རྒྱལ་མོ་རོང་མོ་ཟ་རྒྱལ་མོའི་བྱུང་རབས་ཀུན་གསལ་མེ་ལོང་།

རྩོམ་པ་པོ། རྒྱལ་རོང་བསྟན་པའི་རྒྱལ་མཚན། རྩོམ་སྒྲིག་པ།དཀོན་མཆོག་རྡོ་རྗེ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-19



དཀར་ཆག

       1མོ་ཟ་རྒྱལ་མོའི་བྱུང་རབས།
       2མོ་ཟ་རྒྱལ་མོའི་འཁྲུངས་གཞིས།
       3ཁྱུང་འཕགས་ཁྲ་མོའི་སྐོར།༢༤
       4ཙ་བཞི་དང་།དེའི་རྒྱལ་ཕྲན་ཡན་ལག
       5མོ་ཟ་རྒྱལ་མོ་དང་འབྲེལ་བའི་ཡུལ་སྲོལ།
       6མཇུག་གཏམ།
ཏི་སེ་གངས་ལ་རིག་སྣང་འོད་ཀྱིས་འཁྱུད།།
ཁྱུང་ཆེན་གཤོག་པར་མཁའ་ལྡིང་རྩལ་ཤུགས་རྒྱས།།
སྟོང་ཁམས་སྤྱི་རྒྱལ་རླབས་ལ་འདྲེན་མཛད་པར།།
མདངས་ལྡན་ལྷ་མོའི་བརྩེ་བ་ངང་གིས་ཐོབ།།

བུ་འབོར་སྤུན་བཞིའི་བོན་གྱི་ཁ་འཛིན་དུ།།
ཤོད་ཆེན་བཅོ་བརྒྱད་བསྟན་པའི་ས་བོན་བཞད།།
རྒྱལ་རོང་ཞེས་པའི་མཚན་གྱི་སྙན་པའི་ཁྲོད།།
ལོ་རྒྱུས་ཟབ་མོའི་གདངས་ལ་ཉན་པར་སྤྲོ།།
དེ་ཡང་རྒྱལ་རོང་དུ་མོ་ཟ་རྒྱལ་མོ་ཞེས་པ་ཞིག་ཇི་ལྟར་བྱུང་ཟེར་ན་དེ་ཡང་གཙོ་བོ་རུས་ཕན་ཚུན་བར་གྱི་འཐབ་རྩོད་ཅིག་ལ་བཤད་དུ་ཡོད་ལ།དེའི་སྐོར་ནི་བདག་གིས་བྲིས་པའི《རྒྱལ་རོང་རུས་མཛོད་ཀུན་གསལ་མེ་ལོང》ཞེས་པར་གསལ་བ་ཞིག་ཡིན་མོད།འདིར་དེའི་འཕེལ་རིམ་དང་ངོ་བོ་ཡང་ན་མོ་ཟ་རྒྱལ་མོའི་བྱུང་བ་བརྗོད་སྐབས་དེའི་ཟུར་སྣེ་ཙམ་ཅིས་ཀྱང་གླེང་དགོས་པའི་གཤམ་དུ་ས་གཅོད་ཀྱི་རིམ་པ་འགའ་བྱས་ཏེ་བཤད་ན་ཅུང་སྟབས་བདེ་བོ་འདུག
དང་པོ། མོ་ཟ་རྒྱལ་མོའི་བྱུང་རིམ།
 
      ང་ཚོས་ཡུལ་རྒྱལ་མོ་རོང་གི་བྱུང་རིམ་བཤད་སྐབས་ཨ་མྱེས་སྒོ་གདོང་དུས་རབས་དང་ཡང་ན་ལི་སྟོད་གདོང་ནག་དུས་རབས་ཀྱི་ཡར་ནང་བརྗོད་མི་ཐུབ་ཀྱང་།བདག་གིས་རྣམ་རྒྱུན་དེ་གཉིས་ལས་རྒྱལ་རོང་ལོ་རྒྱུས་ཀྱི་བྱུང་བ་གླེང་བ་ཡིན་པས་སྐབས་འདིར་ཡང་དེ་ཙམ་ལས་གཡོལ་གྱིན་མེད།བདག་གིས་བྲིས་པའི་རྒྱལ་རོང་ལོ་རྒྱུས་གཞན་ནས་ཀྱང་གསལ་བ་ནང་བཞིན་ཨ་མྱེས་སྒོ་གདོང་དང་ལི་སྟོད་གདོང་ནག་གིས་ཐོག་མའི་དུས་ཀྱི་རྒྱལ་རོང་སྟེ་མི་མིན་སྲིན་པོའི་གླིང་ལྟ་བུའི་གནས་དེའི་འགྲོ་བ་རྣམས་བདེ་ལ་བཀོད་ཅིང་ཟས་སུ་ཤ་ཁྲག་ཟ་ཞིང་།གོས་སུ་ཤིང་ལོ་གྱོན་པའི་ཐོག་མའི་མི་རྣམས་ལ་རིམ་བཞིན་འགྱུར་བ་བཏང་བ་དང་མི་ཡི་འཚོ་བའི་ཡོ་བྱད་མང་པོ་ཞིག་ཨ་མྱེས་སྒོ་གདོང་གིས་གསར་བཟོ་བྱས་ཏེ་ཡོང་བ་ཞིག་ཡིན་པར་བདག་གི་དེབ་ཐེར《ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང》ཞེས་པར་དེ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་དང་།པར་སོགས་བཀོད་ཡོད་པས་དེ་རུ་གཟིགས་པར་ཞུ།ཡང་གོང་དུ་ངོ་སྤྲོད་པ་བརྒྱུད་བདག་གིས་བྲིས་པའི《རྒྱལ་རོལ་རུས་མཛོད་ཀུན་གསལ་མེ་ལོང》ཞེས་པར་རྒྱལ་རོང་དུ་ཐོག་མར་དར་བའི་རུས་ནི་རྒོ་རིགས་ཡིན་པ་དང་དེའི་རྗེས་སུ་
 རིམ་གྱིས་བོད་ཀྱི་རུས་ཆེན་རྣམས་དར་བ་ཞིག་ཡིན་པར་གླེང་སློང་བྱས་ཡོད།འོན་ཀྱང་རྒྱས་སུ་རྒྱལ་རོང་དུ་རུས་ཚན་མང་པོ་དར་བར་བརྒྱུད་རུས་ཕན་ཚུན་བར་དུ་བྱུང་བའི་རྩོད་ཉོག་ཀྱང་རྒྱ་ཆེན་པོར་སོང་སྟེ་མཐར་རྒྱལ་རོང་རུས་འཛིན་གྱི་སྐྱེས་པ་རྣམས་རྒྱུན་ཆད་ལ་ཞིག་ཏུ་གཏུགས།དཔེར་ན་དང་པོ་རུས་ཚན་བར་རྩོད་ཁག་ལངས་པར་བརྟེན་ནས་མི་རྣམས་ཀྱིས་ས་བབ་ལ་བརྟག་དཔྱད་བྱས་ཏེ་རི་མཐོ་ལུང་ཟབ་གང་དུ་ཡོད་ན་དེ་རུ་གནས་སྤོར་བྱས་ཏེ་རུས་ཁག་ནང་ཕན་ཚུན་རྩོད་པའི་ལས་སྒོ་མང་དུ་སྤེལ་བ་ཞིག་རེད།རྗེས་སུ་རུས་རྒྱུད་སྤེལ་བར་བཀག་འགོག་བྱ་ཆེད་སྐྱེས་པ་རྣམས་བུད་མེད་ལ་གཅར་མི་ཆོག་པའི་རྩོད་ཉོག་ལངས་པ་དང་།དེར་བརྟེན་ནས་ཕན་ཚུན་གྱི་རུས་རྩ་མེད་དུ་གཏོང་ཕྱིར་སྐྱེས་པ་རྣམས་ཚར་ཐག་བཅད་རིས་བྱས་ཏེ་དུས་ཡུན་རིང་མོའི་ལས་སྒོ་འདིས་བ་སྒ་དང་།ཨ་སྒ།ཨ་ལྷ།ཨ་ནམ།རྫུ་སྒ་ལི་རྒྱལ་ཨ་ཐང་སོགས་ཀྱིས་རུས་ཚན་སོགས་མེད་པར་བཟོས་པ་དང་།གཞན་རྣམས་སྐུང་ལུང་སོགས་ལ་སྐུང་ཅི་ཐུབ་བྱས་པ་ཡང་དེང་སང་ཡང་རྒྱལ་རོང་ས་ཆར་སྐུང་ལུང་སོགས་མང་པོ་མཐོང་རྒྱུ་ཡོད།དེར་བརྟེན་རྒྱལ་རོང་དུ་སྐྱེས་པ་མིག་གིས་མི་མཐོང་བར་གྱུར་པས་འདི་ལྟར་མོ་ཟ་རྒྱལ་མོའི་དབུ་ཚུགས་ཤིང་དེ་ཡང་གཙོ་བོ་འགོ་ཚུགས་ས་དེ་མ་ནི་གསེར་ཞིང་ཞེས་པའི་ས་ཆར་དབུ་ཚུགས་པ་ཞིག་རེད།དེང་སང་གི་དབང་དུ་བྱས་ན་ཆུ་ཆེན་རྫོང་ཏོག་ཅོག་ཅེས་པའི་ས་ཆ་ཡིན།དེ་ལ་རྒྱལ་མོའི་རབས་བཅུ་ཕྲག་ཅིག་སོང་བའི་ངག་རྒྱུན་ཡོད་ཀྱང་དེའི་མཐའ་མ་ལྷ་མོ་མདངས་ལྡན་མ་ཞེས་པ་དེ་ཡིན།དེ་ཡང་རྒྱལ་རོང་ལོ་རྒྱུས་འཛིན་པའི་རྒན་པོ་དག་གིས་བཤད་ཚུལ་ལྟར་ན་ཐོག་མ་སྒོ་རིགས་སུ་གྲོལ་བའི་བུད་མེད་ཅིག་གིས་མོ་ཟ་རྒྱལ་མོའི་རྒྱལ་ས་དང་པོར་བཟུང་བར་གྲགས།སྐབས་ཐོག་དེར་ར་ལུག་འཚོ་སྐྱོང་གི་ལས་སྒོ་གཙོ་བོ་གཉེར་བར་མ་ཟད་རྒྱལ་མོ་དེས་སྒོ་རིགས་ཀྱི་བུད་མེད་རྣམས་ཀྱི་གོ་ཐང་གཙོ་བོར་བཞག་སྟེ་རུས་ཚན་གཞན་པའི་བུད་མེད་དག་རིགས་རུས་ངན་པར་བརྩི་བའི་རྒྱུན་བསྐྱངས་ནས་ཡོང་བ་ཞིག་རེད།མོ་ཟ་རྒྱལ་མོའི་རྒྱལ་རབས་བཞི་བར་ཐོན་སྐབས་ཐོག་མའི་སྒོ་རིགས་ཀྱི་བུད་མེད་དག་གིས་རྒྱལ་ས་མ་ཟིན་པར་མ་ཟད་རྒྱལ་ས་སྒ་རིགས་ལས་གྲོལ་བའི་བུད་མེད་ཅིག་གི་ལག་ཏུ་ཤོར་བར་བཤད།རྒྱལ་མོ་དེའི་རིང་ལ་རྒྱལ་ཁང་ཐོག་བརྩེགས་བཅུ་བཞི་ཅན་ཞིག་བཞེངས་པ་དང་།མཐའ་སྐོར་དུ་བླ་མཚོ་གསུམ་ཙམ་བཞེངས་པར་གྲགས།དེ་ལྟར་མ་ཟད་ཕྱོགས་བཞིའི་རྒྱལ་རོང་གི་ཡུལ་ཕྲན་དག་ལ་མོ་ཟ་རྒྱལ་ཕྲན་མང་པོར་བཙུགས་ཏེ་མོ་ཟ་རྒྱལ་མོའི་རྒྱལ་སྲིད་ཕྱོགས་གང་ཐད་ནས་སྲ་བརྟན་དུ་བཏང་བའི་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད།སྐབས་ཐོག་དེར་བོན་གྱི་འདུལ་སྒོ་ཡང་དར་རྒྱས་སུ་བཏང་སྟེ་མཆོད་ཁང་དང་སྒྲུབ་ཕུག་མང་པོ་ཞིག་བཞེངས་པའི་ངག་རྒྱུན་ཡོད།
        དེའི་རྗེས་སུ་བུད་མེད་རྣམས་འཕྲོ་ཆད་དེ་བུད་མེད་ཀྱིས་རྒྱལ་ས་ཡང་འཐོར་ཞིག་ཏུ་འགྲོ་རྐྱེན་འཐུག་པས་ཡུལ་ཕྲན་གཞན་ནས་བུད་མེད་མདོར་བསྡུས་པ་དང་འཕྲོག་པའི་ལས་སྒོ་མང་དུ་སྤེལ་བའི་ལོ་རྒྱུས་ཡོད་པར་བརྟེན་དེའི་རྗེས་སུ་བྱུང་བའི་རྒྱལ་མོ་རྣམས་གཞན་ནས་འཕྲོག་པ་དང་།བསྡུས་པའི་གྲས་ཡིན་ཡང་གཙོ་བོ་འདི་རིགས་ཀྱང་སྒ་རིགས་ཡིན་པར་བུད་མེད་དེ་དག་ཡོང་སའི་ས་ཆ་རྣམས་ཀྱིས་ངོས་ཟིན་ཅུང་ཙམ་ཐོབ་ས་ཡོད།སྔར་གྱི་ཐོག་མཁར་ཐོག་བརྩེགས་བཅུ་བཞི་ལས་བཅོ་བརྒྱད་ཅན་གསུམ་བཞེངས་པའི་ངག་རྒྱུན་ཡོད།སྐབས་ཐོག་དེར་ཕྱི་ཧོར་འཇང་གསུམ་ལས་མྱི་སྡོམ་མང་པོ་བུད་མེད་རྒྱལ་ཁབ་ལ་གཤར་འགོ་བཟུང་སྟེ།བུད་མེད་རྣམས་ལ་བཙན་མང་པོ་བཙུགས་པར་བརྟེན།བུད་མེད་རྣམས་ཀྱིས་སྦྲུལ་དང་རྟ་བླ།སྡིག་སྲིན་རྣམས་གནམ་ལ་བཏགས་ཏེ་འོག་ནས་མེ་ཆེན་སྤར་ཚེ་དེ་དག་གི་ཁ་ནས་དུག་འཛར་བ་བླངས།དེའི་མིང་ལ་སྤྲུལ་ནག་དུག་འཇོམས་ཟེར།
       ཡང་གཅིག་ནི་ཕག་གཅིག་བཤས་ཏེ་ནང་ཁྲོལ་རྣམས་བླངས་རྗེས་ནང་དུ་སྦྲུལ་མང་པོ་བསྡུས་ཤིང་དེ་དང་ལྷན་བྱ་ཞིག་ཀྱང་ནང་དུ་བསྡུས་ཏེ་གནམ་ལ་བཏགས་སྟེ་རྐུབ་ནས་མེ་དུས་ཡུན་རིང་བོའི་བར་དུ་སྤར་ཚེ་ནང་ནས་དུག་བཞུར་ཏེ་ཞབས་སུ་བཞག་པའི་ལྕགས་ནག་དགུ་བརྩེགས་རིམ་པ་མང་པོ་ཕུག་ཐུབ་པའི་དུག་ལ་དུག་ཆེན་ཟེར།དུག་དེ་རྣམས་བླུད་ནས་སྐྱེས་པ་མང་པོ་ཚར་ཐག་བཅད་དེ་སྐྱེས་པ་རྣམས་རྒྱལ་རོང་དུ་ཡོང་མི་ཐུབ་པར་བཟོས།དེ་ཡང་དུག་དེ་ནི་གླང་སོ་དྲུག་ཁ་གང་བའི་རྭ་བཅད་དེ་དེའི་ནང་དུ་འཇོག་སྲོལ་ཡོད་ལ།བུད་མེད་རྣམས་ཀྱི་ཟ་ཉལ་འགྲོ་འདུག་གང་གི་སྐབས་ཡིན་ཡང་གླང་རྭ་དེ་རྐེད་པར་འདོག་སྲོལ་བྱུང་ཡོད་ལ།དུག་དེ་ཇི་ལྟར་ཕ་རོལ་ལ་བསྐུ་ཚུལ་ནི་གཙོ་བོ་སིལ་ཐོག་སོགས་ཟ་མའི་ནང་དུ་བསྐུ་ནས་གསད་སྲོལ་ཡོད།ཡང་གོང་དུ་གསལ་བའི་གླང་རྭ་ནི་གླང་མཚན་མ་བཅད་པའི་གླང་རྭ་ཡིན་དགོས།དེའི་རྒྱུ་མཚན་ནི་གླང་མཚན་མ་བཅད་པའི་གླང་རྭ་ནང་དུ་བླུགས་པའི་དུག་གི་ལས་ཧ་ཅང་མྱུར་བས་ཡིན།རྗེས་སུའམ་དེང་གི་དུས་སུ་དུག་སྣོད་དེ་སྣ་ཐལ་འཇོག་སྣོད་དུ་གྱུར་ཡོད།དེ་ལྟ་བུའི་དུག་གི་སྒུལ་ཤུགས་ཀྱིས་རྗེས་སུ་ཧོར་འཇིང་གུར་དམག་རྣམས་ཀྱང་རྒྱལ་རོང་ལ་ཡོང་མ་ཐུབ་པའི་རྒྱུ་རྐྱེན་ཡང་དེ་ཙམ་དུ་བཤད་མཁན་ཡོད།སྐབས་ཐོག་དེར་ཟ་མ་དང་ཇ་ཆང་སོགས་ལ་དུག་ཡོད་མེད་ལྟ་བྱེད་དུ་སྤེན་ཅན་དང་།ལ་ཅན་སོགས་ཀྱི་ནང་དཀྱིལ་དུ་གསེར་སོགས་རིན་ཆེན་སྣ་ལྔའི་ཏོག་གསེར་གྱི་མེ་ཏོག་གིས་འཛེར་བ་ཅན་ཞིག་ཡོད་ལ།དེ་ལྟར་མེད་ཚེ་གསེར་ཁག་དངུལ་ཁག་ད་དུང་གསེར་ཐུར་དང་དངུལ་ཐུར་བ་སོའི་ཐུར་མ་སོགས་ཡོད་པར་དེང་སང་བདག་གི་ལག་ཏུ་དེའི་རིགས་ཁ་ཤས་ཡོད།དེའི་བར་ལ་བུད་མེད་རྣམས་སྐྱེས་པ་ལ་གཅར་མི་ཆོག་པའི་བཀའ་ཡིག་བཀོད་པར་མ་ཟད་སྔ་གཞུག་དེའི་བར་གྱི་དུས་ཚོད་ནང་བུད་མེད་གཞན་ནས་ཡོང་བ་དང་འཕྲོག་པའི་ལས་སྒོ་སྤེལ་ཏེ་རྒྱལ་རོང་མོ་ཟ་རྒྱལ་རབས་དུས་ཡུན་རིང་མོའི་བར་དར་རྒྱས་ཆེན་པོ་སོང་བ་ཞིག་རེད།དེ་ཡང་རྒྱལ་ས་འདི་འཛིན་མཁན་གྱི་རུས་ཚན་ནི་གཙོ་བོ་རྒོ་རིགས་དང་སྒ་རིགས་ཀྱིས་བཟུང་བ་ལས་གཞན་པའི་རུས་ཚན་གང་གིས་ཀྱང་འཛིན་མ་ཐུབ་པར་གོང་གསལ་ལྟར་རེད།རྗེས་སུ་བུད་མེད་ཀྱི་རྒྱལ་ཕྲན་སིལ་མ་མང་པོ་ཆགས་ཤིང་དབྱར་ཁ་ཐོན་ཚེ་མེ་ཏོག་དང་ལྷན་དུ་རྩམ་པ་སོགས་འཚོ་བཅུད་རིགས་ཉིན་རེ་བཞིན་ཇེ་ཉུང་ལ་བཏང་སྟེ་མཐར་མེ་ཏོག་རྙིད་པ་དང་ཁོ་ཚོ་ལྷན་དུ་ཞིང་ལ་གཤེགས་པའི་སྲོལ་ཡང་བྱུང་བ་ཞིག་རེད་ལ།གཙོ་བོ་ལོ་ལྔ་བཅུའི་ཁ་བར་གྱི་དུས་ལ་སླེབས་པའི་བུད་མེད་ཡིན་པའི་ངག་རྒྱུན་ཡོད།དེང་སང་གནས་མགོ་གཡུང་དྲུང་རྫོགས་ཆེན་གླིང་གི་མཐའ་སྐོར་སོགས་ལ་བུད་མེད་ཞིང་ལ་གཤེགས་སའི་སྔོན་དུས་ཀྱི་ཤུལ་སོགས་མཐོང་རྒྱུ་ཡོད།གོང་གསལ་གཤེགས་ཚུལ་དེ་བཟང་བོའི་རིགས་སུ་གཏོགས་པ་ལས་ད་དུང་ཆུ་ལ་ལྕེབས་པ་སོགས་མང་པོ་ཡོད་པར་བཤད་དུ་ཡོད།ཡང་གཅིག་མོ་ཟ་རྒྱལ་མོའི་རྒྱལ་རབས་དགུ་བའི་རིང་མཁར་ཐོག་བརྩེགས་ཞེ་བཞི་ཅན་ཞིག་བཞེངས་པར་གྲགས་པ་དང་།དེའི་སྐབས་སུ་ཕྱོགས་གང་ཐད་ནས་མོ་ཟ་རྒྱལ་ཁག་དག་ཏུ་ཉམས་རྒུད་ཀྱི་གཞི་རྩ་མང་པོ་བྱུང་བར་ལོ་རྒྱུས་ཉམས་བཞི་ལས་ཚོར་འོང་ཡང་།སྐབས་དེར་རྟ་ཟོག་སོགས་སྒོ་ཕྱུག་མང་པོ་འཕེལ་བ་ནི་དེང་གི་དུས་སུ་ཡོད་པའི་རྟ་ལམ་སོགས་ཀྱིས་སྔོགས་ཐུབ་པ་ཞིག་རེད།དེ་བཞིན་རྒྱལ་མོ་རོང་གི་གནས་བབ་སོགས་ལ་འདི་ལྟར་མི་བདེ་བའི་འཁྲུགས་པ་དང་སྤྱོད་ཚུལ་དམེ་བོའི་རིགས་དར་རྒྱས་ཕྱིན་པར་བརྟེན་ཡུམ་ཆེན་ཐུགས་རྗེའི་ཀུན་གྲོལ་གྱི་སྤྲུལ་བར་གྲགས་པའི་ལྷ་མོ་མདངས་ལྡན་མས་འགྲོ་དོན་གྱི་དུས་ལ་བབས་ཏེ་ལྷ་མོ་མཆོག་མོ་ཟ་རྒྱལ་རབས་ཀྱི་རྒྱལ་མོའི་མཐའ་མ་བྱས་ཏེ་འགྲོ་དོན་སྐྱོང་སྐབས་སྟོད་ཞང་ཞུང་ཡུལ་ནས་ཁྱུང་འཕགས་ཕྲ་མོ་རྒྱལ་རོང་དུ་ཕེབས་ཤིང་དེ་དང་ལྷན་ལྷ་མོ་མདངས་ལྡན་མ་གཉིས་གཉེན་བསྡེབས་བྱས་ཏེ།དེང་དུས་ཡོངས་སུ་གྲགས་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་དབུ་ཟུག་པ་ཞིག་ཡིན་པ་ལོ་རྒྱུས་ལས་མཐོང་ཐུབ་པ་ཞིག་རེད།
ཡང་གོང་དུ་གསལ་བའི་མོ་ཟ་རྒྱལ་མོའི་སྐོར་ནི་རྒྱལ་རོང་གི་ལོ་ལོན་དཔྱོད་ཤེས་པ་དག་གི་ངག་རྒྱུན་དང་འབྲེལ་ཏེ་འདི་ལྟར་བྲིས་པ་ལས་ལོ་རྒྱུས་རྣམས་སུ་མོ་ཟ་རྒྱལ་མོའི་མཐའ་མ་ལྷ་མོ་མདངས་ལྡན་མའི་མཚན་གྱི་ཟུར་ཙམ་ལས་ཅི་ཡང་མངོན་མེད་པས།ང་ཚོས་མོ་ཟ་རྒྱལ་མོའི་སྐོར་དང་ཡང་ན་དེའི་བྱུང་རབས་འབྲི་བ་ལ་ཆེས་དཀའ་ཁག་ཆེན་པོ་དང་འཕྲད་པ་ཞིག་རེད།ཡིན་ནའང་ལོ་འདི་དག་རིང་བདག་རྒྱལ་རོང་གི་ལོ་རྒྱུས་བཤད་ཤེས་པའི་རྒན་པོ་དག་གིས་མདུན་དུ་བཅར་ཅི་ཐུབ་བྱས་ཏེ་མོ་ཟ་རྒྱལ་མོ་དང་འབྲེལ་བའི་ངག་རྒྱུན་རྣམས་བཙལ་འཚོལ་བྱས་མོད།དེ་ཡང་སྔོན་ཆད་ནས་གོ་ཐོས་སུ་སོང་བ་དང་།ཡང་ན་ཡིག་ཐོག་ལ་ཕབ་ཚེ་དེའི་བཤད་སྒྲོས་རང་བཞིན་རྣམས།དང་བ་མི་འགྲོ་བ་ཡང་ཧ་ཅང་མང་བས་དེའི་ཟུར་མང་པོ་ཞིག་བསྟན་མ་ཐུབ་པས་ཀློག་མཁན་དག་ལ་དགོངས་དག་ཞུས་པ་ཡིན།
རུས་ཚན་བྱེ་བའི་གཡུལ་འཁྲུགས་ཁྲོད་དུ།།
ང་སྒོའི་རུས་པ་རྣམ་པར་རྒྱལ་སོང་།།
མདངས་ལྡན་ལྷ་མོའི་སྟོབས་དང་དྲེག་པས།།
རྒྱལ་མོ་རོང་ཁམས་ཟིལ་གྱིས་མནན་སོང་།།
ཞེས་བར་སྐབས་ཀྱི་ཚིགས་བཅད་དོ
གཉིས་པ།མོ་ཟ་རྒྱལ་མོའི་འཁྲུངས་གཞིས།
 
        གོང་དུ་བཤད་པ་བཞིན་ཡུལ་ཏོག་ཅོག་ཅེས་པའི་ས་ཡི་ཆར་མ་ནི་གསེར་ཞིང་ཞེས་པའི་ས་ནི་མོ་ཟ་རྒྱལ་མོའི་རྒྱལ་གཞིས་ཆགས་ས་ཡིན་ལ།དེ་ཡང་ས་ཡི་དགེ་མཚན་བླ་ན་འབར་བའི་ཡུལ་ལ་དགེ་བཅུའི་ཕྱྭ་གཡང་ངང་གིས་གྲུབ་པའི་གནས་མཆོག་ཕུན་སུམ་ཚོགས་ཤིང་ལྟ་ན་སྡུག་པ་ཞིག་རེད།དེའི་རྒྱུ་མཚན་ཡང་ཉི་ཟླ་པང་དུ་བླངས་ཤིང་མདུན་དུ་བླ་མཚོ་གསུམ་མཆོད་སྤྲིན་གྱི་ཚུལ་དུ་ཡོད་པ་དང་།ཡང་གཅིག་གནས་དེའི་ཡུལ་གྱི་མཛེས་པ་ཡོད་ཚད་པང་དུ་བླངས་ཤིང་ས་དབྱིབས་མཎྚལ་ལྟ་བུའི་དབུས་སུ་ཆགས།ས་ཡིག་སོགས་ལས་བཤད་སྲོལ་ལྟར་ན་གནས་དེའི་ཆགས་གཤིས་ལ་བརྟགས་ན་མི་རིགས་བཟང་རྒྱུད་ཡགཚེ་རིང་སོགས་ཀྱི་རྒྱུད་འཕེལ་ས་ཞིག་ཡིན་པར་བཤད་དུ་ཡོད།མདོར་ན་གནམ་འཁོར་ལོ་རྩིབས་སྟོང་ལྡན་པ།ས་པད་མ་འདབས་བརྒྱད་ཚང་ས།ཚང་ཚིང་ནགས་ཀློང་གིས་ཡོངས་སུ་འཛིངས་པའི་རི་ཡི་རྩེ་མོ་སྤང་དང་མེ་ཏོག་སོགས་ཀྱིས་བརྒྱན་པར་མ་ཟད་གབ་ཏོག་ཤེལ་གྱི་རྡོ་རིང་གིས་མཚོན་པའི་གནས་འདིའི་མཛེས་པ་དང་།ཤེས་རབ་སྨྲ་བའི་སེང་གེ་སོགས་ཀྱི་གནས་རིར་བརྗོད་པའི་གནས་རིའི་བརྗིད་ཉམས་སོགས་ནི་ཧ་ལས་ཤིང་ཧང་སང་དགོས་པའི་མཛེས་པའི་རི་ཕྲན་དང་རི་ཡི་གཤོང་ལ་འབབ་པའི་རྦབ་ཆུ་དང་རྦབ་ཆུ་ལས་འཕྱོ་བའི་དབུ་བའི་རླབས་དཀར་འཕྱོ་བ་སོགས་ཀྱིས་གནས་འདིས་མཛེས་པ་མ་ལུས་ཡོངས་སུ་སྟོན་ཐུབ་པ་ཞིག་རེད།དེ་ལྟའི་ཡུལ་ཏེ་མ་ནི་གསེར་ཞིང་ཞེས་པའི་ས་འདིར་མོ་ཟ་རྒྱལ་མོའི་རྒྱལ་ས་ཡིན་པ་དང་།ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པའི་མོ་ཟ་རྒྱལ་མོའི་རྒྱལ་རབས་མཐའ་མ་ལྷ་མོ་མདངས་ལྡན་མ་དང་།ཞང་ཞུང་བ་ཁྱུང་འཕགས་ཁྲ་མོ་གཉིས་ཀྱིས་ཐོག་མའི་གཞི་བཙུགས་རྒྱལ་སའང་དེ་རུ་ཡིན་པར་བཤད་ཐུབ་པ།ཕྱི་ཡུལ་བཀོད་པའི་ལྷུན་ཆགས་ཤིག་ལ།།
མཁར་དང་རྒྱལ་སའི་མངའ་ཐང་བཏབ་ཅིང་།།
བུད་མེད་ཁོ་ནས་འཇིག་རྟེན་བསྒྱུར་བའི།།
ལོ་རྒྱུས་རི་མོ་འདི་ན་བསྐྲུན་སོང་།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གསུམ་པ།ཁྱུང་འཕགས་ཕྲ་མོ་རྒྱལ་རོང་ཡུལ་དུ་ཕེབས་ཚུལ།
 

འདིའི་སྐོར་ནི་བདག་གིས་བྲིས་པའི《ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང》དང《གནས་འགོ་གཡུང་དྲུང་རྫོགས་ཆེན་གླིང་གི་གདན་རབས་ཁྲི་གདུགས་གཟི་འོད》སོགས་སུ་བྲིས་ཡོད་པར་བརྟེན་སྐབས་འདིའང་དེ་དག་ལ་གཞི་བཅོལ་ཏེ་ཅུང་ཙམ་བཤད་འདོད།དེ་ཡང་ལོ་རྒྱུས་གདུང་རབས་རྣམས་སུ་གྲགས་ཆེ་བའི་དམ་པ་ཁྱུང་གི་གདུང་རབས་དངོས་ནི།ཀུན་ཏུ་བཟང་པོའི་སྤྲུལ་བ་རིག་སྣང་འོད་ཀྱི་རྒྱལ་པོ་ཞེས་བྱ་བས་འགྲོ་བའི་དོན་ལ་དགོངས་ནས་རྩལ་དང་རྫུ་འཕྲུལ་གྱིས་ཞང་ཞུང་གི་ཁ་ཡུག་མེ་ཏོག་ཚལ་དུ་བབས་པ་ལ།ཞང་ཞུང་པ་ཚོས་སྔར་མཐོང་མ་མྱོང་བའི་འདབ་ཆགས་ཤིག་མཐོང་བ་ལ་ངོ་མཚར་སྐྱེས་ཤིང་རྒན་པོ་ཁག་ཅིག་གིས་རྭ་ཅོ་ཡོད་པས་ཁྱུང་ཕོ་ཡིན་འདུག་ཟེར།དེ་ནས་ཁྱུང་གསུམ་བབས་པའི་ཤུལ་དུ་མི་རྣམས་ཀྱིས་བལྟས་ཚེ་ཁྱུང་གི་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྒོ་ང་དཀར་ནག་སེར་ཁ་བཞི་ལས་ཁོང་གི་སྐུ་གསུང་ཐུགས་ལས་སྤྲུལ་བའི་མཛེས་ཤིང་ཡིད་དུ་འོང་བའི་ཁྱེའུ་རྣམ་བཞི་འཁྲུངས།སོ་སོའི་མཚན་ལ།ཁྱུང་དཀར་ཐོག་ལ་འབར།ཁྱུང་སེར་ལྷ་ཁྱུང་།ཁྱུང་འཕགས་ཁྲ་བོ།ཁྱུང་ནག་མུ་ཁྱུང་རྒྱན་ཞེས་བྱ་གྲགས་ལ་དེ་ནི་རྣམས་ནི་ཁྱུང་གི་རུས་ཚན་གྱི་ཐོག་མར་བགྲང་བའི་དོན་ཡང་དེ་ལྟར་ཆགས་པ་ཞིག་རེད།དེ་བཞིས་ཞང་ཞུང་གི་ཡུལ་ཆེན་བཞི་ལ།རིན་པོ་ཆེའི་བླ་རྡོའི་ཕ་བོང་རེ་རེ་དང་།མ་བརྩིགས་པའི་རིན་པོ་ཆེའི་སྐུ་མཁར་རེ་རེ་དང་།མ་བསྐྱིལ་བའི་གཡུ་ཡི་མཚོ་མོ་རེ་རེ་གྲུབ་པར་བྱས་ཏེ་
