེས་ནན་བཤད་གནང་བ་དང་། སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྲོལ་བཟང་ལ་སྣང་ཆེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་སྤེལ་གཏོང་དགོས་ལུགས་བཏོན་གནང་བ། འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་རུལ་འགོག་འགྱུར་འགོག་དང་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་གཏོང་བའི་ལོ་རྒྱུས་རང་བཞིན་གྱི་ཞིབ་འཇུག་བྱ་གཞི་ཆེན་པོ་གཉིས་ཐག་གཅོད་ཡག་པོ་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་ཞུམ་མེད་ཀྱི་སྙིང་སྟོབས་དང་། དཔའ་ངར་ཆེ་བའི་བློ་སྟོབས། རྣམ་པར་དག་པའི་གཞུང་སེམས་བཅས་རྒྱུན་འཁྱོངས་དང་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་ང་ཚོའི་འགོ་ཁྲིད་དེ་སྒྱུར་འཕེལ་བརྟན་གསུམ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་སྲོལ་གཏོད་དང་ཏང་འཛུགས་སྐྱོང་ཐད་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རིམ་གསར་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་21པའི་ཕྱོགས་སུ་གྲུབ་འབྲས་ལྡན་པའི་ངང་སྐུལ་སྤེལ་བཏང་གནང་བ་རེད།

        བློ་མཐུན་ཅང་ཙེ་མིན་གྱིས་འཛམ་གླིང་གི་དམག་དོན་འཕོ་འགྱུར་གསར་པའི་འཕེལ་ཕྱོགས་མཁྱེན་རྟོགས་གསལ་པོ་གནང་སྟེ། དུས་སྐབས་གསར་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་གཙོ་སྐྱོང་གནང་ནས་གཏན་འབེབས་གནང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་འཕོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དཔུང་སྟོབས་ཆེན་གྱི་ལམ་བུར་བསྐྱོད་དེ་མི་དམངས་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་ཡོད། ཁོང་གིས“ལོ་འདི་དག་ནང་ངས་སེམས་ནུས་གཅིག་བསྒྲིལ་གྱིས་དམ་འཛིན་བྱེད་པའི་གནད་དོན་དེ་ཚིག་གཅིག་ལ་བསྡུས་ན་རང་དམག་གིས་རྒྱལ་ཁ་ལེན་ཐུབ་མིན་དང་ངོ་བོ་མི་འགྱུར་བ་བྱ་རྒྱུ་དེ་ཡིན”ཞེས་ནན་བཤད་གནང་བ་རེད། ཁོང་གིས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱེད་པར། དཔུང་སྡེས་ཆབ་སྲིད་ཐད་ཚད་ལོན་པ་དང་། དམག་དོན་ལ་ཉམས་སད་ཐེག་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་དམ་ནན། འགན་ལེན་ནུས་ལྡན་བཅས་བྱས་ཏེ་མི་དམངས་དམག་དཔུང་གི་ངོ་བོ་དང་། རང་མདངས། སྤྱོད་ཚུལ་བཅས་ནམ་ཡང་གནས་པར་བྱས་ནས་དམག་དོན་འཐབ་རྩོད་གྲ་སྒྲིག་གི་གཞི་གནས་དེ་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་གི་ཆ་ཤས་ཀྱི་དམག་འཁྲུག་ལ་རྒྱལ་ཁ་འཐོབ་པར་བྱེད་པའི་ཐད་འཇོག་པ་དང་རྒྱལ་སྲུང་དང་གོ་མཚོན་སྒྲིག་ཆས་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཁོང་གིས་དམག་དཔུང་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་ལས་ཁུངས་བཅས་ཚོང་གཉེར་བྱེད་སྒོ་མཐའ་དག་ལ་རྩ་བ་ནས་ཞུགས་མི་ཆོག་པའི་འཐབ་ཇུས་རང་བཞིན་གྱི་མཛད་ཇུས་བཏོན་གནང་བ་རེད། བློ་མཐུན་ཅང་ཙེ་མིན་སྐུ་ངོ་མས་འགོ་ཁྲིད་གནང་བ་དང་སྐུལ་འདེད་ཤུགས་ཆེན་གནང་བའི་འོག རང་རྒྱལ་གྱི་རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད།

        བློ་མཐུན་ཅང་ཙེ་མིན་གྱིས་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད་བཅས་མཐའ་འཁྱོངས་དང་། ལག་ལེན་ལ་བརྩི་འཇོག་དང་མང་ཚོགས་ལ་བརྩི་འཇོག་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུཌ་འཛུཌ་སྐྲུན་བྱེད་པའི་བརྗོད་བྱ་གཙོ་བོར་དམིཌ་ཏེ་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་པ་བཏོན་གནང་ནས། ཏང་གི་གཞི་རྩའི་རིཌ་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཡོད། ལྷག་པར་དུ་ཁོང་གིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཏོན་གནང་སྟེ། གང་ཞིག་སྤྱི་ཚོགས་རིང་ལུགས་ཡིན་པ་དང་སྤྱི་ཚོགས་རིང་ལུཌ་འཛུཌ་སྐྲུན་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་ལན་སྔར་བས་གསལ་པོ་བཏབ་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཏང་གང་འདྲ་ཞིག་འཛུཌ་སྐྱོང་བྱེད་དགོས་པ་དང་ཏང་འཛུཌ་སྐྱོང་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་ལན་བཏབ་སྟེ། ང་ཚོས་དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཆོས་ཉིད་ལ་ངོས་འཛིན་ཟབ་ཏུ་བཏང་བ་དང་། བསམ་བློ་དང་། ལྟ་བ། ཆོད་གཏམ་བཅས་གསར་པར་བརྟེན་ནས་མར་ཁེ་སི་ལེ་ཉིང་རིང་ལུཌ་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་། ཕུན་སུམ་ཚོགས་སུ་གཏོང་བ། འཕེལ་རྒྱས་གཏོང་བ་བཅས་གནང་ཡོད།

        ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་13རིང་། བློ་མཐུན་ཅང་ཙེ་མིན་གྱིས་ང་ཚོའི་འགོ་ཁྲིད་དེ་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་ལ་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་ཐོལ་བྱུང་དོན་རྐྱེན་རབ་དང་རིམ་པར་འཚབ་འཚུབ་མེད་པར་ཁ་གཏད་བཅག་པ་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་ཐོན་པའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བ། ལྷག་པར་དུ་ང་ཚོའི་འགོ་ཁྲིད་དེ་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་གྱི་རྡབ་རྡེག་ལ་གྲུབ་འབྲས་ཐོན་པའི་ངང་ཁ་གཏད་བཅག་པ་དང་། 1998ལོའི་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་ལས་རྣམ་པར་རྒྱལ་བ་སོགས་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུ་གཟིངས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པའི་འགན་ལེན་གནང་ཡོད།

        བློ་མཐུན་ཅང་ཙེ་མིན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་ཡོད། ཏང་གི་ཚོཌ་ཆེན་བཅུ་དྲུག་པ་གྲ་སྒྲིག་བྱེད་རིང་། ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་རྙིང་ཚབ་གསར་མཐུད་ལ་སྐུལ་འདེད་གཏོང་བར་ཕན་པའི་ཆེད་དུ། ཁོང་གིས་རང་འགུལ་ངང་ཀྲུང་དབྱང་གི་འགོ་ཁྲིད་ཀྱི་གོ་གནས་དགོངས་ཞུ་གནང་བ་མ་ཟད། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་ཕྱིར་འཐེན་གནང་བ་དང་ཏང་ཀྲུང་དབྱང་གིས་བློ་མཐུན་ཅང་ཙེ་མིན་གྱི་དགོངས་ཞུར་མོས་མཐུན་གནང་བ་རེད། 2004ལོར་ཁོང་གིས་སླར་ཡང་རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་དགོངས་ཞུ་གནང་བ་ལས་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཕུགས་རྒྱང་རིང་བའི་བསམ་བློ་བཏང་བ་གང་ལེཌ་མཚོན་གྱི་ཡོད།

        འགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་གནང་རྗེས། བློ་མཐུན་ཅང་ཙེ་མིན་གྱིས་ཏང་ཀྲུང་དབྱང་གི་ལས་དོན་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་ཐུགས་ཁུར་གནང་ཞིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ཡོད། 2006ལོར་བློ་མཐུན་ཅང་ཙེ་མིན་སྐུ་ངོ་མས་གཙོ་སྐྱོང་གནང་ནས《ཅང་ཙེ་མིན་གྱི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་། གཉིས་པ། གསུམ་པ་བཅས་རྩོམ་སྒྲིག་དང་ཞུ་དག་གཏན་འབེབས་གནང་ཡོད། དེས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་སྤེལ་གཏོང་བར་དཔྱད་གཞི་གལ་ཆེན་མཁོ་འདོན་གནང་ཡོད།

        བློ་མཐུན་ཅང་ཙེ་མིན་གྱིས་དུས་ཡུན་རིང་པོའི་གསར་བརྗེའི་ལག་ལེན་ནང་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཉམས་འགྱུར་མངོན་གསལ་དོད་པོ་སྦྱོང་བརྡར་གནང་ཡོད། བློ་མཐུན་ཅང་ཙེ་མིན་ནི་གཟིགས་རྒྱང་རིང་ལ་དུས་གནས་རྟོགས་དཔྱོད་གནང་མཁན་ཞིག་ཡིན་ཞིང་། ག་དུས་ཡིན་ཡང་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་དམིགས་ནས་གནད་དོན་ལ་ལྟ་ཞིབ་དང་བསམ་གཞིག་གནང་བ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་ཕྱོགས་གཞན་དག་ཐད་ཀྱི་གསར་གཏོད་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་གནང་ཡོད། བློ་མཐུན་ཅང་ཙེ་མིན་ནི་དད་སེམས་བརྟན་པ་དང་བློ་ཐག་ཆོད་པོས་དོན་དག་ཐག་གཅོད་གནང་མཁན་ཞིག་ཡིན་ཞིང་། ག་དུས་ཡིན་ཡང་ཏང་དང་མི་དམངས་ཐུགས་དབུས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་གནང་བ། འགག་རྩའི་དུས་སུ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཇུས་ཐག་གཅོད་པའི་ཐུན་མོང་མ་ཡིན་པའི་བློ་སྤོབས་དང་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བློ་སྟོབས་ཆེན་པོ་ལྡན་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་ལག་ལེན་ལ་བརྩི་འཇོག་དང་དུས་བསྟུན་མདུན་སྐྱོད་གནང་ཞིང་། ག་དུས་ཡིན་ཡང་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་གོ་སྐབས་ལ་དམ་འཛིན་གྱིས་ཏང་དང་མི་དམངས་ཀྱི་གསོན་ཉམས་དོད་པའི་ལག་ལེན་ནས་འགོ་བརྩམས་ཏེ། ཉམས་མྱོང་ལ་ཕྱོགས་སྡོམ་དང་ལམ་བུ་འཚོལ་ཞིབ་མཐའ་འཁྱོངས་གནང་ནས་ཏན་ཏན་ཏིག་ཏིག་དང་གསར་འབྱེད་ཡར་བརྩོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་གནང་ཡོད། བློ་མཐུན་ཅང་ཙེ་མིན་གྱིས་མང་ཚོགས་ལ་བརྩི་འཇོག་དང་ཐུགས་ཁུར་གནང་ཞིང་། ག་དུས་ཡིན་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གཞིགས་ནས་ལས་དོན་ལ་ཞིབ་བཤེར་དང་སྐུལ་འདེད་གནང་ཡོད། བློ་མཐུན་ཅང་ཙེ་མིན་གྱི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཉམས་འགྱུར་ནམ་ཡང་ང་ཚོའི་སེམས་ལ་གནས་ཤིང་། ང་ཚོ་མདུན་དུ་སྐྱོད་པར་ནམ་ཡང་སློབ་གསོ་དང་སྐུལ་ལྕག་ཐེབས་ངེས་རེད།

        བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པ་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་བཅས་ནས་བཤད་ན་ཚོད་དཔག་བྱེད་ཐབས་བྲལ་བའི་གྱོང་གུན་ཞིག་རེད། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་བློ་མཐུན་ཅང་ཙེ་མིན་སྐུ་འདས་པོའི་ཕུགས་རེ་རྒྱུན་འཛིན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ང་ཚོའི་མྱ་ངན་ཞུ་ལུགས་མཚོན་པར་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས་པའི་འབོད་སྐུལ་ཞུ་གི་ཡིན།

        —— མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་འཛུགས་རྒྱལ་འཛུགས་དང་ཏང་དར་རྒྱལ་དར་གྱི་རྩ་བའི་མཛུབ་ཁྲིད་ཀྱི་དགོངས་པ་ཡིན། བློ་མཐུན་ཅང་ཙེ་མིན་གྱིས་ང་ཚོར་བཞག་པའི་ཆེས་རྩ་ཆེ་བའི་རྒྱུ་ནོར་ནི“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དེ་ཡིན། ཁོང་གིས“ངས་བསམ་བློ་འདི་བཏོན་པར་བསམ་གཞིག་ཡུན་རིང་བྱས་པ་ཡིན”ཞེས་དང་། “‘མཚོན་བྱེད་གསུམ’”གྱི་དགོངས་པ་ནི་ཁུངས་མེད་དུ་བྱུང་བ་ཞིག་མིན་པར། དེ་ནི་ང་ཚོས་ལོ་བཅུ་གསུམ་རིང་རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་འབྱེད་བྱས་པའི་འབྲས་བུ་ཡིན”ཞེས་བསྟན་གནང་ལ། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ནི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞིག་རེད། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཀྲུང་གོའི་དོན་དངོས་ཞིབ་ཕྲ་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་དང་། ཐམས་ཅད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་དྲི་བ་དང་། འཛམ་གླིང་གི་དྲི་བ། མི་དམངས་ཀྱི་དྲི་བ། དུས་རབས་ཀྱི་དྲི་བ་བཅས་ལ་ལན་ཟམ་མི་ཆད་པར་བཏབ་ནས་མར་ཁེ་སི་རིང་ལུགས་ཀྱི་གསོན་ཤུགས་ཆེན་པོ་དང་སྐྱེ་སྟོབས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།

        —— ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་དྲག་ཆར་རླུང་འཚུབ་ལ་མི་སྐྲག་པར་མདུན་དུ་སྐྱོད་པའི་རྩ་བའི་འགན་ལེན་ཞིག་ཡིན། བློ་མཐུན་ཅང་ཙེ་མིན་གྱིས་ཐུགས་བཟང་ཚིག་ནན་གྱི་སྒོ་ནས། “ང་ནི་གུང་ཁྲན་ཏང་ཡོན་རྒན་གྲས་ཤིག་ཡིན་པས་ཏང་ཡོངས་ཀྱི་བློ་མཐུན་སྤྱི་དང་ལྷག་པར་དུ་ཀྲུང་དབྱང་གི་བློ་མཐུན་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་ཏང་འདི་ཉིད་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། དུས་དང་རྣམ་པ་ཀུན་ཏུ་ལས་དོན་ཁག་གི་ཁྲོད་དུ་རང་རྟོགས་ཀྱིས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད། དེ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་རེ་བ་གནས་ས་རེད”ཅེས་གསུངས་ཤིང་། རྒྱང་ལམ་གསར་པའི་ཐོག་ང་ཚོས་ངེས་པར་དུ“རྒྱུགས་འབུལ”གྱི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་ཕོད་པ་བཅས་བྱས་ནས། དུས་རབས་གསར་པར་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་ལ་འགྱུར་རྒྱུའི་འགན་ལེན་བྱེད་དགོས།

        —— ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་དེང་རབས་ཀྲུང་གོས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་རྗེས་སུ་སྙེག་པ་དང་དུས་རབས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འགྲོ་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད། 2001ལོར་བློ་མཐུན་ཅང་ཙེ་མིན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་80འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ལོ་ངོ་80རིང་གི་ལག་ལེན་ལས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་ནི་རང་རེའི་ཏང་གི་ལོ་རྒྱུས་ལ་ཕྱོགས་སྡོམ་བྱས་ནས་ཐོབ་པའི་ཆེས་གཞི་རྩའི་ཉམས་མྱོང་ཞིག་ཡིན་པ་ང་ཚོར་བློ་སྒོ་ཕྱེ་ཡོད་ཅེས་ནན་བཤད་གནང་ཞིང་། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཕྱོགས་བཅས་མཐའ་འཁྱོངས། རང་རྟོན་རང་སྟོབས་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བཅས་བྱས་ནས་རང་ཉིད་ཀྱིས་བདམས་པའི་ཡང་དག་པའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་མདུན་དུ་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་དགོས།

        —— མི་དམངས་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་རྩ་བའི་སྟོབས་ཤུགས་ཡིན། བློ་མཐུན་ཅང་ཙེ་མིན་གྱིས་མི་དམངས་ལ་ལྷག་བསམ་རྣམ་དག་གནང་སྟེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཐུགས་སུ་བཅངས་བ་དང་ཁོང་གིས“མི་དམངས་མང་ཚོགས་རྩ་བར་འཛིན་དགོས་ལུགས”བཏོན་གནང་ནས“མི་ཆེས་མང་ཆེ་བའི་ཁེ་ཕན་ནི་ཆེས་གལ་འགངས་ཆེ་བ་དང་ཆེས་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་རྒྱུ་རྐྱེན་ཡིན། དེ་ནི་མར་ཁེ་སི་རིང་ལུཌ་ཀྱི་གཞི་རྩའི་ལྟ་བ་ཡིན”པས། ངེས་པར་དུ་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་རྒྱུན་ཆད་མེད་པར་མངོན་འགྱུར་དང་། སྲུང་སྐྱོབ། འཕེལ་རྒྱས་བཅས་ཡག་པོ་ཡོང་བར་བྱེད་དགོས་ཞེས་ནན་བཤད་ཡང་ཡང་གནང་ཞིང་། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེཌ་ཞུ་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་ལེན་བསྟར་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བཅས་བྱས་ཏེ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཐོག་མཐའ་བར་གསུམ་དུ་ཡོང་བ་བྱས་ནས་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་མི་དམངས་ཁྱོན་ཡོངས་མཉམ་དུ་འབྱོར་ཕྱུག་ལྡན་པར་སྐུལ་འདེད་གཏོང་བར་ངོ་བོའི་རང་བཞིན་གྱི་འཕེལ་ཚུལ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས།

        —— སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན། བློ་མཐུན་ཅང་ཙེ་མིན་གྱིས“རིགས་པའི་གཞུང་ལུགས་གསར་གཏོད་ལ་བརྟེན་ནས་ལམ་ལུགས་གསར་གཏོད་དང་། ཚན་རྩལ་གསར་གཏོད། རིག་གནས་གསར་གཏོད་དང་དེ་བཞིན་ཕྱོགས་གཞན་གང་ཅིའི་ཐད་ཀྱི་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། ལག་ལེན་ཁྲོད་ཟམ་མི་ཆད་པར་འཚོལ་ཞིབ་དང་མདུན་སྐྱོད་བྱས་ནས་ནམ་ཡང་ཁེངས་དྲེགས་མི་བྱེད་པ་དང་ནམ་ཡང་སྒྱིད་ལུག་མི་བྱེད་པ་ནི་ང་ཚོས་ཡུན་རིང་མཐའ་འཁྱོངས་བྱེད་པའི་ཏང་དང་རྒྱལ་ཁབ་སྐྱོང་བའི་ཐབས་ལམ་ཞིག་རེད”ཅེས་ནན་བཤད་གནང་ཞིང་། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་འགྱུར་ལྡོག་ལ་ངོས་འཛིན་ཡང་དག་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྒྱུར་བཅོས་སྒོ་དབྱེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་ལེགས་ཆ་ལྡན་པ་དང་། རང་འགུལ་ཡོད་པ། འབྱུང་འགྱུར་ཐོབ་པ་བཅས་བྱེད་དགོས།

