༄༅། །ནོར་སྲེད་སྲོག་ལས་གཅེས་པ།

རྩོམ་སྒྲིག་པ། ཏིང་བཀྲས་བསྒྲིགས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-29


སྔར་རྒྱུ་རྔམ་ཆེ་བའི་ཚོང་པ་ཞིག་ཡོད་པ་དེས་རྒྱུ་ནོར་ལ་སྲོག་ལྟར་གཅེས་པོ་བྱེད་ཀྱི་ཡོད།  ཁོས་ཁེ་བཟང་ཁ་གང་ཐོབ་ཕྱིར་མིའི་མཐོང་ཆུང་བཟོད་པ་དང་ཐ་ན་ཉེས་རྡུང་ཕོག་ཀྱང་འཁུར་གྱི་ཡོད།  དེར་བརྟེན་མི་རྣམས་ཀྱིས་ཁོ་པར་ནོར་སྲེད་སྲོག་གཅེས་ཀྱི་འདྲེ་ཞེས་མིང་ངན་བཏགས་ཤིང་། ཐེངས་གཅིག་ཁོ་ཐག་རིང་དུ་ཚོང་རྒྱག་པར་སོང་ནས་ཁེ་བཟང་མི་ཉུང་བ་ཞིག་བྱུང་བས་ཁོས་དངུལ་ཁུག་རྒྱབ་ཏུ་འཁུར་ནས་སེམས་ཉིད་དགའ་པོའི་ངང་གྲུར་བསྡད་ནས་ཕྱིར་ལོག་ཡོང་བ་རེད། 

གྲུ་ཆུ་བོའི་གཞུང་དུ་སླེབས་སྐབས་རླུང་རླབས་ཆེ་བས་གྲུ་ལ་ཡོམ་ཆེན་པོ་རྒྱབ་ཅིང་།  གྲུ་ཐོག་གི་མི་རྣམས་ལ་འཇིགས་སྐྲག་ཆེན་པོ་བྱུང་བ་དང་རྒྱུ་ལ་གཅེས་པའི་མི་དེས་དངུལ་ཁུག་དམ་པོར་བཟུང་ནས་བསྡད།  གློ་བུར་དུ་རྦ་རླབས་ཆེན་པོ་ཞིག་འཕྱུར་བས་གྲུ་དེ་མགོ་རྟིང་ལོག་ནས་གྲུ་སྟེང་གི་མི་ཚང་མ་ཆུ་ནང་དུ་ལྷུངས།  རྒྱུ་ལ་གཅེས་པའི་མི་དེས་ཆུ་ནང་དུ་འཕག་འཚག་རྒྱག་བཞིན་པར་སྲོག་སྐྱོབ་རོགས་གནང་།  མགྱོགས་པོ་ངའི་རོགས་གནང་དང་ཞེས་སྐད་བརྒྱབ།  མི་ཚོས་ཆུ་རྐྱལ་རྒྱག་བཞིན་ཁོ་པར་མགྱོགས་པོ་དངུལ་ཁུག་གློད།  ད་དུང་་་་་དངུལ་ཁུག་མ་གློད་པ་བྱས་ཞེས་སྐད་བརྒྱབ།  རྒྱུ་ལ་གཅེས་པའི་མི་དེས་དངུལ་ཁུག་བློས་གང་ནས་ཐོངས། དངུལ་ཁུག་དེ་ནི་ཁོ་པའི་སྲོག་ལྟ་བུ་ཡིན་ལ་སྲོག་ལས་ཀྱང་རྩྭ་ཆེ་བ་ཡོད་པས་ཁོས་སྔར་བཞིན་དངུལ་ཁུག་དམ་པོར་བཟུང་སྟེ་ཆུ་ནང་ལས་ཐོན་གང་ཐུབ་བྱས་ཀྱང་དངུལ་ཁུག་ཧ་ཅང་ལྕི་བས་མཐར་རིམ་བཞིན་ཁོ་པ་འཕག་འཚག་རྒྱག་མ་ཐུབ་པར་གྱུར་པ་དང་གློ་བུར་དུ་རྦ་རླབས་ཆེན་པོ་ཞིག་འཕྱུར་བས་ཁོའི་ཁོག་ནང་དུ་ཆུས་ཁེངས་ཤིང་།  མིག་སྐྱ་ལོག་ལོག་བྱེད་པ་དང་།  མགོ་ནི་ཌ་མ་རུ་ལྟར་ཕར་གཡུག་ཚུར་གཡུག་བྱེད་ཀྱི་ཡོད་རུང་ཁོ་པའི་སེམས་ལ་ད་དུང་དངུལ་དང་དངུག་ཁུག་བསམས་ནས་དངུག་ཁུག་དམ་པོར་བཟུང་ནས་མ་གློད་པ་རེད།  སྐབས་དེར་ཡང་བསྐྱར་རྦ་རླབས་ཆེན་པོ་ཞིག་ཕྱུར་ནས་ཁོ་ཆུ་ནང་དུ་གཏིང་རིང་བསྣུབས་ཏེ་ཤི་བ་རེད། 


དངུལ་མེད་ན་མི་འགྲིག་ལ།  འོན་ཀྱང་དངུལ་རག་ཐབས་ཁོ་ན་བྱས་ནའང་གང་ནས་འགྲིག  རྒྱུ་ནོར་ནི་ལུས་ཁོག་ཕྱིའི་དངོས་པོ་ཞིག་ཡིན་པ་དང་།  དངུལ་མང་འཐོར་ཡང་བསྐྱར་དུ་ཡོང་རྒྱུ་ཡོད།  མིའི་ཚེ་སྲོག་ནི་ཐེངས་གཅིག་ལས་མེད་ཅེས་སྔར་སོང་གི་མི་ཚོས་ཤོད་སྲོལ་ཡོད།  གལ་ཏེ་རྒྱུ་ལ་གཅེས་པའི་མི་དེ་ལྟར་རྒྱུའི་དོན་དུ་ཚེ་སྲོག་དོར་ན་ཆོ་མེད་པའི་ལས་ཀ་རང་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1