དམ་པ་ཁྱུང་གི་རིགས་རྒྱུད་སྤེལ།དེ་ནས་ཆེ་བ་ཁྱུང་དཀར་ཐོག་ལ་འབར་གྱིས་འོད་ཟེར་རབ་ཏུ་ལྡན་པའི་གསས་ཁང་བརྒྱ་དང་རྩ་བརྒྱད་བཞེངས།ཆེ་འོག་ལྷ་ཁྱུང་རྒྱན་གྱིས་གསས་ཁང་ཟོ་བོ་ཁྱུང་ལག་བཞེངས།ཐ་ལྟག་ཁྱུང་འཕགས་ཁྲ་མོས་གསས་ཁང་ལྷ་རྩེ་གུང་ནམ་བཞེངས།ཆུང་བ་མུ་ཁྱུང་རྒྱན་གྱིས་གསས་ཁང་བརྒྱད་བཞེངས།དེ་རྣམས་ནི་ཚེ་ལ་རང་དབང་འབྱོར་བ་ཤ་སྟག་ཡིན་སྟབས།ཞང་ཞུང་གི་རྒྱལ་རབས་གོང་མ་དག་གི་རིང་ལ་སྐུ་ཡི་མཆོད་གནས་མཛད་ཅིང་།བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙད་པོ་ནས་སེང་ཁྲི་ཡན་ཆད་ཀྱིས་དབུ་ཡི་བླ་རུ་བཀུར།ཐ་ལྟག་ཁྱུང་འཕགས་ཁྲ་མོའི་རྒྱུད་ཁྱུང་འཕགས་ཁྲ་བོར་ཤར་རྒྱལ་མོ་རོང་དུ་བསྟན་འགྲོའི་དོན་ལ་ལུང་གནང་ནས་ཡབ་ཀྱི་བཀའ་བཞིན་དུ་སྒྲ་རྒྱལ་གཡུ་འབྲུག་སྔོན་མོ་ཆིབས་སུ་བཅིབས་ཏེ་མདོ་ཁམས་སུ་བྱོན།ཁྱུང་འཕགས་ཁྲ་མོ་རྒྱལ་རོང་དུ་ཡོང་བའི་རྐྱེན་ལ་ལོ་རྒྱུས་རྣམས་སུ་བཞད་ཚུལ་མི་འདྲ་བ་འགའ་སྣང་།དེ་ནས་ཁོང་ལྷོ་ཚ་བ་རོང་དང་།ཏི་ཙའི་ཡུལ་དང་།བུམ་འབོར་སྒང་།ཨ་སྟག་རོང་སོགས་དང་གཉན་རྗེ་ཁ་བ་དཀར་པོ།ཐིག་ལེ་རྨང་གྷོ།སྨར་མོ་ངང་འཛུངས།སྐུ་བླ་གཡུ་རྩེ།གམ་པོ་གངས་རི།བྱ་མ་བྱ་རི།རྨ་གཉན་པོམ་ར།ཤར་དུང་རི་སོགས་ལ་ཞབས་སོར་བཅགས་ཏེ་གཞི་བདག་ཡུལ་ས་མང་པོ་དམ་ལ་བཏགས་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད།དེ་ནས་ཤར་རྒྱལ་མོ་རོང་དུ་བྱོན་སྐབས།རྒྱལ་རོང་གཉན་ཆེན་དམུ་རྡོ་ལྷ་གཉན་དབང་ཕྱུག་གིས་བཅིབས་བསུ་སྣེ་ལེན་བྱས་འོག་ཤར་རྒྱལ་མོ་རོང་རྒྱལ་མོ་ཏོག་ཅོག་རི་ལ་བབས།དེ་རྗེས་མི་ཉག་གི་རྒྱལ་པོ་དང་རྒྱལ་རོང་མངའ་འབངས་རྣམས་ཀྱིས་ཁོང་ཤར་རྒྱལ་མོ་རོང་གི་མངའ་བདག་ཆེན་པོའི་རྒྱལ་སར་ཁྲི་བསྐོས་བྱས་ཏེ་རྒྱལ་རོང་བུད་མེད་རྒྱལ་ཁབ་ཀྱི་རྒྱལ་མོ་མཐའ་མ་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་པ་ཞིག་རེད།

ཏི་སེ་གངས་ཀྱི་རལ་བའི་བསིལ་མ།།
མ་ཕམ་གཡུ་ཡི་མཚོ་མོར་བཤོས་པས།།
ཁྱུང་ཆེན་རིག་པའི་རྩལ་གྱི་གཤོག་པ།།
ཤོད་ཆེན་ལྷ་མོའི་མདངས་ལ་ཕྱོགས་སོང་།།
ཞེས་བར་སྐབས་ཀྱི་ཚིགས་བཅད་དོ།།

བཞི་བ།རྒྱལ་སྲས་ཙ་བཞི་གྲོལ་བ་དང་དེ་ལས་གྱེས་པའི་རྒྱལ་ཕྲན་གང་དག་ཡོད་པ།

དེ་ལྟར་ཞང་ཞུང་ཁྱུང་འཕགས་ཁྲ་མོ་དང་།མོ་ཟ་རྒྱལ་མོའི་མཐའ་མ་ལྷ་མོ་མདངས་ལྡན་མ་གཉིས་བཤོས་པ་ལ་བརྟེན་མིང་སྲིང་མང་དུ་སྐྱེས་ཤིང་དེ་དག་ལས་བུ་བཞི་སྟེ་སོ་སོ་ཤར་དབང་ཙ།བྱང་སོ་ཙ།ནུབ་ཁྲོ་ཙ།ལྷོ་དགེ་ཤིས་ཙ་སོགས་བུ་བཞི་འཁྲུངས།དེ་དག་འུ་ཚོའི་ལོ་རྒྱུས་རྣམས་སུ་འབྲུག་ལྟར་གྲགས་པའི་སྨད་ན་བུ་འབོར་གཡུང་དྲུང་བུ་བཞི་ཞེས་པ་དེ་རྣམས་ཡིན།དེ་རྣམས་སྐྱེ་བའི་སྐབས་སུ་གོང་དུ་གསལ་བའི་མཚོ་རྣམས་ལས་འོད་རང་ཤར་དང་སྒྲ་རང་གྲགས་མེ་ཏོག་རང་བཞད་སོགས་བྱས་ཏེ་སྐྱེས་བུ་དམ་པ་འཁྲུངས་པའི་རྟགས་དང་དགེ་བའི་ཁྱད་བོན་མ་ལུས་པར་རྫོགས་པའི་བཤད་རྒྱུན་ཡོད།དེ་དག་སྐྱེས་པ་ལ་བརྟེན་བུ་བཞི་ལ་གསས་མཁར་བཞི་བཞེངས་པ་དང་།གསས་མཁར་རྣམས་དབལ་གསས་རྔམ་པ་ཕྱག་བཅོ་བརྒྱད་ཀྱི་ཚུལ་དུ་རྟེན་འབྲེལ་བསྒྲིགས་ཏེ་མཁར་ཐོག་བཅོ་བརྒྱད་ཅན་རེ་བཞེངས་པ་དང་།དེ་ཡང་ནུབ་ཁྲོ་ཙ་ལ་གསས་མཁར་ལ་ཁྲོ་བོ་རྩེན་པ་དང་།བྱང་སོ་ཙ་ལ་ལྷ་རྒོད་རྩེན་པ་དང་།ཤར་འོག་གཞི་ཙ་ལ་གཙོ་མཆོག་རྩེན་པ།ལྷོ་དགེ་ཤིས་གེ་ཁོད་བརྩེན་ཏེ།བུ་བཞི་ལ་ཡབ་ཁྱུང་འཕགས་ཁྲ་བོས་བོན་མདོ་སྔགས་རྒྱུད་གསུམ་གྱི་རྒྱུད་ཁ་མ་ལུས་ཡོངས་སུ་རྫོགས་པར་སྲས་བུ་འབོར་གཡུང་དྲུང་ཙ་བཞི་ལ་གནང་རྗེས་ཕུང་པོ་ལྷག་མེད་འཇའ་ལུས་འོད་ཀྱི་སྐུར་གྲུབ་པའི་ངག་རྒྱུན་ཡོད།དེ་བཞིས་ཡབ་ཡུམ་གྱི་ཐུགས་དགོངས་བཞིན་རྒྱལ་རོང་རྒྱལ་ཁག་ཆེན་པོ་བཞི་རུ་ཕྱེས་ཏེ་སོ་སོ་ལ་རྒྱལ་ས་འཛིན་དུ་བཅུགས།སྐབས་དེར་ཁྱུང་འཕགས་ཕྲ་མོས་གསང་བ་སྔགས་ཀྱི་བསྟན་པའི་ལས་སྒོ་རྒྱ་ཆེར་གཉེར་བ་མ་ཟད་དབལ་ཟླའི་རུས་ལས་མཆེད་པའི་སྐྱེས་བུ་མང་པོར་གསང་བ་སྔགས་ཀྱི་ལས་འཛིན་གཉེར་དུ་བཅུགས་ཏེ་གསས་མཁར་བཞི་ལས་རྔ་གཤང་གི་སྒྲ་མ་ཆད་པར་ཁྲོ་གསས་མང་པོ་བསྒྲུབས་སུ་བཅུགས་པར་མ་ཟད་ད་ལྟ་དགོན་ཤུལ་དུ་ལྷག་པའི་དབལ་སྟག་དགོན་པའང་སྐབས་དེར་བཞེངས་པར་བཤད།རྗེས་སུ་རྒྱལ་རོང་དུ་དབལ་སྟག་དགོན་པ་མང་དུ་དར་ཁྱབ་བྱུང་བ་ཞིག་རེད།དེ་ནས་བཟུང་རྒྱལ་རོང་དུ་གསང་བ་སྔགས་ཀྱི་ལས་འཛིན་ལ་དབལ་ཟླའི་རུས་པ་གཙོ་ཆེ་བ་དང་།དབལ་བོན་ཞེས་པའི་ལོ་རྒྱུས་ཀྱི་རྒྱུན་ཡང་ཡུལ་རྒྱལ་མོ་རོང་དུ་དེ་ལྟར་མཆེད་པ་ཞིགདེ་ཡང་ཤར་རྒྱལ་མོ་རོང་གི་མཁར་འདི་ནི་ངག་རྒྱུན་དུ་ཨ་མྱེས་སྒོ་གདོང་མཐུ་ཆེན་ཞེས་པ་དེ་དམུ་བདུད་འབྱམས་པ་ཁྲག་མགོ་ཁོང་གི་བསྟན་སྲུང་དུ་བཀུར་ཏེ་དམུ་བདུད་ལ་གསོལ་མཆོད་ཕུལ་བས་དམུ་བདུད་བྱ་སྐྱུང་ཀ་ཞིག་ཏུ་སྤྲུལ་ནས་རྒྱལ་རོང་ཕྱོགས་སུ་ཐོག་མའི་མཁར་བརྩིགས་པའི་བཤད་སྲོལ་ཞིག་འདུགདེ་ལྟར་ཡིན་ཡང་ཆོག་སྟེ་ཡུལ་རྒྱལ་མོ་རོང་ནི་ལོ་རྒྱུས་ཀྱི་ཕུག་ཐག་ཧ་ཅང་རིང་བ་ཞིག་ཡིན་པ་ལོ་རྒྱུས་དག་ལས་མཐོང་ཐུབ་པར་མ་ཟད་གནོད་སྦྱིན་ནག་པོའི་དུས་སྐབས་ནས་བོད་ལ་མཁར་བརྩིགས་ཀྱི་རྨང་གཞི་ཆེན་པོ་ཞིག་ཆགས་ཡོད་པའང་བདག་གི་དེབ་གཞན་དུ་གསལ།
      གོང་གསལ་ངག་རྒྱུན་དེ་ཁུངས་ལུང་མེད་པ་ཅིག་ཏུ་གཏན་ནས་བསྒྲུབ་མི་ཐུབ་པ་ཞིག་ཆགས་པར་མ་ཟད་དེང་སང་ཡང་རྒྱལ་རོང་ས་ཆའི་མཁར་བརྩིགས་ལ་སོགས་ལ་བདུད་མཁར་ལྕགས་པ་རྩེ་དགུ་ལྟ་བུའི་རྩེ་མོ་དགུ་ཅན་དང་དབྱིབས་ཟུར་སུམ་གྲུ་བཞི་ཟླ་གམ་སོགས་ཞི་རྒྱས་དབང་དྲག་གི་བཟོ་དབྱིབས་བྱས་ནས་བཞེངས་པ་མཐོང་རྒྱུ་ཡོད་པར་བརྟགས་ནའང་དེ་ཡང་ཡ་ཐོག་གནོད་སྦྱིན་ནག་པོའི་དུས་ཀྱི་བདུད་མཁར་ལྕགས་པ་རྩེ་དགུའི་བཟོ་དབྱིབས་ཤིག་ལས་བྱུང་བ་ཡིན་པའི་རང་རྟགས་ཤིག་ཀྱང་མངོན་འདུག་པས།གོང་གསལ་ངག་རྒྱུན་དེ་ཁུངས་བཅོལ་མེད་ས་ཤིག་ཏུ་ཆགས་ཐབས་མི་འདུགདེ་མིན་རྒྱལ་རོང་གི་མཁར་བརྩིགས་སོགས་སྒྲ་བླའི་གསས་མཁར་བཞེངས་པའི་ཚུལ་ལའང་ཧ་ཅང་གི་འབྲེལ་བ་ཡོད་སྙམ་སྟེ།རྒྱལ་རོང་གི་མཁར་བརྩིགས་རྣམས་ཀྱི་ནང་དུ་སྒྲ་བླའི་གོ་ཆ་སྣ་དགུ་བཞེངས་སྲོལ་དང་སྟེང་དུ་སྲིད་པའི་དར་ཆེན་ཕྱར་བའི་སྲོལ་ཡང་རྒྱ་ཆེན་པོ་ཡོད་པར་བརྟགས་ནའང་།སྒྲ་བླའི་གོ་ཆ་སྣ་དགུ་བཞེངས་པ་དེ་སྒྲ་བླའི་དམག་ཚོགས་ཀྱི་མཚོན་རྟགས་ཤིག་ཏུ་སེམས་རུང་ལ།དེ་ལྟར་སྒྲ་བླའི་མཁར་རྫོང་ལའང་རྫོང་སྣ་མི་འདྲ་བ་མང་པོ་ཞིག་ཡོད་པའང་བསྟན་འདུགདེ་དག་ཡོད་པ་བཞིན་དུ་རྒྱལ་རོང་གི་མཁར་རྣམས་ལས་སྟངས་མི་འདྲ་བ་མང་པོ་ཡིས་གྲུབ་པའི་མཁར་ཞིག་ཏུ་བཤད་ཆོག་ལ།མཁར་དེ་དག་བཞེངས་རིམ་ལ་རིམ་པ་མི་འདྲ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱང་ངེས་བརྟན་རེ་ཡོད།དཔེར་ན་མཁར་ཟུར་བཅུ་གསུམ་ཅན་ནི་གནམ་རིམ་པ་བཅུ་གསུམ་གྱི་མཚོན་རྟགས་སུ་བཤད་ལ།དེའི་བདག་པོ་ནི་མི་རིགས་རུས་ལེགས་པོ་ཅན་དང་།མི་ཆེན་དཔོན་ཆེན་རྣམས་ཀྱི་མཁར་རྫོང་དུ་བཞེངས་སྲོལ་ཡོད།མཁར་ཟུར་བརྒྱད་མ་ནི་བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་རྟགས་སུ་བཤད་ལ་དེའི་བདག་པོ་ནི་དེ་ལས་དམན་པའི་རིགས་རུས་བཟང་པོ་ཅན་དང་དཔོན་རྣམས་ཀྱི་མཁར་རྫོང་དུ་བཞེངས་སྲོལ་ཡོད།མཁར་ཟུར་བཞི་མའི་བདག་པོ་ལ་རིགས་རུས་མཐོ་དམན་གྱི་དབྱེ་བ་བཤད་རྒྱུ་མེད་ལ་དེ་གཞུང་ཁང་ལྟ་བུ་ཞིག་ཏུ་བཤད།མཁར་ཟུར་ལྔ་ཅན་ནི་གོང་གི་ཟུར་བཞི་མ་དང་འདྲ་བར་གཞུང་ཁང་ལྟ་བུ་ཞིག་ཡིན་རབས་བཤད།མཁར་ཟུར་གསུམ་མ་བཞེངས་སྟངས་སྔ་མ་དག་དང་མི་འདྲ་བར་སྟེང་དུ་དྲག་པོའི་ལྷ་ཚོགས་ཀྱི་སྐུ་བཞེངས་སྲོལ་ཡོད་ལ།འོན་ཀྱང་འཇིགས་རུང་གི་ཉམས་དང་ལྡན་པའི་བཙོན་ཁང་ལྟ་བུ་ཞིག་བཞེངས་སྲོལ་ཡོད་ལ།དེའི་ནང་དུ་བཙོན་མ་རྣམས་བསྡུ་སྲོལ་ཡོད།དེའང་རྒྱལ་རོང་གི་མཁར་རྣམས་ལོ་བདུན་བརྒྱའི་ཡར་སྔོན་དུ་བཞེངས་པ་ཏག་ཏག་ལས་དེའི་རྗེས་སུ་བཞེངས་པ་ཧ་ལམ་མེད་པ་འདྲ་ཞིག་སྣང་།དེའང་རྒྱལ་རོང་མཁར་རྫོང་ངོ་མ་ཞིག་ཡིན་ན།སྒོ་ཧ་ཅང་དམའ་ལ་མི་ཞིག་ནང་དུ་ཡོང་དགོས་ཚེ་མགོ་སྒུར་ནས་མ་ཡོང་ཚེ་ནང་དུ་ཐར་མི་ཐུབ་ལ།དེ་ནི་ཕྱི་དགྲ་སུ་ཞིག་ནང་དུ་ཡོང་བར་ཐོག་མ་མགོ་བསྲིངས་ནས་ཡོང་དགོས་པའི་གཡུལ་ཐབས་ཤིག་ཡིན་ལ།གཡུལ་ཐབས་དེ་ནི་ཕྱི་དགྲའི་སྐེ་གཅད་ཐབས་ཀྱི་གཡུལ་ཐབས་ཤིག་ཡིན།དེ་མ་ཟད་སྒོ་གླེགས་ཧ་ཅང་འཐུག་པོ་ཞིག་འདུགནང་དུ་ཟླ་ངོ་མང་བོའི་རིང་དུ་འདངས་པའི་འབྲུ་མཛོད་དང་ཇ་མཛོད་ཆུ་མཛོད་སོགས་ཡོད་ལ།མཁར་རྫོང་ལ་གློ་འདོག་གི་ཚུལ་དུ་ཁང་བ་ཆུང་ཆུང་རེ་ཡོད་ལ་དེ་ནི་དགྲ་མེད་ཚེ་མི་རྣམས་འདུག་སྡོད་བྱེད་སའི་ཁང་བ་ཞིག་ཡིན།དེ་ལྟར་སྔོན་ཆད་ཆིན་གོང་མའི་དམག་གཙོས་པའི་ཕྱི་ཡོང་དགྲ་བོ་སུ་ཡིན་ཡང་རྒྱལ་རོང་བ་ལ་ཐེངས་མང་པོ་བརྒོལ་བ་ཡང་བརྒོལ་མ་ཐུབ་པས།རྗེས་སུ་ཆིན་རྒྱལ་རབས་སྐབས་སུ་རྒྱལ་རོང་གི་མཁར་རྫོང་གཏོར་བའི་ཐབས་སུ་ཆིན་རྒྱལ་རབས་ཀྱི་དམག་གིས་རྒྱལ་རོང་གི་མཁར་རྫོང་ཨ་ན་མ་ན་རྒྱ་ནག་ཏུ་ལས་ཏེ་དེ་གཏོར་བའི་ཐབས་སུ་མེ་སྒྱོགས་ཆེན་པོ་ལས་ཏེ་རྒྱལ་རོང་དུ་དམག་དྲངས་ཏེ་རབ་བརྟན་ཁོག་གཙོས་པའི་རྒྱལ་རོང་སྟོད་མེད་ཀྱི་མཁར་རྫོང་རྣམས་གཏོར།དེའི་རྗེས་སུ་དེང་སང་འུ་ཚོའི་མཐོང་ཡུལ་དུ་གྱུར་པའི་རྒྱལ་རོང་བོད་མའི་སྡོང་ཁང་གི་ཁྱད་ཆོས་ལྡན་པའི་ཁང་བ་འདི་ལས་སྟངས་དེ་དར་རྒྱས་ཆེན་པོ་སོང་བ་ཞིག་རེད་ལ།དེང་སང་ཡང་སྔོན་ཆད་རྒྱལ་རོང་གི་མཁར་རྫོང་རྣམས་གཏོར་བྱེད་ཀྱི་སྒྱོགས་རྫས་མང་པོ་རྒྱལ་རོང་གི་མཁར་རྫོང་དག་གི་ཤུལ་ནས་འབུད་བཞིན་ཡོད།ཡང་ཡི་དམ་དབལ་གསས་ཀྱི་མཚོན་དོན་བྱས་ཏེ་བཟོས་པའི་མཁར་བརྩེགས་དགུ་མ་ནི་རིམ་པ་བཞིན་ཁྱུང་མགོ་སོགས་མགོ་བརྙན་སྣ་ཚོགས་དཔེ་བྱས་ཏེ་བཟོས་པའི་མཁར་གྱི་བཟོ་བཀོད་ཕུན་སུམ་ཚོགས་པ་ཅན་ཞིག་ཡིན་ལ།དེང་དུས་དེའི་མིང་ལ་མོ་མཁར་ཞེས་འབོད་ཀྱིན་ཡོད།དེ་ལྟར་བུ་འབོར་གཡུང་དྲུང་ཙ་བཞིའི་དུས་ལ་རྫོང་ཁག་མང་པོ་དར་ཞིང་དཔེར་ན་རྒྱལ་པོ་གཅིག་གི་མངའ་འོག་ལའང་སྟག་མོ་རྫོང་།སེང་གེ་རྫོང་།ཁྱུང་ཆེན་རྫོང་།འབྲུག་མོ་རྫོང་།གླང་ཆེན་རྫོང་སོགས་རྫོང་ཁག་ཆེན་པོ་མང་པོ་གྲོལ་བ་དང་དེ་ལས་ཙ་དགུ་གྲོལ།དེ་རྣམས་ལས་ཙ་ལྔ་གྲོལ།དེ་དག་ནི་དེང་དུས་ཡོངས་སུ་གྲགས་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གྲགས་པ་དེ་ཡིན།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོ་སོ་ནི1རབ་བརྟན་རྒྱལ་པོ།2འོག་ཞི་རྒྱལ་པོ།3སོ་མང་རྒྱལ་པོ།བཙན་ལ་བདག་ཆེན་རྒྱལ་པོ།4ཁྲོ་སྐྱབས་རྒྱལ་པོ།5དགེ་ཤིས་རྒྱལ་པོ།6རྫོང་འགག་རྒྱལ་པོ།7མདོ་ལུང་རྒྱལ་པོ།8བྲག་སྟེང་རྒྱལ་པོ།9འགག་སྟོད་རྒྱལ་པོ།10གྱེར་ཙ་རྒྱལ་པོའམ་ཅོག་ཙེ་རྒྱལ་པོ་ཟེར།11རྒྱལ་ཁ་བཀྲ་ཤིས་རྒྱལ་པོ།12པ་བོ་རྒྱལ་པོ།ཕ་ཝཾ་རྒྱལ་པོ།13ལྕགས་སྣ་རྒྱལ་པོ།ལྕགས་ལ་རྒྱལ་པོ་ཡང་ཟེར།14འགུ་དུམ་རྒྱལ་པོ།འགུ་ཐང་དང་འགུ་སྟོད་རྒྱལ་པོ་ཡང་ཟེར།15དམུ་ཕྱི་རྒྱལ་པོ།མི་ཕམ་རྒྱལ་པོ་ཡང་ཟེར།ཁྲོ་སྐྱབས་སོགས་ལས་ཐོག་མའི་རྒྱལ་ཁག་བཅོ་བརྒྱད་ནང་གི་རྒྱལ་ཕྲན་འགའ་རེ་འཇིག་སྔ་བས་ངོས་འཛིན་དཀའ།ད་དུང་ཐོག་མའི་རྒྱལ་རོང་གི་ས་ཁྱབ་ནི་ཟི་ཁྲོན་གཡག་རྔ་ཡན་ཆད།བྱང་ཟིང་ཆུ་དང་རྔ་བ་མན་ཆད།ནུབ་རྟ་བོ་མན་ཆད།བརྒྱད་ཟུར་རྫོང་དང་ཡན་ཆེན་རྫོང་ཡན་ཆད་བར།རྒྱལ་རོང་རྒྱལ་བོ་དག་གིས་མངའ་ཁོངས་སུ་ཆགས་ཡོད།དེ་རྗེས་གསར་དུ་བྱུང་བའི་རྒྱལ་བོ་ནི།མགོ་སྨད་རྒྱལ་པོ།དགེ་རྫོང(རྫུ་ཡུལ)ཆུ་མདོ་རྒྱལ་པོ།དགེ་ཤིས་སྨད་པ་རྒྱལ་པོ།རོང་བྲག་སྤྲོ་སྣང་རྒྱལ་པོ་སོགས་རྒྱལ་རོང་པའི་མངའ་ཁོངས་བདག་གཉེར་བྱེད་པའི་རྒྱལ་པོ་མང་དུ་བྱུང་།དེ་བཞིན་སྐད་དང་ཡི་གེའི་ཆ་ལའང་འགྱུར་བ་སྣ་ཚོགས་པ་ཐེབས་ཤིང་རྒྱལ་རོང་གནའ་ཐོག་དུས་རབས་སམ་ཨ་མྱེས་རྒོ་གདོང་དང་ལི་སྟོད་གདོང་ནག་གི་སྐད་ཇི་ལྟ་བུ་ཞིག་ཡིན་པར་འདི་ནས་བཤད་མི་ཐུབ་ཀྱང་།ཞང་ཞུང་ཁྱུང་འཕགས་ཁྲ་མོའི་དུས་རབས་ནས་རྒྱལ་རོང་གི་སྐད་ནི་ཞང་སྐད་དུ་གྱུར་ཡོད་པར་དེང་སང་ལྷག་པའི་རྒྱལ་རོང་གི་སྐད་དག་ལས་ང་ཚོས་སྔོགས་ཐུབ་པ་དང་།དེའི་རྒྱས་སུ་རྒྱལ་ཕྲན་བཅོ་བརྒྱད་བྱུང་བར་བརྟེན་སྐད་སྣ་མི་འདྲ་བ་བཅོ་བརྒྱད་བྱུང་བར་མ་ཟད་དེ་ཡང་རུས་རིགས་རྩོད་ཉོག་དུས་རབས་བྱུང་བ་ནས་རང་རང་ས་ནས་རུས་རིགས་སྲུང་སྐྱོབ་ཕྱིར་དུ་རང་སྐད་རང་སྐྱོབ་ལ་ཤུགས་ཆེན་པོས་ནུས་པ་བཏོན་པ་བརྒྱུད་རྗེས་སུ་རྒྱལ་རོང་གི་སྐད་ཅེས་པ་ནི་ལུང་བ་གཅིག་གི་ཕར་ཚུར་ལ་བརྡ་འཕྲོད་བྱེད་དུ་མ་གྱུར་པའི་ཚུལ་སོགས་ནི་བདག་གིས་བྲིས་པའི《ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང》ཞེས་པར་གསལ་བོ་དག་པོར་བྲིས་ཡོད་པས་འདིར་དེ་ཙམ་བྱ།
སྐབས་དེར་སྟོད་རྫོང་འགག་རྒྱལ་པོའི་ས་བར་སྲུང་མཁན་སོགས་སྨད་ང་ལེན་མར་པང་སོགས་རྡོ་མཁར་ཕར་རི་ཚུར་རིའི་ངོགས་སུ་བཞག་སྟེ་དམག་སྒར་དེ་རུ་བརྒྱབ་ཐོག་མར་ཡོང་མཁན་ཡོད་ན་ལམ་ཡིག་དགོས།སྨད་ནས་ཡར་ཡོང་མཁན་ཡོད་ན་ལམ་ཡིག་མེད་ཚེ་ཁྱུང་འཕགས་ཁྲ་བོའི་རྒྱལ་ས་སོགས་ལ་འགྲོ་མི་ཆོག་པའི་བཀའ་ཁྲིམས་ཡོད་པའི་ངག་རྒྱུན་ཡོད།
ཙ་ཡི་རིག་པ་སྟོད་ནས་མཆེད་མོད་ཀྱང་།།
ཙ་ཡི་རྣམ་ཤེས་མདོ་སྨད་རོང་དུ་བཏབ།།
ཙ་ཡི་ཡན་ལག་དོན་སྙིང་རྣམ་ལྔ་འདི།།
ཤོད་ཆེན་བཅོ་བརྒྱད་ཆགས་ཀི་རིལ་མར་བཤད།།
ཞེས་བར་སྐབས་ཀྱི་ཚིགས་བཅད་དོ།།
དྲུག་པ།མོ་ཟ་རྒྱལ་མོ་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས།


 
ཞང་ཞུང་པ་ཁྱུང་འཕགས་ཕྲ་བོ་ཕེབས་རྗེས་དེའི་ཤུགས་འདྲ་མོ་ཐེབས་ཏེ་ཡུལ་སྲོལ་གོམས་གཤིས་ལའང་ཁྱུང་དང་འབྲེལ་བའམ་ཞང་ཞུང་དང་འབྲེལ་བའི་ཆ་ལུགས་མང་པོ་ཞིག་དར་སྲོལ་བཟུང་ཞིང་།དེའི་སྔོན་དུ་ཨ་མྱེས་སྒོ་གདོང་དང་ལི་སྟོད་གདོང་ནག་གི་འཚོ་བའི་གོམས་གཤིས་དར་ཁྱབ་ཆེ་བ་ཡིན་ཡང་དེའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་རྣམས《ཞང་ཞུང་ཤར་མཐའ་རྒྱལ་རོང་གནའ་བོའི་ལོ་རྒྱུས་ཀུན་གསལ་མེ་ལོང》ཞེས་པར་གསལ་བོར་བྲིས་པས་འདིར་ཡང་བསྐྱར་མི་འདྲེན།
ལྷག་པར་དུ་ཞང་ཞུང་ཁྱུང་འཕགས་ཁྲ་བོ་ཤར་རྒྱལ་མོ་རོང་དུ་ཕེབས་པར་བརྟེན་ཞང་ཞུང་ཕྱོགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས་ཀྱི་ལྟ་སྲོལ་མང་པོ་ཞིག་འཁྱེར་ཡོང་བ་ཞིག་རེད།དཔེར་ན་གོང་དུ་གསལ་བའི་མ་བརྩིགས་པའི་བླ་རྡོའི་ཕ་བོང་རེ་བརྩིགས་ཞེས་པའི་ཡོངས་སུ་གྲགས་པ་ཞང་ཞུང་ལྷ་ཐོ་ཞེས་པ་འདི་ཡང་རྒྱལ་རོང་དུ་དར་ཁྱབ་ཧ་ཅང་སོང་བ་ཞིག་ཡིན།རྒྱུ་མཚན་རྒྱལ་རོང་གི་རི་ཁ་ལ་ཁ།རི་སྒང་ལུང་སྒང་ཀ??r?ན་ཏུ་ཞང་ཞུང་ལྷ་ཐོ་ཤིན་ཏུ་མང་ལ།རི་སྒང་མང་ས་རེ་ན་དྲུག་བརྒྱ་ཡས་མས་ཡོད།དེ་དག་གི་དབྱིབས་གྲུ་བཞི་ཡིན་ལ།ཕར་བལྟས་ཚོད་ཀྱིས་མཆོད་རྟེན་གྱི་བང་རིམ་ལྟར་དུ་བཞེངས་ཡོད་ལ།རིམ་པ་བཞི་ལས་མེད།ཐོག་མའི་རིམ་པ་ནི་རྡོ་དཀར་གཅིག་དཀྱིལ་ལ་བརྩེངས་ནས་ཡོད།དེ་ལས་ལྷ་ཐོ་རེ་འགའི་སྟེང་དུ་ཤིང་སྣ་སོགས་བཙུགས་སྲོལ་ཡོད་ལ།བཤད་རྒྱུན་དུ་ཁྱིམ་ཚང་ཆེ་བ་ཞིག་གིས་ལྷ་ཐོ་དྲུག་རེ་དང་།འབྲིང་འབྲིང་ཞིག་གིས་ལྷ་ཐོ་གསུམ་རེ།ཐ་མ་ཞིག་གིས་ལྷ་ཐོ་གཅིག་དང་གཉིས་སོགས་བརྩེངས་སྲོལ་ཡོད།དེ་དང་དེ་བཞིན་དུ་གབ་ཏོག་ཤེལ་གྱི་རྡོ་རིང་མདུན་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་པོ་སོགས་ཀྱིས་ལྷ་ཐོ་བཞེངས་པ་དེང་སང་དངོས་སུ་མཇལ་རྒྱུ་ཡོད།ལྷ་ཐོ་དེ་དག་གི་མིང་རྒྱལ་རོང་རྒན་པོ་དག་ལ་དྲིས་ཚེའང་ཞང་ཞུང་ལྷ་ཐོ་ཞེས་བཤད་ཀི་འདུགདེར་བརྟེན་ལྷ་ཐོ་དེ་དག་ནི་ཞང་ཞུང་ལྷ་ཐོ་ཡིན་པར་ཐེ་ཚོམ་ཟ་མི་དགོས་ས་ཤིག་རེད་འདོད།དེ་ཡང་རྒྱལ་རོང་དུ་དར་ཁྱབ་ཆེ་བའི་གྱོན་པའི་ཆ་བྱད་སོགས་ནི་ལྷ་མོ་མདངས་ལྡན་མའི་དུས་རབས་སུ་རྒྱལ་རོང་ལ་ཞང་ཞུང་ནས་བརྒྱུད་པའི་གྱོན་ཆས་ཕུན་སུམ་ཚོགས་པ་ཞིག་ཡིན་ལ་དེའི་ཆ་བྱད་དང་མཚོན་དོན་རྣམས་འདིར་ཞིབ་རྒྱས་སུ་བཤད་ན།དང་པོ་དབུ་ཞྭ་ནི་ཕྱིང་གིས་བཟོས་ཏེ་ཞྭའི་གཙུག་ན་རིན་པོ་ཆེའི་ཏོག་དང་རྒྱན་ཆ་དེའི་གཡས་གཡོན་དུ་བྱ་སྒྲོ་གཙུག་སྟེ་དབྱིབས་ཞང་ཞུང་གི་བྱ་རུ་ལྟ་བུ་བྱས་ཏེ་གྱོན་པའི་སྲོལ་ཡོད།དེ་ནི་མཆོད་རྟེན་གྱི་ཏོག་གི་མཚོན་དོན་ཡིན།གཉིས་པ་སྟོད་གོས་ནི་དཀར་པོ་གྱོན་པ་དང་།དེ་ནི་ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པའི་རྟགས་སུ་མཚོན།གསུམ་པ་མགྲིན་རྒྱན་ནི་རིན་པོ་ཆེའི་རིགས་སྣ་ཚོགས་པ་སུམ་རིམ་འདོགས་སྲོལ་ཡོད་ལ།དེ་ནི་མཆོད་རྟེན་ཆར་ཁེབ་འདབ་ཀྱི་ཟ་ར་ཚགས་ཀྱི་མཚོན་དོན་ཡིན་ལ།རྣ་ལུང་ནི་གསེར་དང་དངུལ་གྱིས་བརྡུང་སྲོལ་ཡོད་ལ།དེ་ནི་ཆར་ཁེབ་འདབ་དབྱེལ་དྲིལ་སོགས་ཀྱི་དོད་དུ་འཇོག་སྲོལ་བྱུང་ཡོད།ཡང་བཤད་རྒྱུན་གཅིག་ལ་རང་གི་རྒྱུད་དང་རིགས་རྒྱུད་མེ་ཏོག་ལྟ་བུའི་མཛེས་པ་སྐྱེས་པའི་རྟེན་འབྲེལ་མཚོན་རྟགས་སུ་བཤད།གསུམ་པ་སྐ་རགས་ལ་དར་མཚོན་སྣ་ལྔ་བཅིངས་སྲོལ་ཡོད་ལ།དེ་ཡང་རྒྱལ་རོང་འདི་ཁྱུང་འཕགས་ཁྲ་བོས་རྗེས་སུ་བཟུང་ཕྱིར་དང་དེའི་རྒྱུན་ཆུ་བོའི་ལྟ་བུའི་རྒྱུན་རིང་བའི་མཚོན་རྟགས་སུ་བཤད།ནང་གི་དོར་མ་ནི་ཁ་ཧ་ལས་པའི་ཆེན་པོ་བྱས་ཏེ་བཟོ་སྲོལ་ཡོད་ལ་རྐང་བསྣམས་ཐུང་ཐུང་བྱས་ཏེ་པུས་མོའི་མར་ནང་མི་སུམ་པ་སྒྱིད་པ་དམར་པོ་བྱེད་སྲོལ་ཡོད་ལ་དེ་ནི་བྱ་ཁྱུང་ལ་དཔེ་བླངས་པ་ཡིན་པའི་བཤད་སྲོལ་ཡོད་ལ་དོར་མ་བརླ་རྩ་བར་རིམ་པ་གཉིས་ཙམ་བསྡམས་སྲོལ་ཡོད་ལ་དེ་ནི་མཆོད་རྟེན་གྱི་བང་རིམ་མཚོན་བྱེད་དུ་འཇོགལྷམ་ནི་ཁ་དོག་སྣ་ལྔ་ལས་གྲུབ་པ་ཞིག་བཟོ་རྒྱུན་ཡོད་ལ་དེ་ནི་མཆོད་རྟེན་གྱི་འབྱུང་ལྔའི་རྩིག་རིམ་གྱི་ཚུལ་དུ་བཞེངས་པ་ཡིན་པར་བཤད།ཕྱི་ཡི་ལཱ་བ་ནི་ལཱ་སྐྱ་སྟེ་ལུག་དང་ར་ཡིས་བལ་གྱི་བཟོ་སྲོལ་ཡོད་ལ།དེ་ནི་བླ་ཟོག་གི་བལ་གྱི་བཟོས་པར་བརྟེན་བླ་དཔལ་ཚེ་རིང་ནད་མེད་འབྱུང་བའི་རྟེན་འབྲེལ་དུ་བསྒྲགས་སྲོལ་ཡོད།བུད་མེད་རྣམས་ཀྱང་ཁྱུང་འཕགས་ཁྲ་བོའི་རྒྱུད་དང་དེའི་རིག་གནས་ཀྱིས་ཤན་ཞུགས་པའམ་ཡང་ན་ཁྱུང་ཟ་རུ་གྱུར་པ་ནས་རྒྱལ་རོང་བུད་མེད་རྣམས་ཀྱིས་མགོ་ལ་བྱའི་སྒྲོ་གཙུག་ལྟ་བུའི་ཞྭ་བྱ་སྒྲོ་སོགས་ཀྱིས་བཟོ་སྲོལ་ཡོད་ལ་དེའི་མིང་ལ་རྒྱལ་རོང་སྐད་དུ་རེ་བྲེ་ཟེར།དེའི་དཀྱིལ་ན་རིན་པོ་ཆེའི་ཏོག་འཇོག་སྲོལ་ཡོད།ཡིན་ནའང་དེང་དུས་དེ་ལ་འགྱུར་བ་ཐེབས་ཏེ་སྒྲོ་གཙུག་རས་སུ་བསྒྱུར་བ་མ་ཟད་གཙུག་ཏུ་འདོགས་པའི་རིན་པོ་ཆེའང་ཐོད་པའི་ཟུར་དུ་བཏགས་ཡོད།དེ་ནི་བྱ་ཁྱུང་གནམ་འཕང་གཅོད་དུས་ཉི་དྲོད་སོགས་འགོག་པའི་མཚོན་རྟགས་དང་ཚ་བ་བདེ་བར་འགྱུར་བའི་རྟེན་འབྲེལ་དུ་བཤད།
སྐྲ་ཡི་རྩེ་ལ་དར་མཚོན་སྣ་ལྔ་དང་རིན་པོ་ཆེའི་རྒྱན་ཆ་སྣ་ཚོགས་འདོགས་ལ་དེ་བྱ་ཁྱུང་ཆེན་གྱི་དབུ་རྒྱན་ཏོག་དང་།དར་མཚོན་སྣ་ལྔ་ནི་ཁྱུང་འཕགས་ཁྲ་མོའི་ཐུགས་རྗེ་རྒྱུན་མི་ཆད་པར་རྒྱལ་རོང་དུ་ཤར་བའི་རྟགས་སུ་བཤད།
 རྒྱབ་ལ་བྱའི་སྒྲོ་གཤོག་ལྟ་བུའི་རྒྱབ་དར་འདོགས་སྲོལ་ཡོད་ལ་དེའི་ཁ་མདོགས་དམར་པོ་དང་དཀར་པོ་ནག་པོ་སོགསམདོགས་མ་ངེས་པ་ཞིག་ཏུ་གྲུབ་ཡོད།དེ་ནི་ཁོ་ཚོ་ཁྱུང་འཕགས་ཁྲ་བོ་ལས་མཆེད་པ་ཡིན་པས་མདོགས་ཀྱང་ཁྲ་བོ་གྱོན་པའི་སྲོལ་དེ་ཡིན་པའི་བཤད་སྲོལ་ཡོད།མདོགས་དེ་གསུམ་ནི་རང་དང་རང་གི་ཚེ་སྲོག་བུད་རྒྱུད་སོགས་ལ་བདེ་ཞིང་སྐྱིད་པོ་ཡོང་བའི་རྟགས་སུ་བཤད།ནང་གོས་ཀྱི་འདབ་ཀ་སོགས་བྱ་སྒྲོའི་མདོགས་ཀྱི་ཁ་མདོགས་རས་འཐག་ནས་བརྒྱན་སྲོལ་ཡོད།
སྐེད་རྒྱན་ལ་གའུ་ཁྱུང་གི་གཟུགས་དབྱིབས་དང་གནམ་ལྕགས་ལས་གྲུབ་པའི་ཁྱུང་སོགས་འདོགས་སྲོལ་ཡོད།དེ་ནི་ཁྱུང་ཆེན་རླབས་ཀྱིས་གཅོད་པ་ལྟར་ཕ་རོལ་གཡུལ་ལས་རྒྱལ་བའི་རྟགས་སུ་བཤད།སྐ་རགས་ནི་ཁུག་མ་བྱས་ཏེ་དབྱིབས་ནི་སྤྲུལ་དང་མ་ཟད་མགོ་ལ་སྤྲུལ་གྱི་ཁ་མིག་སོགས་བཏོད་སྲོལ་ཡོད་ལ།དེ་ནི་ཀླུ་བདུད་ཟིལ་གྱིས་གནོན་པའི་རྟགས་སུ་བཤད།དོར་མ་ནི་ཁ་དོག་སྣ་ལྔས་བཟོ་སྲོལ་ཡོད་ལ།བྱ་རྒྱལ་ཁྱུང་གི་སྤུ་རིས་མཚོན་བྱེད་དུ་བསྒྲགས།ལྷམ་ཁྱུང་གི་སྡེར་མོའི་དབྱིབས་བྱས་ཏེ་སྟེང་དུ་མེ་ཏོག་སོགས་འཚག་དྲུབ་བྱས་ཡོད་ལ་མཇུག་སྒྲོ་ལ།སོགས་པའང་རས་ཀྱིས་བལྟེབས་ནས་འདོགས།ཕྱི་ལཱའི་འདབ་ལ་བལྟེབས་མ་ཆེ་བ་གསུམ་དང་།ཆུང་བ་ཆེ་ཆུང་མང་བལྟེབས་སྲོལ་བྱུང་ཡོད།དེ་ཡང་གཙོ་བོ་བྱ་ཆུང་གི་མཇུག་སྒྲོ་མཚོན་དོན་ཡིན་པ་དང་།ཕྱོགས་གཞན་ནས་དེའི་བལྟེབས་ཁུག་མང་དུ་ཡོད་པ་ལྟར་མོ་ཁྲིམས་མཚོན་བྱེད་བརྩི་སྲོལ་དུ་ངག་རྒྱུན་ཡོད།ཕར་བལྟས་ན་བྱ་ཁྱུང་ཁྲ་ལྟ་བུ་ཞིག་ཏུ་མངོན།དེས་རྒྱལ་རོང་བུད་མེད་རྣམས་ཁྱུང་ཟ་ཡིན་པ་མཚོན་པར་བྱས་ཡོད།ཡིན་ནའང་དེ་དག་ལ་རྗེས་སུ་ཚ་བ་སོགས་ཀྱིས་རྐྱེན་བྱས་ཏེ་གྱོན་པ་ལ་འགྱུར་བ་ཐེབས་ཏེ་དེང་སང་དེ་དག་མཚོན་བྱེད་ཀྱི་གྱོན་པ་ལྟ་བུ་ལས་ལྷག་མེད་ལ།གདོད་མའི་རྒྱལ་རོང་པའི་ལོ་རྒྱུས་རང་བཞིན་དང་རིགས་རུས་མཚོན་བྱེད་ཀྱི་གྱོན་པ་དེ་དེང་སང་གླུ་བྲོ་རྩེད་བྱེད་ཀྱི་གྱོན་པ་ལྟ་བུར་ཆགས་ནས་ཡོད།
རྒྱལ་རོང་པའི་ལོ་སར་ཡང་རྒྱལ་རོང་པའི་ཁྱད་ཆོས་དང་རྒྱལ་རོང་པའི་ལོ་རྒྱུས་རང་བཞིན་གྱི་ལོ་སར་ཞིག་ཏུ་བཤད་ཆོག་ལ།རྒྱལ་རོང་པའི་ལོ་སར་མིང་ལ་ཨ་མྱེས་སྒོ་གདོང་མཐུ་ཆེན་ལོ་སར་ཞེས་འབོད།དེའི་རྒྱུན་སྔ་དུས་བཞིན་རྒྱལ་རོང་བ་ཁྱུང་གིས་བཟུང་བའི་ལོ་རྒྱུས་ཀྱི་འབབ་རྒྱུན་དུ་ཡང་དེ་ལྟའི་སྲོལ་གྱི་རྒྱུན་བཟང་བསྐྱངས་ནས་ཡོང་བ་ཞིག་རེད།ཡིན་ནའང་དེའི་རྗེས་ཀྱི་གོམས་གཤིས་མང་པོ་ཞིག་ལ་ཁྱུང་འཕགས་ཁྲ་བོའི་མཛད་པའི་ཤན་ཞུགས་མང་པོ་ཞིག་གམ་ཞང་ཞུང་གི་ལྟ་སྲོལ་མང་པོ་ཞིག་དར་ནས་ཡོང་བ་ཞིག་ཡིན་པའང་ཕྱོགས་མང་པོ་ཞིག་གིས་ཟུར་ངེས་ཐུབ།ཨ་མྱེས་སྒོ་གདོང་མཐུན་ཆེན་ལོ་སར་བོད་ཟླ11ཚེས1ནས12བར་ལོ་སར་གྱི་སྟ་གོན་བྱེད་སྲོལ་ཡོད་ལ།13ནས15བར་དུ་ལོ་སར་བྱེད་སྲོལ་ཡོད།དེ་ལ་དང་པོ་གྲ་སྒྲིག་ལའང་ཁང་པ་ལ་འདག་ཞལ་དཀར་རྩི་གྲ་རྒྱས་པོ་ཞིག་
བྱུག་ལ་ཁང་པའི་ཀླད་ཕྱོགས་ལ་ནག་པོ་བྱུག་ལ་ཕྱོགས་བཞི་ལ་སྒྲ་བླའི་དཔའ་རྡོ་རྡོ་དཀར་གྱིས་བརྩིགས་སྲོལ་ཡོད།ད་དུང་ཁང་པའི་ངོ་ལ་འདོད་ཡོན་སྣ་ལྔ་སོགས་མཆོད་པའི་རིགས་རྫས་རྣམས་འབྲི་སྲོལ་ཡོད།ཁང་པའི་ནང་ལའང་ས་དཀར་ལ་ཚ་བསྲེས་ཏེ་འདག་ཞལ་གྲ་
ལེགས་པོ་བྱེད་ལ།ཁྱིམ་གྱི་ཡར་སྒྱེད་ལ་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་སྐུ་ཞིག་འབྲི་སྲོལ་ཡོད།དེ་ནས་ཨ་མྱེ་སྒོ་གདོང་གི་སྒྱེད་པུ་ཐོག་མར་ཕག་ཚིལ་གྱིས་འཕུར་ཡག་བྱས་རྗས་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་འཚོ་བའི་ཡོ་བྱད་སྣ་ཚོགས་ཀྱང་ཕག་ཚིལ་གྱིས་འཕུར་ཡག་བྱས་ཏེ་སྒྱེད་པུའི་མཐའ་བསྐོར་དུ་བསྒྲིགས་པ་དང་།ཚེས་བཅུ་གསུམ་ཉིན་རང་ལ་གང་ཡོད་ཀྱི་རྒྱན་གོས་རྣམས་འདོགས་ནས་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་ཐིག་པ་བསྐོལ་ནས་འཐུང་ལ།ཚེས་བཅུ་བཞིའི་ཉིན་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་གོ་རེ་སྣ་ཚོགས་བཅས་ཏེ་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་འདྲ་རིས་མདུན་དུ་མཆོད་བཤམས་ལ་གོ་རེའི་རོགས་སུ་མཆོད་པ་རྣམ་ལྔ་དང་།ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་འཚོ་བའི་ཡོ་བྱད་སྣ་ཚོགས་དང་།ཕག་བསྒོར།ཕག་ཚིལ་སོགས་བཤམས་སྲོལ་ཡོད།ཚེས་བཅུ་བཞིའི་དགོང་མོ་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་ཐིག་པ་བསྐོལ་ཏེ་དོ་ནུབ་ཨ་མྱེས་སྒོ་གདོང་ཡོང་ནས་རྒྱ་ཁར་ཚད་ནི་རེད་ཅེས་སྒོ་ཚང་མ་ཕྱེས་ཏེ་ཐིག་པ་རྒྱགས་ཆད་པ་ཞིག་འཐུང་སྲོལ་ཡོད།དེ་དང་བསྟུན་ཉི་མ་སྔོན་ཆད་རྒྱལ་རོང་ས་ཆའི་མི་རྣམས་ཀྱིས་ཨ་མྱེས་སྒོ་གདོང་མཐུ་ཆེན་ཡོང་ནི་རེད་ཅེས་ཁང་པ་ཞིག་གི་སྒོ་ལ་ལྕགས་ཟྭ་རྒྱག་རྒྱུའི་སྲོལ་མེད་པར་བཤད།ཚེས་བཅོ་ལྔའི་ནངས་མོར་བོད་ཡུལ་གྱི་ཡུལ་ལུང་གཞན་དག་དང་འདྲ་བར་ཚེས་ཆུ་ལེན་རྒྱུ།ཚེས་བསང་ཕུད་རྒྱུ་སོགས་དང་།དེ་ལས་གཞན་ཚེས་བསང་ལ་སྔགས་པ་ཞིག་གདན་དྲངས་ཏེ་སྒྲ་བླའི་ཤུགས་མགོན་བསྟོད་དེ་བསང་མཆོད་རྒྱ་ཆེན་པོ་བྱེད་སྲོལ་ཡོད་པ་མ་ཟད་མཁར་རྫོང་ནང་དུ་སྲིད་པའི་དར་ཆེན་དང་སྒྲ་བླའི་གོ་ཆ་སྣ་དགུ་ཕྱར་སྲོལ་ཡོད།ནངས་མོ་ལག་ངོའི་རི་མོ་མཐོང་སྐབས་གོ་རེ་ཆེན་པོ་ཞིག་སྒྱེད་པུའི་དཀྱིལ་ལ་བཞག་སྟེ་གཟའ་དཔོན་གྱིས་ཁ་བཤད་གཤམ་གསལ་ལྟར་ལེན་རྒྱུའི་དཔེ་ཡོད།ཨ་མྱེས་སྒོ་གདོང་མཐུ་ཆེན་མཆོད།
ཨ་མྱེས་སྒོ་གདོང་མཐུ་ཆེན་ལྷ་བཅས་དགོངས་སུ་གསོལ།།སྲིན་པོ་མི་རྐུན་འདུལ་བའི་དུས་ལ་བབ།།འགྲོ་ཀུན་དགྲ་བགེགས་བསྒྲལ་བའི་ལས་མཛོད་ཅིག།ན་ངོ་ཚ་གསུམ་བར་ཆད་མེད་པར་བྱིན་གྱིས་རློབས།།མཆོད།ཨ་མྱེས་སྒོ་གདོང་མཐུ་ཆེན།
དུས་ཐོག་འདི་ལ་ཕེབས་པར་གྱིས།།དེ་རིང་སྲིན་པོའི་མིག་ལེན་དུ་ཤོག།མཆོད།ཨ་མྱེས་སྒོ་གདོང་མཐུ་ཆེན།
ས་ཡི་རྣ་རིང་གི་རྣ་གཅད་དུ་ཤོག།མཆོད།ཨ་མྱེས་སྒོ་གདོང་མཐུ་ཆེན།ཁྱབ་པ་ལག་རིང་གི་ལག་པ་གཅད་དུ་ཤོག
མཆོད།ཨ་མྱེས་སྒོ་གདོང་མཐུ་ཆེན།བདུད་རྗེ་རྐང་མགྱོགས་ཀྱི་རྐང་བ་གཅད་དུ་ཤོག།མཆོད།ཨ་མྱེས་སྒོ་གདོང་མཐུ་ཆེན།
ཁྱབ་པ་མཐུ་ཆེན་གྱི་སྐེད་པ་གཅད་དུ་ཤོགམཆོད།ཨ་མྱེས་སྒོ་གདོང་མཐུ་ཆེན།ཀ་མེད་ཀ་ཙེ་ཡི་མགོ་བོ་གཅད་དུ་ཤོག