        —— ཀྲུང་གོ་འཕེལ་རྒྱས་ཡོང་བར་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ་འཛམ་གླིང་དར་རྒྱས་ཡོང་བར་ཀྲུང་གོ་དང་ཡང་ཁ་འབྲལ་ཐབས་མེད། བློ་མཐུན་ཅང་ཙེ་མིན་གྱིས་ང་ཚོས་ངེས་པར་དུ་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་དྲང་གཞག་ལུགས་མཐུན་གྱི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུན་རིང་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་བརྩོན་ལེན། རང་རེའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཁེ་ཕན་ཁྱོན་ཡོངས་ནས་སྲུང་སྐྱོང་བཅས་བྱས་ཏེ། མིའི་རིགས་ལ་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་རྒྱུན་ཆད་མེད་པར་འབུལ་དགོས་ཞེས་ནན་བཤད་གནང་ཞིང་། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་བློ་རྒྱ་ཆེན་པོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ཐོག་གི་ཡར་ཐོན་སྟོབས་ཤུགས་མཐའ་དག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས།

        —— འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱི་འགྲན་ཟླ་བྲལ་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་རེད། བློ་མཐུན་ཅང་ཙེ་མིན་གྱིས“རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་རྩོད་རླབས་པོ་ཆེའི་ཁྲོད་རྙོག་འཛིང་ཆེ་བའི་གནས་ཚུལ་ཏེ་རྒྱལ་སྤྱི་རྒྱལ་ནང་གི་ཛ་དྲག་དུས་བབ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ། བསམ་བློ་གཏོང་སྟངས་མི་འདྲ་བའི་དབར་གྱི་འགལ་ཟླ་དང་འཐབ་རྩོད་མང་པོ་འཕྲད་ནས་རྟག་ཏུ་ཏང་ཡོན་མི་རེ་ངོ་རེར་ཚོད་བགམ་ཡོང་གི་ཡོད”པས། “དགྲ་བོ་ཐམས་ཅད་ཟིལ་གྱིས་གནོན་པའི་དཔའ་བོའི་བློ་སྟོབས་ཡོད་དགོས”ལ། “མགོ་བོ་ཡང་གཏན་ནས་སྒུར་མི་རུང”ཞེས་ནན་བཤད་གནང་ཞིང་། རྒྱང་ལམ་གསར་པར་ང་ཚོས་ངེས་པར་དུ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་འབད་འཐབ་ཉམས་འགྱུར་དང་དཀའ་ངལ་དང་ཉེན་ཁ་ཇི་ཙམ་ཆེ་ཡང་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་གྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་སྟོབས་དང་། ལ་རྒྱ། གདེང་སྤོབས་བཅས་ཆེ་རུ་གཏོང་བ་དང་། ལོག་བཤད་ལ་ཡིད་མི་ཆེས་པ་དང་། གདོན་བགེགས་ལ་མི་སྐྲག་པ། མགོ་གནོན་ལ་མི་སྐྲག་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུར་འཕྲད་པའི་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་དགོས།

        བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ།

        བློ་མཐུན་ཅང་ཙེ་མིན་ང་ཚོ་དང་ནམ་ཡང་ཞལ་གྱེས་རུང་ཁོང་གི་མཁས་མཛངས་དང་། མཛད་འཕྲིན། དགོངས་པ། ཉམས་བཟང་བཅས་ནི་ནམ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་ངེས་ཡིན་ལ་མི་རབས་ནས་མི་རབས་བར་མི་དམངས་ཀྱི་སེམས་ནང་གནས་ངེས་རེད། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

        བློ་མཐུན་ཅང་ཙེ་མིན་ནམ་ཡང་མི་ནུབ་པར་གྱུར་ཅིག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1