ཆབ་མདོའི་ནས་ཆང་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལས་དོན་ལ་རོགས་འདེགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 12-27


 ཚེས18ཉིན་གྱི་སྔ་དྲོར། བོད་ལྗོངས་ནས་ཆང་ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གྱི་གན་འཇོག་མཛད་སྒོའམ་ཁྲོམ་རའི་ཟོང་རྟགས་གཉེར་སྐྱོང་ཚོང་འགུགས་འོས་སྦྱོར་ཚོགས་འདུ་ཆབ་མདོ་གྲོང་ཁྱེར་གྱི་བཅིངས་འགྲོལ་ཐང་ཆེན་དུ་སྤེལ་བ་རེད། ཐེན་ཅིན་དང་ཧྥུ་ཅིན། ཁྲུང་ཆིང་སོགས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཆང་བསྙལ་ཁེ་ལས9ཡིས་ཆབ་མདོ་གྲོང་ཁྱེར་དང་མཉམ་ལས་ཀྱི་གྲོས་མཐུན་ཡི་གེ་བཞག རྣམ་གྲངས་དོན་འཁྱོལ་ཐུབ་པ་དེས་ས་གནས་ཀྱི་ནས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ་མ་ཟད། བོད་ཤར་ས་ཁུལ་གྱི་ནས་ཀྱི་ཐོན་ལས་དེང་རབས་ཅན་དང་གཞི་ཁྱོན་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་དར་སྤེལ་ལས་དོན་ལ་རོགས་འདེགས་ཐུབ་ཡོད།

པར་འདི་ནི་བོད་ལྗོངས་ནས་ཆང་ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གྱི་གན་འཇོག་མཛད་སྒོའམ་ཁྲོམ་རའི་ཟོང་རྟགས་གཉེར་སྐྱོང་ཚོང་འགུགས་འོས་སྦྱོར་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།

 ཆབ་མདོ་གྲོང་ཁྱེར་ཚོང་དོན་ཅུའུ་ཡི་ཅུའུ་ཀྲང་ཀྲང་ཅིན་ཧྥུན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱི་ནས་ཆང་ཐོན་ལས་རྣམ་གྲངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དཀྱིལ་ཐང་གྲོང་རྡལ་དུ་གཉེར་བ་དང་། འཆར་འགོད་རྒྱ་ཁྱོན་མུའུ300དང་ལོ་རེའི་ཆང་རྩིའི་ཐོན་འབོར་ཏུན5000ཇུས་འགོད་བྱས་ཡོད། རྣམ་གྲངས་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”གྲོང་གསེབ་དར་སྤེལ་ཐོན་ལས་འཆར་འགོད་དང་ཆབ་མདོ་གྲོང་ཁྱེར་གྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་མཛོད་དུ་འཇུག་པ་དང་། བོད་ཤར་ས་ཁུལ་གྱི་ནས་ཆང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་ཁྲིད་བྱ་རྒྱུ་རེད།

 ངོ་སྤྲོད་བྱས་པ་ལྟར་ན། བོད་ལྗོངས་ཀྱིས2019ལོའི་ཟླ12པར་གཙོ་གནད་ཀྱི་ཞིབ་འཇུག་གསར་སྤེལ་རྣམ་གྲངས་ཏེ“བོད་ལྗོངས་ནས་ཀྱི་རྩེར་སོན་ཆང་དཀར་ཞིབ་བཟོ་དང་ཐོན་ལས་ཅན་དུ་སྤྱོད་པ”ལག་བསྟར་བྱས། དུས་ཡུན་ལོ་གསུམ་རིང་། ལག་རྩལ་དཔུང་སྡེས་སྲོལ་རྒྱུན་གྱི་ཆང་བསྙལ་ཐབས་རྩལ་སྔོག་འདོན་བྱས་པ་དང་། བོད་ལྗོངས་ཀྱི་ནམ་ཟླའི་ཆ་རྐྱེན་འོག་ནས་ཆང་བཟོ་བ་སོགས་ལྟེ་བའི་གནད་འགག་ལག་རྩལ་འགག་སྒྲོལ་བྱས་པ་མ་ཟད། 2021ལོའི་ཟླ6པ་ནས2022ལོའི་ཟླ7པའི་བར་ཚོད་ལྟའི་ཐོན་སྐྱེད་ལེགས་པར་འགྲུབ་ནས། རང་རྟེན་ཤེས་བྱའི་བདག་དབང་དང་ཐོན་ལས་ཅན་ཐོན་སྐྱེད་ཀྱི་རྩེར་སོན་ཆང་དཀར་ཐོན་སྐྱེད་ལག་རྩལ་མ་ལག་གྲུབ་ཡོད།

པར་འདི་ནི་གན་འཇོག་མཛད་སྒོའི་ཡུལ་དངོས་རྣམ་པ་རེད།

 “ནས་ནི་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཐོན་ཁུངས་ཡིན་ལ། འཕར་ཐང་མཐོ་བའི་ནས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་ཆེད། ནས་དང་ཆང་དཀར་ཟུང་འབྲེལ་གྱི་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་ཆབ་མདོར་སྤེལ་བ་དང་། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་ལས་དོན་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། རོང་འབྲོག་པར་འབབ་འཕར་ཡོང་བའི་དམངས་ཕྱུག་ཐོན་ལས་ལ་སྐུལ་ཁྲིད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཀྲང་ཅིན་ཧྥུན་གྱིས་བཤད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1