ཅེས་དཀྱིལ་གྱི་གོ་རེ་ཆེན་པོ་དེ་ཨ་མྱེས་སྒོ་གདོང་མཐུ་ཆེན་དང་རྗེས་སུ་ཁྱུང་འཕགས་ཁྲ་མོ་རྒྱལ་རོང་དུ་ཕེབས་རྗེས་མཆོད་གསོལ་བྱེད་ཡུལ་དུ་ཁྱུང་འཕགས་ཁྲ་མོ་དང་།མོ་ཟ་རྒྱལ་མོ་སོགས་ལ་རིམ་བཞིན་ལོ་སར་གྱི་མཆོད་པ་འབུལ་སྲོལ་བྱུང་ཡོད་མ་ཟད་དེ་རྣམས་ལ་མཆོད་པ་མཆོད་དེ་ལོ་གཅིག་གི་བྱ་བ་ལེགས་ཉེས་ཡོད་ཚད་ཨ་མྱེས་སྒོ་གདོང་མཐུ་ཆེན་དང་ཁྱུང་འཕལས་ཁྲ་མོ་ལ་བཅོལ་པའི་སྐྱབས་འཇུག་གི་བཤད་པ་སྣ་ཚོགས་ཤིག་འབོད་རྒྱུ་ཡོད་ཀྱང་འདིར་རེ་རེ་བཞིན་བྲིས་མེད།དེ་ནས་གཟའ་ཚང་ལྷན་འཛོམས་ཀྱི་ལོ་སར་རོལ་རྗེས།ཕ་མ་ཀུན་འཛོམས་ལོ་སྙིང་བཟང་པོ་ཅན་གྱི་བུ་ཞིག་གིས་སྡོང་མགོ་མ་བཅད་སའི་སྡོང་པོ་རིང་ཐུང་གཉིས་བཅད་དེ་རིང་པོ་དེ་རྒྱལ་པོའི་ལྷ་མདའ་དང་ཐུང་ཐུང་དེ་བློན་པོ་དང་མི་སེར་གྱི་ལྷ་མདའ་བྱས་ཏེ།རྒྱལ་པོའི་ཆེ་བ་བརྗོད་ཕྱིར་ལྷ་མདའི་སྟེང་དུ་འབྱུང་ལྔའི་དཔུང་རྒྱན་དང་དར་ཚོན་སྣ་ལྔ་འདོགས་ལ།བློན་པོ་དང་མི་སེར་གྱི་ལྷ་མདའི་སྟེང་དུ་དར་ཚོན་སྣ་གཅིག་པུ་ལས་འདོགས་སྲོལ་མེད།ཉིན་དེར་མི་སེར་ཡོད་ཚད་རྒྱལ་པོའི་སྒོ་སྔུན་དུ་རྒྱལ་པོའི་བླ་སྔགས་ཀྱི་གཙོ་བོར་བྱས་ཏེ་འཚོགས་ནས་མདའ་དར་ལག་ལ་འཛིན་ཏེ་བསྐོར་བ་བྱེད་ཞོར་མི་སེར་ཡོངས་ཀྱིས་ཞབས་བྲོ་ཞིག་རྒྱག་དགོས་པའི་ཚིག་ནི་གཤམ་གསལ་ལྟར་ཏེ།ཚེ་ཁུག་གཡང་ཤོགཨ་མྱེས་སྒོ་གདོང་མཐུ་ཆེན།ལོ་ལོ་ཚང་མའི་ཁྱེད་ང་ཡོན་བདག་གི་ཟུར་དུ་ཁྱེད་ཕེབས་དགོས།ཚེ་ཁུག་གཡང་ཤོགཨེ་མྱེས་སྒོ་གདོང་མཐུ་ཆེན།ཉི་མ་ལོ་གཅིག་གི་རིང་ངའི་མདུན་ལམ་ཡོད་ཚད་དཀར་པོ་བྱེད་དགོས།ཨ་མྱེས་སྒོ་གདོང་མཐུ་ཆེན།ཚེ་ཁུག་གཡང་ཤོགཡོན་བདག་ལ་བྱ་བ་ལམ་འགྲོ་ཡག་པོ་ཞིག་བསྟན་དགོས།ཚེ་ཁུག་གཡང་ཤོགཨ་མྱེས་སྒོ་གདོང་མཐུ་ཆེན།ངའི་རྒྱལ་ཁམས་འདིར་ཚེ་རིང་ནད་མེད་ཡོང་དགོས།
ཚེ་ཁུག་གཡང་ཤོགཨ་མྱེས་སྒོ་གདོང་མཐུ་ཆེན།སྐྱུང་ཀ་འབུམ་ཞིག་ཡོང་དུ་ཚེ་རིང་བར་ཤོགཚེ་ཁུག་གཡང་ཤོགཨ་མྱེས་སྒོ་གདོང་མཐུ་ཆེན།ཕོ་རོག་སྟོང་ཕོ་རོག་སྟོང་ཐུབ་བཞིན་དུ་ཚེ་རིང་བར་ཤོགཨ་མྱེས་སྒོ་གདོང་མཐུ་ཆེན།ཚེ་ཁུག་གཡང་ཤོགཤ་བོ་འབུམ་ཐུབ་བཞིན་དུ་ཚེ་རིང་བར་ཤོགཨ་མྱེས་སྒོ་གདོང་མཐུན་ཆེན།ཚེ་ཁུག་གཡང་ཤོགངང་ངུར་ཁྲི་ཐུབ་བཞིན་དུ་ཚེ་རིང་བར་ཤོགཨ་མྱེས་སྒོ་གདོང་མཐུན་ཆེན།ཚེ་ཁུག་གཡང་ཤོགའཇིག་རྟེན་མི་ལུས་བཞིན་དུ་ཚེ་རིང་བར་ཤོགརྒྱལ་གྱི་རྒྱལ་ས་མ་སྟོང་དགོས།ཧུ་ལོ་ཧུ་ལོ་གཡང་ཧུ་ལོ།བློན་གྱི་བློན་ས་མ་སྟོང་རོགས།ཧུ་ལོ་ཧུ་ལོ་གཡང་ཧུ་ལོ།སྡེ་བའི་སྡེ་ས་མ་སྟོང་རོགས།ཧུ་ལོ་ཧུ་ལོ་གཡང་ཧུ་ལོ།ཡང་ཁྱུང་འཕགས་ཁྲ་མོ་ལ་གཡང་འབོད་བཤད་པ།
ལོ་འདི་བཀྲ་ཤིས་ལྷ་ཡི་ལོ་རེད།།
ཁྱུང་འཕགས་རྒྱལ་པོའི་ལོ་རེད།།
ལོ་འདི་ཕྱྭ་གཡང་ནོར་གྱི་ལོ་རེད།།
མོ་ཟ་ལྷ་མོའི་ལོ་རེད།།
ཚེ་ཁུག་ན་ལོ་ཁམས་འདི་ཡིས་ཁུག།
གཡང་ཡོང་ན་ལོ་ཁམས་འདི་ལ་ཡོང་།།གཡང་ཤོགལོ་ཤོགཚེ་ཤོག
དེའི་འཕྲོ་ནས་རྒྱལ་པོའི་བཀའ་ཁྲིམས་བསྒྲགས་སྲོལ་ཡོད་ལ།དེ་རྗེས་དགོན་པའི་བླ་མ་ཚོ་ཡོང་ནས་ཆོས་ཁྲིམས་བསྒྲགས་སྲོལ་ཡོད།དེ་རྗེས་རྒྱལ་པོའི་ལྷ་མདའ་སྒོ་གོང་མར་བཙུགས།བློན་དང་མི་སེར་རྣམས་ཀྱི་ལྷ་མདའ་སྒོ་འོག་མར་བཙུགས་ཏེ།རྒྱལ་པོ་དང་བླ་མ་བློན་པོ་མི་སེར་རྣམས་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་སྒྱེད་པུའི་མཐའ་རིམ་པ་མཐོ་དམན་ཅན་དུ་བཞུགས་ཏེ་སྒྱེད་པུའི་ཐོག་ལ་ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་གསོས་ཕོར་མཚོན་བྱེད་དུ་བ་མ་ཞིག་བཙུགས་ཏེ་ནང་དུ་ནས་ཆང་བཙོས།རྒྱལ་པོ་བློན་པོ་སོགས་ཀྱི་མདུན་མིའི་མང་ཉུང་བྱས་ཏེ་མི་ཉུང་བའི་མདུན་དུ་ཆང་རྫ་ཆུང་ཆུང་དང་།མི་མང་བའི་མདུན་དུ་ཆང་རྫ་ཆེན་པོ་བཞག་ནས་ཆང་འཐུང་ཞོར་ཨ་མྱེས་སྒོ་གདོང་མཐུ་ཆེན་དང་ཁྱུང་འཕགས་ཁྲ་མོའི་གླུ་བྲོ་སྣ་ཚོགས་ཀྱིས་རྩེད་སྒོ་ཕྱེས་ཏེ་རྩེད་རིགས་སྣ་ཚོགས་ཕུན་སུམ་ཚོགས་པ་བྱེད་སྲོལ་ཡོད།བྲོ་བ་དང་གླུ་བ་རྣམས་ཀྱིས་དཀྱིལ་གྱི་ནས་ཆང་ནང་ལ་སོག་དར་བཙུགས་ནས་ཆང་འཐུང་སྲོལ་ཡོད།ཡིན་ནའང་ད་ལྟ་སྔོན་གྱི་ལྟ་བ་ཙམ་ལས་ཕལ་ཆེར་ཉམས་ཚར་བ་མ་ཟད།ལོ་སར་ཡང་བོད་སྤྱི་ཡོངས་ཀྱི་ལོ་སར་ལ་ཕྱིར་ནུར་བྱས་ཡོད།གོང་གི་མཆོད་གསོལ་དག་རྒྱལ་རོང་པའི་སྐད་ཚུར་བསྒྱུར་ཁུལ་བྱེད་པ་ཡིན་པས།ནང་དོན་ཙམ་ལས་ཚིག་ལ་དེ་འདྲ་གཞོལ་མེད།
རྒྱལ་རོང་པས་གླུ་ལེན་བྲོ་རྩེ་བྱེད་སྐབས་ཀྱང་བུད་མེད་རྣམས་ལག་པ་གཅིག་གིས་གཅིག་ལ་འཇུ་རེས་བྱས་ཏེ་ས་མཆོང་གནམ་མཆོང་བྱེད་མི་ཉན་པར་མ་ཟད་བྲོ་རྩེད་དུས་ཀྱང་བྱ་འཕུར་འཕུར་དང་བྱ་འགྲོ་འགྲོ་བྱེད་ནས་རྩེད་སྲོལ་ཡོད།བྲོ་ལའང་།ཨ་མྱེས་སྒོ་གདོང་མཐུ་ཆེན་གྱི་བྲོ།རྒྱལ་རོང་སྲིད་པའི་བྲོ།ཁྱུང་འཕགས་ཁྲ་བོའི་བྲོ།མོ་ཟ་རྒྱལ་མོའི་བྲོ།རྒྱལ་པོ་ཡར་ཆགས་ཀྱི་བྲོ།མི་སེར་བདེ་འཇགས་ཀྱི་བྲོ།བཀྲ་ཤིས་བྲོ།ལྷ་རྒྱལ་བྲོ།གཡང་ལེན་བྲོ།བག་མ་གཏོང་ལེན་གྱི་བྲོ།ཉེ་འབྲེལ་མཛའ་གཤིས་ཀྱི་བྲོ་སོགས་རྒྱལ་རོང་དམངས་སྲོལ་གྱི་རྩེད་རིགས་ཤིན་ཏུ་མང་པོ་ཡོད།
སྟོང་དམག་སྡེ་བའི་རྒན་པོ་སྐད་གྲགས་ཚེ་རིང་གི་བློ་ངོར་ཡོད་པའི་རྒྱལ་རོང་གི་དམངས་གླུ་འགའ་ཡི་གླུ་ཚིག་འདིར་བསྡུས་པ་གཤམ་གསལ།
རྒྱལ་རོང་དམངས་གླུ།
བྱ་འདི་ཡག་པོ་བྱ་རྒྱལ་ཁྱུང་གི་རྒྱུད།།
མི་འདི་ཡག་པོ་ཁྱུང་འཕགས་ཁྲ་མོའི་རྒྱུད།།
རིགས་འདི་ཡག་པོ་བུ་འབོར་ཙ་བཞི་རེད།།
ས་འདི་ཡག་པོ་རོང་ཆེན་ཤོད་ཀྱི་ས།།
མཁར་འདི་ཡག་པོ་དགྲ་བླ་སྟོང་གི་མཁར།།
ཆུ་འདི་ཡག་པོ་ལྷ་གཉན་དམུ་རྡོའི་ཆུ།།
མ་འདི་ཡག་པོ་ལྷ་མོ་མདངས་ལྡན་རེད།།
གནས་འདི་ཡག་པོ་རྒྱལ་ཁག་བཅོ་བརྒྱད་གནས།།
རི་འདི་ཡག་པོ་གབ་ཏོག་ཤེལ་རི་རེད།།
རྒྱལ་རོང་དམངས་གླུ།
ཆུ་གཙང་བོ་རྒྱལ་མོ་རྔུལ་ཆུ་རེད།།
ནང་ཉ་རིགས་གསེར་ཉ་ཁ་སྤྲོད་རེད།།
གནམ་སྔོན་མོ་ལྷ་ཡི་ཕ་ས་རེད།།
ནང་ལྷ་མོ་མདངས་ལྡན་རྒྱལ་མོ་རེད།།
སྟོད་ཞང་ཞུང་ཁྱུང་གི་ཕ་ས་རེད།།
ནང་ཁྱུང་ཆེན་འཕགས་པ་ཁྲ་བོ་རེད།།
རི་མཐོན་པོ་རྒྱལ་མོ་དམུ་རྡོ་རེད།།
ནང་དཔའ་བོ་ལི་སྟོད་གདོང་ནག་རེད།།
རྒྱལ་རོང་དམངས་གཞས།
ཕ་རིའི་རི་འདི་གསེར་གྱི་རི་འགོ་རེད།།
གསེར་གྱི་རི་ལ་གསེར་ཁྲི་སེར་པོ་བཙུགས།།
གསེར་ཁྲིའི་ཐོག་ལ་མི་འདྲ་གཤེན་པོ་བཞུགས།།
ཕ་རིའི་རི་འདི་དངུལ་གྱི་རི་འགོ་རེད།།
དངུལ་གྱི་རི་ལ་དངུལ་ཁྲི་དཀར་པོ་བཙུགས།།
དངུལ་ཁྲིའི་ཐོག་ལ་མི་འདྲ་དཔོན་པོ་བཞུགས།།
ཕ་རིའི་རི་འདི་དུང་གི་རི་འགོ་རེད།།
དུང་གི་རི་ལ་དུང་ཁྲི་དཀར་པོ་བཙུགས།།
དུང་ཁྲིའི་ཐོག་ལ་མི་འདྲ་ཕ་མ་བཞུགས།།
རྒྱལ་རོང་བྲོ་ཚིག
སྲིད་པ་མ་ཆགས་སྲིད་པ་ཆགས།།
དང་པོ་སྲིད་པ་གནམ་ལ་ཆགས།།
གནམ་ལ་སྐར་མ་བཟང་ནས་ཆགས།།
སྲིད་པ་མ་ཆགས་སྲིད་པ་ཆགས།།
གཉིས་པ་སྲིད་པ་བར་ལ་ཆགས།།
བར་ལ་གཟའ་སྐར་བཟང་ནས་ཆགས།།
སྲིད་པ་མ་ཆགས་སྲིད་པ་ཆགས།།
གསུམ་པ་སྲིད་པ་ས་ལ་ཆགས།།
ས་ལ་དུས་ཚོད་འཇམ་ནས་ཆགས།
རྒྱལ་རོང་དམངས་གཞས།
སེར་པོ་གསེར་གྱི་རི་ལ།།
ང་ཡི་བོན་པོ་བརྒྱ་འདི་འཚོགས་ས་དགོས།།
རིག་འཛིན་བརྒྱ་ཡི་རི་མོ་བཀྲ།།
མཁའ་འགྲོ་བརྒྱ་ཡི་ཡོན་ཆབ་བཤམས།།
དཀར་པོ་དངུལ་གྱི་རི་ལ།།
ང་ཡི་དཔོན་པོ་བརྒྱ་འདི་འཚོགས་ས་དགོས།།
དཔའ་བོ་བརྒྱ་ཡིས་བྲོ་རེ་འཁྲབ།།
དཔའ་མོ་བརྒྱ་ཡིས་གླུ་རེ་ལེན།།
སྔོན་པོ་གཡུ་ཡི་རི་ལ།།
ང་ཡི་ཕ་མ་བརྒྱ་འདི་འཚོགས་ས་དགོས།།
ཕ་མ་བརྒྱ་ཡིས་གཡང་འབོད་བྱེད།།
མི་སེར་སྟོང་གིས་མདའ་དར་ལེན།།
རྒྱལ་རོང་གི་དམངས་གླུ།
ལུང་པ་ཡག་པོ་གསེར་གཤོངས་ལུང་པ་རེད།།
བླ་མ་བཟང་པོ་དགུང་ལོ་ཆུང་ཆུང་རེད།།
ཆོས་གོས་ཤམ་ཐབས་དར་བེར་གྱོན་པ་རེད།།
ཌ་རུ་སིལ་སྙན་སྤང་ཐང་མེ་ཏོག་རེད།།
ལུང་པ་ཡག་པོ་དངུལ་གཤོངས་ལུང་པ་རེད།།
དཔོན་པོ་བཟང་པོ་དགུང་ལོ་ཆུང་ཆུང་རེད།།
གོས་ཅན་འབྲུས་རིས་དར་བེར་གྱོན་པ་རེད།།
མདའ་གཞི་མཚོན་ཆ་སྤང་ཐང་མེ་ཏོག་རེད།།
ལུང་པ་ཡག་པོ་གཡུ་གཤོངས་ལུང་པ་རེད།།
ཕ་མ་བཟང་པོ་དགུང་ལོ་ཆུང་ཆུང་རེད།།
ལུ་གུ་ཚར་རུ་དར་བེར་གྱོན་པ་རེད།།
བྱུ་རུ་སྤོས་ཤེལ་སྤང་ཐང་མེ་ཏོག་རེད།
རྒྱལ་རོང་དམངས་སྲོལ་བྲོ་ཚིག
བཀྲ་ལ་ཤིས་པར་ཤོག
ཡར་ལ་མཆོད་པ་འབུལ།།
གངས་ཐོག་མཐོན་པོ་འདུག་ས་བཀྲ་ཤིས་ས་ཆ་རེད།
སེང་གེ་དཀར་མོ་འདུ་ས་བཀྲ་ཤིས་ནོར་བུ་རེད།།
གཡུ་རལ་ཡག་མོ་འདུས་ས་བཀྲ་ཤིས་རྒྱུན་ཆགས་རེད།།
བཀྲ་ལ་ཤིས་པར་ཤོག
ཡར་ལ་མཆོད་པ་འབུལ།།
བྲག་ཐོག་མཐོན་པོ་འདུག་ས་བཀྲ་ཤིས་ས་ཆ་རེད།།
ཐང་དཀར་རྒོད་པོ་འདུ་ས་བཀྲ་ཤིས་ནོར་བུ་བཞུགས།།
གཤོག་སྒྲོ་ཡག་མོ་འདུས་ས་བཀྲ་ཤིས་ནོར་བུ་རེད།།
བཀྲ་ལ་ཤིས་པར་ཤོག
ཡར་ལ་མཆོད་པ་འབུལ།།
གྲོང་ཁྱེར་ཆེན་པོ་འདུག་ས་བཀྲ་ཤིས་ས་ཆ་རེད།།
ཕ་མ་བཟང་པོ་བཞུགས་ས་བཀྲ་ཤིས་ནོར་བུ་བཞུགས།།
མི་སེར་བཟང་པོ་འདུས་ས་བཀྲ་ཤིས་རྒྱན་ཆ་རེད།།

རྒྱལ་རོང་དམངས་གླུ།

སྔ་མོའི་ཉི་མ་རི་ལ་ཤར།།
རི་གསེར་ཡག་རྨད་གོས་གྱོན་འདྲ་རེད།།
ཉི་གཞུང་ཉི་མ་བྲག་ལ་ཤར།།
བྲག་ཁ་ཡག་པོ་ཏི་བརྩིགས་འདྲ་རེད།།
ཕྱོ་དྲོ་ཉི་མ་ཆུ་ལ་ཤར།།
ཆུ་སྤང་ཆེན་ཡོན་ཆབ་བཤམས་འདྲ་རེད།།
རྒྱལ་རོང་དམངས་གླུ།
གསེར་སེར་པོ་གསེར་གྱི་ལ་ཐོག་ལ།།
གསེར་སེར་པོ་གསེར་གྱི་གཡང་ཁང་བཙུགས།
གསེར་གཡང་ཁང་འཛུགས་མཁན་གཤེན་པོ་རེད།།
རྗེ་གཤེན་པོ་བོན་སྐྱོང་རང་འཁོར་རེད།།
དངུལ་དཀར་པོ་དངུལ་གྱི་ལ་ཐོག་ལ།།
དངུལ་དཀར་པོ་དངུལ་གྱི་གཡང་ཁང་བཙུགས།།
དངུལ་གཡང་ཁང་འཛུགས་མཁན་བོན་པོ་རེད།།
གོང་དཔོན་པོ་སྒྲ་བླ་རང་འཁོར་རེད།།
གཡུ་སྔོན་པོ་གཡུ་ཡི་ལ་ཐོག་ལ།།
གཡུ་སྔོན་པོ་གཡུ་ཡི་གཡང་ཁང་བཙུགས།།
གཡུ་གཡང་ཁང་འཛུགས་མཁན་ཕ་མ་རེད།།
དྲིན་ཕ་མ་བསོད་ནམས་རང་འཁོར་རེད།།
རྒྱལ་རོང་དམངས་གླུ།
དགུང་ཨ་སྔོན་མཆོད་ཁང་ཁྲ་མོ་རེད།།
གསེར་ཉི་ཟླ་མཆོད་པ་བཤམས་འདྲ་རེད།།
སྤྲིན་འཇའ་ཚོན་མར་རྒྱན་བཏགས་འདྲ་རེད།།
བྲག་ཁ་ཡག་མཆོད་ཁང་ཁྲ་མོ་རེད།།
རྒོད་ཐང་དཀར་མཆོད་པ་བཤམས་འདྲ་རེད།།
སྒྲོ་གཤོག་སྒྲོ་མར་རྒྱན་བཏགས་འདྲ་རེད།།
གྲོང་རྒྱས་གྲོང་མཆོད་ཁང་བཤམས་འདྲ་རེད།།
དྲིན་ཕ་མ་མཆོད་པ་བཤམས་འདྲ་རེད།།
རྒྱུད་མིང་སྲིང་མར་རྒྱན་བཏགས་འདྲ་རེད།།
རྟེན་འབྲེལ་བཅུ་གཉིས།
(བག་མ་གཏོང་ལེན་སྐབས་ཀྱི་བཤད་པ)
ལྷ་དང་བོན་པོ་གཉིས་ཀྱི་འབྲེལ་བ།
བཀའ་ལུང་དབང་གསུམ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
བུམ་པ་དང་ཁ་རྒྱན་གཉིས་ཀྱི་འབྲེལ་བ།
རྨ་བྱའི་ཐིག་ལེ་ནང་དུ་འཇའ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
གངས་དང་སེང་གེ་གཉིས་ཀྱི་འབྲེལ་བ།
སེང་དཀར་མོའི་གཡུ་རལ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
བྲག་དང་ཐང་དཀར་གཉིས་ཀྱི་འབྲེལ་བ།
ཐང་དཀར་གཤོག་སྒྲོ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
ཡོན་བདག་དང་སྒྲུབ་གཤེན་གཉིས་ཀྱི་འབྲེལ་བ།
ཇ་ཆང་འདོད་ཡོན་མ་ཆད་པར་བཀྲ་ཤིས་པའི་རྟེན་འབྲེལ།
མར་མེ་དང་རྒྱལ་མཚན་གཉིས་ཀྱི་འབྲེལ་བ།
འབྲི་མར་སེར་པོའི་མར་ཁུ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
སྒང་དང་ལ་བཙས་གཉིས་ཀྱི་འབྲེལ་བ།
དར་ཚོན་སྣ་ལྔའི་རླུང་རྟ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
སྤང་དང་མེ་ཏོག་གཉིས་ཀྱི་འབྲེལ་བ།
དབྱར་ཟླ་གསུམ་གྱི་ཆར་ཆུ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
ཆུ་དང་ཟམ་པ་གཉིས་ཀྱི་འབྲེལ་བ།
བརྒྱ་བརྒྱ་སྟོང་སྟོང་འགྲོ་ལམ་མ་ཆད་པར་བཀྲ་ཤིས་པའི་རྟེན་འབྲེལ།
ཆུ་དང་འོ་མ་གཉིས་ཀྱི་འབྲེལ་བ།
མཛོ་མོ་དཀར་མོ་བཞོ་ལམ་མ་ཆད་པར་བཀྲ་ཤིས་པའི་རྟེན་འབྲེལ།
བུ་དང་བུ་མོ་གཉིས་ཀྱི་འབྲེལ་བ།
དཔའ་བོ་དཔའ་མོའི་སྐྱེ་རྒྱུན་མ་ཆད་པར་བཀྲ་ཤིས་པའི་རྟེན་འབྲེལ།
རྟ་ཕོ་དང་གསེར་སྒ་གཉིས་ཀྱི་འབྲེལ་བ།
སྒ་མགོ་ལ་འཇའ་མ་ཉམས་པར་བཀྲ་ཤིས་པའི་རྟེན་འབྲེལ།
རྒྱན་ཆ་འདོགས་ལེན་གྱི་བཤད་པ།
ཕ་རྒྱུད་མི་འདྲ་ཕ་དཀར་པོ་དུང་གི་རྒྱུད་པ།
དུང་དཀར་པོར་རྡོ་དཀར་མ་འདྲེས་པར་བཀྲ་ཤིས་པའི་རྟེན་འབྲེལ།
མ་རྒྱུད་མི་འདྲ་མ་སྔོན་མོ་གཡུ་ཡི་རྒྱུད་པ།
གཡུ་སྔོན་མོར་རྡོ་ནག་མ་འདྲེས་པར་བཀྲ་ཤིས་པའི་རྟེན་འབྲེལ།
ཁ་བཏགས་སྦྱིན་ལེན་གྱི་བཤད་པ།
ཕ་རྒྱུད་མི་འདྲ་ཕ་ཙན་དན་གྱི་རྒྱུད་པ།
ཙན་དན་སྤོས་ཀྱི་རྒྱུད་པ།སྤོས་དྲི་ཞིམ་གྱི་རྒྱུད་པ།
མ་རྒྱུད་མི་འདྲ་མ་ཆུ་ཤེལ་གྱི་རྒྱུད་པ།
མ་ཆུ་ཤེལ་བདུད་རྩི་ཡི་རྒྱུད་པ།བདུད་རྩི་སྨན་གྱི་རྒྱུད་པ།
ལྷག་པར་རྒྱལ་རོང་གི་རྫ་ཆས་ལའང་ལོ་རྒྱུས་རང་བཞིན་གྱི་ཆ་མང་པོ་འཛོམས་ལ་དཔེར་ན་ཕྱོགས་བཞི་རྫ་མ་ལྟ་བུ་ལ་ཕྱོགས་བཞི་ནས་རྭ་ལྟ་བུ་བཞི་ཡོད་ལ་ཁོ་ཚོས་བཤད་ན་དེ་ནི་བུ་འབོར་གཡུང་དྲུང་བུ་བཞིའི་མཚོན་རྟགས་དང་དཀྱིལ་ནས་རྫ་མའི་མཆི་ཡར་འབུར་བ་དེ་རྒྱལ་མོ་དམུ་རྡོའི་མཚོན་བྱེད་དང་།རྫ་མ་ཐག་སྐུད་ཀྱིས་གཡུང་དྲུང་གི་རི་མོས་གཡོགས་པ་དེ་མི་འགྱུར་གཡུང་དྲུང་གི་མཚོན་དོན་ཡིན་ཟེར།ལོ་རྒྱུས་ཀྱི་དུས་ཡུན་བཤད་ནའང་འདི་ནི་མོ་ཟ་རྒྱལ་མོའི་དུས་རབས་སུ་འདེད་རྒྱུ་ཡོད་པ་ཞིག་རེད།ཡང་དོ་རུ་རྫ་མའི་ལུང་ཆུ་སྲིན་གྱི་གཟུགས་སུ་བཟོ་ལ།མཆི་དོ་འབྲུག་གི་གཟུགས་དབྱིབས་སུ་བཟོ།ཁ་ལེབ་གནམ་དུ་བྱས་ཏེ་དེའི་སྟེང་ལ་འཁོར་ལོ་རྩིབས་བརྒྱད་ཀྱི་རི་མོ་ཕབ་ཡོད།རྐུབ་ས་རུ་བྱས་ཏེ་རི་མོར་པད་འདབ་བརྒྱད་ཕབ་ཡོད།ལྟོ་བ་དྭངས་ཤིང་གཙང་བ་ཞིག་ཏུ་བཟོ་ལ་དེ་ནི་རྒྱལ་མོ་དངུལ་ཆུའི་མཚོན་དོན་ཡོད།དེའི་མཚོན་དོན་གཙོ་བོ་ནི་རྒྱལ་མོ་དངུལ་ཆུ་ནི་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པད་མ་འདབ་བརྒྱད་ཀྱི་བར་ནས་བཞུར་བ་མཚོན་ལ།ཆུ་སྲིན་གྱིས་ཆུ་ཡི་མཛོད་མཚོན་ལ།འབྲུག་གི་ཁ་ལས་ཆུ་འབབ་པས་མཆི་ལ་འབྲུག་གཟུགས་བཏོད་པ་དེའི་མཚོན་དོན་ནོ།།
སྦལ་དེམ་རྫ་མའི་ངོ་ལ་རི་སྦལ་གྱི་གཟུགས་ཕབ་ཡོད་ལ་རི་སྦལ་གྱི་ལག་ནང་དུ་མཆོད་རྟེན་ཡོད་ས་དང་།མེ་ཏོག་ཡོད་ས།
དུང་དཀར་ཡོད་ས་བཅས་མ་ངེས་པ་ཞིག་རེད།དེའི་མཚོན་དོན་ནི་ལོ་ཀུན་ཐུབ།ཟླ་བ་ཀུན་ཐུབ།ཞག་ཀུན་ཐུབ་སོགས་ཀྱི་མཚོན་དོན་ཡིན་པར་བཤད།དེ་ཡང་དབྱིབས་ཀྱི་ངོས་ནས་བཤད་ན་གཙོ་བོ་ཁྱུང་གི་གཟུགས་སུ་ཡོད་ལ་དེ་ནི་རྒྱལ་རོང་པ་ཚོ་རི་གཉན་དང་བྲག་གཉན་ཆུ་གཉན་སོགས་ས་གང་དུ་སོང་ཡང་རྫ་མ་དེ་ཁུར་ནས་སོང་ན་གནོད་པའི་རྐྱེན་གང་གིས་མི་ཚུགས་པའི་སྲུང་འཁོར་ལྟ་བུ་ཞིག་ཏུ་བརྩིས་ནས་ཡོད།རྫ་མ་དེར་ཕར་བལྟས་ཚོད་ཀྱིས་ཁྱུང་གཟུགས་ཤིག་ཏུ་གྲུབ་ཡོད་པར་འདི་ནི་ཁྱུང་འཕགས་ཁྲ་མོ་དང་འབྲེལ་བ་ཧ་ཅང་དམ་ཟབ་ཅན་ཞིག་ཏུ་བཤད་རྒྱུ་ཡོད།ཁྱུང་དེམ་རྫ་མའི་ངོ་ལ་ཨ་མྱེས་སྒོ་གདོང་མཐུ་ཆེན་ཐེའུ་བརྒྱབ་ཡོད་ལ།བཤད་རྒྱུན་དུ་རྫ་མ་གཞན་པའི་ནང་གི་ཆང་དང་ཁྱུང་དེམ་ནང་གི་ཆང་གི་བྲོ་བ་དང་ནུས་པ་མི་འདྲ་ཞེས་ཁྱུང་དེམ་རྫ་མའི་ནང་གི་ཆང་དགའ་བོ་ཞིག་ལ་རྩི་བཞིན་ཡོད།རྫ་དབྱིབས་ནི་ཁྱུང་གཟུགས་ཤིག་ཏུ་གྲུབ་ཡོད།ཡང་ཁྱུང་དེམ་རྫ་མ་གཞན་ཞིག་ལ་ཁྱུང་གཤོག་དང་ཁྱུང་གི་ནུ་མ་ཁྱུང་གི་ཕོ་མཚན་སོགས་བཏོད་ཡོད་ལ།རྫ་མ་དེ་ཁྱིམ་ལ་ཡོད་ན་བྱིས་པ་ཧ་ཅང་མཛེས་པོ་སྐྱེ་ཞེས་པའི་བཤད་རྒྱུན་ཡོད།དེ་ལྟར་མ་ཟད་རྫ་མ་འདི་ཁྱིམ་ལ་ཡོད་ན་བྱིས་པ་མེད་པའི་ཁྱིམ་ཚང་ལ་བྱིས་པ་སྐྱེ་བ་བུ་མེད་པའི་ཁྱིམ་ཚང་ལ་བུ་སྐྱེ་བར་བཤད་ཐུབ།བཤད་རྒྱུན་ལ་འདི་ནི་ཁྱུང་འཕགས་ཁྲ་བོས་བྱིན་རླབས་ཐེབས་པའི་རྫ་མ་ཞིག་ཏུ་བཤད་སྲོལ་ཡོད།བྱ་ཁྲ་མ་ལ་དཔེར་བླངས་ཏེ་བཟོས་པའི་བྱ་ཁྲ་མ་ནི་གནའ་སྔ་མོ་རྒྱལ་རོང་པ་ཚོས་ནམ་ཚོད་བྱ་སོགས་ལ་བརྟེན་ནས་འཛིན་པའི་སྐབས་སུ་བཟོ་འགོ་དར་བའི་རྫ་མ་ཞིག་ཡིན་པའི་བཤད་རྒྱུན་ཡོད།
   རྒྱལ་རོང་སྐད་དུ་དུབ་རས་རྫ་མ་ནི་ཁྱུང་གཟུགས་ཤིག་ཏུ་གྲུབ་ཡོད་ལ།རྐུབ་པད་མ་འདབ་བརྒྱད།ལྟོ་བ་བཀྲ་ཤིས་རྟགས་བརྒྱད།སྐེ་ལ་ཁྱུང་ཆེན་རིགས་ལྔ།ལུང་ཚེར་མའི་མེ་ཏོགལུང་མགོ་གླང་ཆེན་ནོར་ཁུར།ནང་དུ་ནས་འབྲུ་སོ་ལྔའི་ཐོག་ཏུ་སྨྱུག་རྒོད་ཚིགས་གསུམ་དེ་ལ་ཁ་དོག་སྣ་ལྔའི་དར་ཚོན་སྣ་ལྔ་སོགས་ཡོད་ལ།དེ་ལའང་ཆེ་ཆུང་སྣ་ཚོགས་ཤིག་ཡོད།དེ་མིན་བྱ་བྱེའུ་འདྲ་མིན་ལ་དཔེ་བླངས་ཏེ་བཟོས་པའི་རྫ་མ་སྣ་ཚོགས་བགྲང་ལས་འདས་པ་རྒྱལ་རོང་གི་ཡུལ་ལུང་ཀུན་ཏུ་ཡོད་ལ་དེ་དག་གི་བཟོ་རྩལ་གྱི་ཆའང་ཕུན་སུམ་ཚོགས་པ་ཞིག་ཏུ་གྲུབ་ཡོད།ད་དུང་ས་བདག་བུམ་པ་དང་མཆོད་རྟེན་རྫ་མ་སོགས་མང་ལ་དེ་ལས་ས་བདག་བུམ་པ་ནི་ས་པད་མ་འདབ་བརྒྱད་མཚོན་དོན་ལ་རྫ་མའི་ལྟེ་བ་པད་མ་འདབ་མ་བརྒྱད་འབུར་ཡོད་ལ།དེ་ནི་ཁྱུང་འཕགས་ཁྲ་མོའི་དུས་ལ་འཁྲུགས་བཅོས་བྱེད་སྤྱད་དེ་ས་བདག་གཏེར་དཀྲུགས།ས་བདག་གཉན་ལམ།ས་བདག་དབང་ཆེན་སོགས་ཀླུ་གཉན་ས་བདག་ལ་གཏོ་བཅོས་བྱེད་པའི་སྐབས་སུ་མཁོ་བའི་ཡོ་ཆས་ཕུན་སུམ་སོགས་པ་ཞིག་ལ་འཇོག་སྲོལ་ཡོད།མཆོད་རྟེན་རྫ་མ་ནི་མཆོད་རྟེན་གྱི་དབྱིབས་བཞིན་དུ་བཞེངས་པའི་རྫ་བུམ་ལ་ཟེར།
  སྐྱུང་ཀ་རྫ་མ་ནི་རྒྱལ་རོང་ལོ་རྒྱུས་དང་ཧ་ཅང་ཉེ་བ་ཞིག་སྟེ་གོང་དུ་གསལ་བའི་ཨ་མྱེས་སྒོ་གདོང་གི་བསྟན་སྲུང་ནི་མུ་བདུད་འབྱམ་པ་ཁྲག་མགོ་ཡིན་པ་ལྟར་སྐྱུང་ཀའི་རྫ་མའང་དེ་དང་འབྲེལ་ཡོད་དེ་བསྟན་པའི་ཁ་འཛིན་དུ་དཔེ་བླངས་ཏེ་བཟོས་པས་ལོ་རྒྱུས་ཀྱི་བྱུང་བ་སྔ་བའོ།།
ཨ་མྱེས་སྒོ་གདོང་གི་ལྷམ་ལ་དཔེ་བླངས་པའི་རྫ་མ་འདི་ནི་གཙོ་བོ་ཨ་མྱེས་སྒོ་གདོང་མི་བརྗེད་པའི་དྲན་གསོ་ཞིག་ཏུ་བཤད་ཀི་ཡིན་པ་དང་ཨ་མྱེས་སྒོ་གདོང་ལྟ་བུའི་མྱི་སྟ?r??བས་པོ་ཆེ་ཞིག་གིས་རི་མཐོ་ལུང་ཟབ་ཏུ་གནས་པའི་རྒྱལ་རོང་པར་མྱུལ་ཏེ་རྒྱལ་རོང་བདེ་ལ་བཀོད་པའི་ལོ་རྒྱུས་ཀྱི་བྱུང་བ་ཞིག་གོཔད་དེམ་རྫ་མའི་བྱུང་བའང་ཨ་མྱེས་སྒོ་གདོང་དང་འབྲེལ་བ་ཡོད་པ་ཞིག་སྟེ་སྔོན་ཨ་མྱེས་སྒོ་གདོང་རྒྱལ་རོང་དུ་ཕེབས་སྐབས་རྒྱལ་རོང་ཡུལ་གྱི་མི་བདེ་འཁྲུགས་རྩོད་ནད་གདོན་འབྱུང་བོ་ལ་སོགས་དབང་ལ་ཁུག་བྱེད་ཀྱི་རྐྱལ་བ་ཞིག་ཡོད་པར་དེ་ལ་དཔེ་བླངས་ཏེ་བཟོས་པ་ཞིག་ཡིན་པའི་ངག་རྒྱུན་ཡོད།པུ་ཤུད་རྫ་མ་ནི་རྒྱལ་རོང་བ་རྣམས་ར་ལུག་འཚོ་སར་འཁྱེར་ནས་འགྲོ་བའི་རྫ་མ་སྟབས་བདེ་ཞིག་སྟེ་ནང་དུ་མྱེ་འབུད་ནས་ཇ་སོགས་སྐོལ་ས་ཞིག་ཡིན།ས་ཅན་དང་རྡོ་ཅན་གྱི་རིགས་ནི་གཙོ་བོ་མོ་ཟ་རྒྱལ་མོའི་དུས་སུ་སྤྱོད་པའི་འཚོ་བའི་ཡོ་ཆས་ཡིན།རྒྱལ་རོང་པའི་བཤད་རྒྱུན་ལྟར་ན་རྒྱལ་རོང་གི་བཟོ་ལས་ཐོན་ཁུངས་ཀྱི་ཐོག་མར་བཟོ་རྒྱལ་གར་མ་ལི་ཤོ་ནས་དར་བར་བཤད།རྗེས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དར་བ་ནས་བཟོ་ལས་ལག་རྩལ་གྱི་རྒྱ་ཡངས་དར་རྒྱས་ཅན་དུ་སོང་སྟེ་ལི་ཟངས།ལི་སྐུ།ལི་ཅན།ལི་བ།ལི་ཐེབ།ལི་རྫ།ལི་སྦུབས།ས་རྫ།ས་ཅན།རྡོ་ཟངས།རྡོ་ཅན།རྡོ་རྫ་སོགས་ཏེ་གསེར་ཟངས་ལྕགས་ཀྱི་བཟོ་ལས་ཐོན་སྐྱེད་ཀྱང་གོང་ལྟར་ཤིན་ཏུ་རྒྱས་ཡོད།དེ་ལྟར་དར་རྒྱས་ཅན་དུ་སོང་བར་བསྟུན།ཡང་གོང་དུ་གསལ་བའི་ལྷ་ཆས་རྣམས་ཀྱང་ཁྱུང་འཕགས་ཁྲ་མོའི་དུས་རབས་ནས་དར་འགོ་བཟུང་བར་མ་ཟད་ལི་རིགས་བཟོ་རྩལ་གྱི་ཐོན་ཁུངས་གཙོ་བོ་རྗེས་སུ་བཙན་ལྷ་རྒྱལ་ཁག་ཏུ་དར་རྒྱས་ཅན་དུ་སོང་བ་ཞིག་ཡིན་པ་དང་།དེང་གི་དུས་ཀྱི་བོད་ཀྱི་ཡུལ་ལུང་གང་སར་གནས་རྫས་སུ་གྱུར་པའི་ལྷ་ཆས་རིགས་མང་པོ་ཞིག་རྒྱལ་རོང་ནས་ཡོང་བ་ཡིན་པས་གསལ་བཤད་ཐུབ་པ་ཞིག་རེད།རབ་བརྟན་རྒྱལ་པོས་རྒྱལ་ཕྲན་རྣམས་ལ་ལས་བགོས་བྱས།དཔེར་ན་བཙན་ལྷ་རྒྱལ་པོ་ལ་ལི་རིགས་ཀྱི་བཟོ་ལས་ལས་བགོས་བྱས་ཏེ་དེང་སང་ཡང་བཙན་ལྷ་ནས་ཕུད་པའི་ལི་རིགས་ཀྱི་མཆོད་ཆ་དང་འཚོ་བའི་ཡོ་བྱད་རིགས་སྣ་ཚོགས་མ་ཉམས་པར་ཡུལ་གྲུ་སོ་སོ་ནས་མཐོང་རྒྱུ་ཡོད།དཔེར་ན་བཙན་ལྷ་སྦུབས་ཆེན།བཙན་ལྷ་མཁར་རྔ་སོགས་ལྟ་བུ་རེད།
   དགེ་ཤིས་རྒྱལ་པོ་ཕྱོགས་ནས་རྡོ་ཆས་སྣ་ཚོགས་ཀྱི་བཟོ་ལས་དར་བ་དང་།རབ་བརྟན་ཕྱོགས་དང་ཝིན་ཁྲོན་ཕྱོགས་ནས་ས་ཆས་སྣ་ཚོགས་ཀྱི་བཟོ་ལས་དར།ད་དུང་རྒྱལ་ཁག་རེ་འགའ་ནས་ཤོག་བུ་བཟོ་ལས་སོགས་དར་ཏེ་རྒྱལ་རོང་གི་བཟོ་ལས་སྣ་ཚོགས་ཆེས་སྔ་མོའི་དུས་ནས་དར་བ་མ་ཟད་དར་ཁྱབ་ཆེན་པོ་སོང་ཡོད་པར་བོད་ཀྱི་ས་ཕྱོགས་ཡུལ་ལུང་ཁག་དག་ཏུ་རྒྱལ་རོང་ནས་ཐོན་པའི་སྦུབས་ཆོལ་མང་པོ་མཐོང་རྒྱུ་ཡོད་པ་དེས་མཚོན་པ་ཞིག་རེད།
སྨྲས་པ།
 དཔྱོད་ཤེས་ངག་གི་འོད་ཀྱི་ཟེར་མ་རེར།།
 རྒྱལ་མོ་རོང་གི་བྱུང་རབས་སྟོང་ལས་འདས།།
 རིག་སྣང་རྒྱལ་པོའི་རྐང་བའི་དྲོད་རླངས་ལས།།
 ཡ་ཐོག་སྒོ་ང་དཀར་ནག་ཁྲ་གསུམ་བཞད།།
 
 ངག་གི་རྒྱུན་མ་རྔུལ་ཆུའི་དབྱངས་ལ་ཕྱོགས།།
 ལོ་རྒྱུས་སྒྲོམ་བུ་དམུ་རྡོའི་གཏོས་སུ་འབར།།
 དེ་ལས་བླངས་པའི་ཤོད་ཆེན་བྱུང་རབས་ལ།།
 འགལ་འཁྲུལ་མཆིས་ཚེ་མཐོལ་བཤགས་སྙིང་ནས་ཞུ།།
མཇུག་གཏམ།
ཀློག་མཁན་ལགས།ངས་བྲིས་པའི《རྒྱལ་མོ་རོང་མོ་ཟ་རྒྱལ་མོའི་ཀུན་གསལ་མེ་ལོང》སོགས་གཙོས་པའི་རྒྱལ་རོང་དང་འབྲེལ་བའི་བདག་གི་དེབ་འདི་རིགས་ནི་༡༩༨༦ལོ་ནས་ད་བར་དཀའ་བ་ཕྲག་ཏུ་བླངས་ཏེ་ད་གཟོད་གྲུབ་པ་ཡིན་པས།འདི་ནི་རྒྱལ་རོང་པ་ལ་དངོས་སུ་འབྲེལ་འདྲེས་བྱས་ཤིང་།དངོས་སུ་བཅར་ཏེ་ངག་རྒྱུན་འཚོལ་སྡུད།རིག་གནས་བཙལ་འཚོལ།ཡུལ་དངོས་པར་བསྐྱོན།ལོ་རྒྱུས་དཔྱད་འཇོག་གི་རྣམ་གྲངས་མང་པོ་མང་པོ་ཞིག་བརྒྱུད་པའི་མཐའ་མར་ད་གཟོད་དེབ་འདི་དག་བཞེངས་སྐྲུན་བྱེད་ཨེ་ཐུབ་བལྟས་པ་ཡིན།སྤྱིར་རྒྱལ་རོང་པ་ལ་མཚོན་ན།ལོ་རྒྱུས་ཀྱི་ཕུགས་རིང་ཞིང་རིག་གནས་ཀྱི་རྫོང་བརྩན་པ་ཞིག་ཡིན་མོད།ད་ལྟ་བཤད་ནས་ཡོང་ན་མོ་ཟ་རྒྱལ་མོ་དང་འབྲེལ་བའི་ལོ་རྒྱུས་བྱུང་རིམ་འབྲི་བ་ནི་ཆེས་དཀའ་ཁག་ཆེ་བའི་ལོ་རྒྱུས་བྱུང་བ་ཞིག་སྟེ་འདི་ནི་ངག་རྒྱུན་འཚོལ་སྡུད་ལ་ཐེད་ཀར་གཞི་བཅོལ་བ་ལས་ལོ་རྒྱུས་ཡིགཐོག་ལ་མོ་ཟ་རྒྱལ་མོའི་མཚན་གྱི་ཟུར་ཙམ་ལས་ཅི་ཡང་མེད་པ་དེ་རེད།བདག་ལ་མཚོན་ན་ལོ་རྒྱུས་ཀྱི་བྱུང་རིམ་རྩེན་ཞིང་།རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན་པའི།རྒྱལ་རོང་རིག་གནས་སྔོག་འདོན་བྱེད་པ་ཆེས་རྩ་ཆེ་ཞིང་དོན་གྱི་གནས་བབ་ཧ་ཅང་གི་འགངས་ཆེན་ཞིག་ཏུ་བརྩིས་ཡོད།
  དེའི་རྒྱུ་མཚན་དཔེར་ན་བོད་སྡེ་བ་གཞུང་གིས་སྔོན་ཆད་རྒྱལ་རོང་གི་གནའ་ཡིག་རྣམས་སྐད་གསར་བཅད་ལུགས་སུ་བསྒྱུར་མཁན་མི་མང་པོ་བཏང་ཡང་།ད་ལྟ་སྐབས་དེ་དུས་ད་དུང་བསྒྱུར་མ་ཐུབ་པའི་ཡི་གེ་ཧ་ཅང་མང་པོ་བཙལ་རྒྱུ་ཡོད་པས་འདི་དག་ནི་བོད་ཀྱི་གདོད་མའི་རིག་གནས་དང་གདོད་མའི་ལོ་རྒྱུས་རྙེད་པ་ལ་མེད་དུ་མི་རུང་བ་ཞིག་ཏུ་སེམས་རུང་བས་ང་ཚོས་རྒྱལ་རོང་རིག་གནས་སྔོག་པ་ནི་བོད་ཀྱི་རིག་གནས་སྔོག་པ་ཡིན་པས་འདི་ཡི་ཕྱོགས་ལ་སྤྲོ་སྣང་ཡོད་མཁན་གྱི་བོད་མི་ཤེས་ལྡན་པ་ཚོས་དུས་ཚོད་དམ་འཛིན་བྱེད་རྒྱུ་ནི་ཧ་ཅང་གི་གལ་ཆེ་བ་ཞིག་ཏུ་སེམས།
  དེའི་ཕྱིར་རྒྱལ་རོང་རིག་གནས་སྔོག་འདོན་དང་།ལོ་རྒྱུས་དཔྱད་འཇོག་གི་ཕྱིར་དུ་རྒྱལ་རོང་གི་ཡུལ་ལུང་ཀུན་ནས་ལོ་རྒྱུས་དཔྱད་འཇོག་ལ་རིན་ཐང་ཡོད་པའི་རྒྱལ་རོང་དུ་ལྷག་པའི་ཡིག་རྙིང་རྣམས་གཙོས་པའི་གནའ་རྫས་རྣམས་གཞན་ལག་ལ་ཤོར་དུ་མ་བཅུགས་པར་དཀའ་བ་ཚེགས་དང་སྒོར་ཁྲི་ཕྲག་མང་པོས་འགྲོ་སོང་གཏང་སྟེ་བསྡུ་ཉར་བྱེད་ཅུ་ཐུབ་བྱས་དང་བྱེད་བཞིན་པའི་སྒང་ཡིན།ཡང་གཅིག་དེབ་འདིའི་ནང་དུ་སྔོན་ཆད་བདག་གིས་བྲིས་མྱོང་བའི་མོ་ཟ་རྒྱལ་མོ་དང་འབྲེལ་བ་ཡོད་པའི་ཟུར་མང་པོ་ཞིག་ཡི་གེ་ལ་བཟོ་བཅོས་ཅུང་རེ་འཐེབས་པ་ལས་རྩ་བའི་ཆ་ནས་ཚུར་བྱས་ཡོད།འདི་དག་བཤད་དགོས་པའི་རྒྱུ་མཚན་རྒྱལ་རོང་ནི་བོད་ཀྱི་ཡུལ་ལུང་གཞན་ལས་ཁྱད་དུ་འཕགས་པའི་ལོ་རྒྱུས་ཀྱི་བྱུང་རིམ་སྔ་བ་ཞིག་ཡིན་པར་མ་ཟད་གནའ་བོའི་ཞང་ཞུང་དང་རྒྱལ་རོང་གི་བར་གྱི་རིག་གནས་ཀྱི་འབྲེལ་བའང་ཧ་ཅང་གི་གཏིང་ཟབ།ད་ལྟ་བོད་ཀྱི་ཤེས་ལྡན་པ་གཙོས་པའི་རྒྱལ་རོང་པའི་ཁྲོད་ན་རྒྱལ་རོང་མེས་པོས་ཤུལ་བཞག་རིག་གནས་མྱུར་སྐྱོབ་ཀྱི་ཆེད་ལས་མི་སྣ་ཞིག་ཕར་ཞོག་དེའི་ཕྱོགས་ཀྱི་དཔྱད་བརྗོད་སྤེལ་མཁན་ཡང་ཤིན་ཉུང་བས།འདིའི་ཕྱོགས་ཀྱི་སྟོང་ཆ་བསྐང་དགོས་པའི་འབོད་སྐུལ་ཅིག་གི་ཕྱིར་དུའོ།།
ཡིན་ནའང་རང་ཉིད་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་ཤིན་ཏུ་ཉག་ཕྲ་བས་དབང་གིས་འདིའི་ཕྱོགས་ནས་སྟོང་ཆ་དང་ཞེན་པའི་ཆའང་ཤིན་ཏུ་མང་པོ་མང་པོ་ཞིག་ཡོད་པར་སྨྲོས་ཅི་དགོས།ཡིན་ནའང་རྒྱལ་རོང་རིག་གནས་སྔོག་འདོན་ཕྱིར་དང་ལོ་རྒྱུས་དབྱེ་ཞིབ་ལ་ཅུང་ཟད་རེ་ཕན་ན་བསམ་པའི་ཀུན་སློང་གཙང་མ་ཞིག་གིས་གསོས་གདབས་ཏེ་འདི་ལྟར་འབྲི་ཁུལ་བྱས་པ་ཡིན་པས།བདག་གིས་བྲིས་པའི་ཡིག་ལོབ་འདི་དག་ཕར་བརྐུ་ཚུར་བརྐུ་བྱས་ཏེ་རང་གི་རྩོམ་ཡིན་འདོགས་མི་བཅའ་བའི་རེ་བ་ཞུས་པ་ཡིན།མ་འོངས་པར་ད་དུང་འདི་དང་དེ་ལས་གྲུབ་འབྲས་ཀྱི་འབྲས་བུ་ལོན་བྱེད་ཀྱི་རྩོམ་ཡིན་ནའང་ཆོག་གིརིག་གནས་བསྡུ་ཉར་ཡིན་ན་ཆོག་གི་འདི་ཡི་ཕྱོགས་ནས་བརྒྱབ་སྐྱོར་རེ་གནང་བར་སྙིང་ནས་བཀའ་དྲིན་དང་བཅས།
རྩོམ་པ་པོས་གནས་འགོ་གཡུང་དྲུང་རྫོགས་ཆེན་གླིང་ནས་ཟླ་ཚེས་བཟང་པོར་བྲིས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1