༄༅།། ཁོར་སྲུང་བྱ་གཞག་ཡིད་ལ་བཅངས། །ལྗང་མདོག་རྨི་ལམ་མངོན་དུ་བསྒྱུར། །

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-12


        ཚེ་འཕེལ་གླེང་བ་ན། འཇའ་ཐང་དུ་མི་ཤེས་མཁན་དང་གོ་མ་མྱོང་མཁན་གཅིག་ཀྱང་མེད།

        ཚེ་འཕེལ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་དྲན་ཆེན་གྲོང་རྡལ་སྡེ་བ་གཉིས་པ་རུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་ཁམས་པའི་ཕོ་རྒོད་ཅིག་ཡིན་ལ། ཁོས་སྨ་ར་དང་སྐྲ་ལོ་རིང་པོ་བཞག་ཡོད། ལུས་སྟོབས་ཆེ་ཞིང་ཞལ་རས་ནག་ལ། མིག་ཟུང་ལས་བརྟན་བརླིང་དང་ལྷད་མེད་ཀྱི་རང་མདངས་ཤིག་ཀུན་ནས་མངོན། ཁོ་ཚང་གི་སྦྲ་གུར་དུ་སོང་བ་ན། གཟི་བརྗིད་དཔང་ཡིག་མང་པོ་གྲ་དག་པོར་བསྒྲིགས་པ་མིག་ལ་མངོན་ཡོང་སྟེ།“2018ལོའི་དུས་རབས་གསར་པའི་མཚོ་སྔོན་གྱི་ཆེས་མཛེས་པའི་བརླན་སའི་བདག་སྐྱོང་པ”དང“2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན”“ཀྲུང་གོའི་མི་བཟང”སོགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་།

        ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་མཐོ་སྒང་གི་ཡང་རྩེ་འདི་རུ། ཚེ་འཕེལ་གྱིས་ཁོར་སྲུང་བྱ་བ་བསྒྲུབས་ནས་ལོ་ངོ་བཅུ་འགོར། ཁོས་ཤིན་ཏུ་བབ་ཆགས་པའི་ཕུགས་འདུན་ཞིག་ཡིད་ལ་བརྟན་པོར་བཅངས་ཡོད་དེ། དེ་ནི་ཕ་ཡུལ་གྱི་སྔོ་ལྗང་རི་ཆུ་དང་། རྩི་ཐུར་གཅིག་དང་སྡོང་རྐང་གཅིག་ཡིན་ཡང་བརྟན་སྲུང་བྱ་རྒྱུ་དེ་རེད།

        རྒྱུ་རྐྱེན་གང་འདྲ་ཞིག་གི་དབང་གིས་ཚེ་འཕེལ་ཁོར་སྲུང་གི་ལམ་དུ་ཞུགས་པ་ཡིན་ནམ།

        ཚེ་འཕེལ་གྱིས་བཤད་པ་ལྟར་ན། 2010ལོའི་དཔྱིད་ཀའི་ཉིན་མོ་ཞིག་ལ། ཁོ་ནམ་རྒྱུན་དང་འདྲ་བར་ཕྱུགས་རྫིར་སོང་། ཉིན་དེ་དག་གི་རིང་ལ་རྩྭ་ཐང་གི་ནོར་ལུག་རྣམས་རྟག་ཏུ་རྒྱུ་རྐྱེན་གང་ཡིན་མི་ཤེས་པར་ཤི་འགྲོ་བས། ཁོའི་སེམས་ལ་དོགས་གཞི་བསླངས་ཤིང་རྒྱུ་རྐྱེན་བཙལ་འདོད་ཀྱི་འདུན་པ་ཞིག་ངང་གིས་སྐྱེས། ཉིན་ཞིག་ལ། ཁོས་གཞི་ནས་དེའི་རྒྱུ་རྐྱེན་རྙེད་བྱུང་། “སྤྱང་ཀིས་ནོར་བསད་རྗེས། སྤྱིར་ན་ཟ་ཡག་བྱེད་ངེས་མོད། འོན་ཀྱང་ང་རང་ཉེ་སར་བཏུད་དེ་བལྟས་པ་ན། ནོར་གྱི་ནང་ཁྲོལ་ཕལ་ཆེར་བསྐྱུར་འདུག དེ་ནི་རྒྱུན་ལྡན་ཞིག་མ་རེད།”ཚེ་འཕེལ་གྱིས་ནོར་གྱི་ལྟོ་བའི་ནང་དུ་འཇུ་ཐབས་མེད་པའི་འགྱིག་ཤོག་ཁ་ཤས་ཡོད་པ་མཐོང་། དེའི་རྗེས་སུ། ཁོས་རྒྱུན་དུ་རྩྭ་ཐང་གི་ནོར་ལུག་ཤི་རྗེས་ལྟོ་བའི་ནང་ལ་ལྟ་ཞིབ་བྱས་པར་མ་ཟད།ནོར་ལུག་གི་ཤི་རྐྱེན་ནི་འགྱིག་ཤོག་དེ་དག་ཟོས་པ་ལས་བྱུང་བ་ཤེས།

        མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་ཕྱིན་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སྟབས་བདེ་ཅན་དུ་གྱུར་པས། རྩྭ་ཐང་དུ་སྡོད་པའི་འབྲོག་དམངས་ཀྱིས་ཀྱང་འཚོ་བའི་ཡོ་བྱད་གྱ་ནོམ་པ་ཉོ་ཐུབ་མོད། འོན་ཀྱང་དེ་དང་མཉམ་དུ་བགྲང་གིས་མི་ལང་བའི་འགྱིག་ཤོག་སྣ་ཚོགས་རྩྭ་ཐང་དུ་ཁྱབ་པ་དང་། རླུང་གཡུག་པ་དང་བསྟུན་ནས་གང་སར་འཁུར་བའི་འགྱིག་ཤོག་གིས་མ་གཞི་ནས་ཤིན་ཏུ་གཉོམ་ཞན་ཡིན་པའི་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་གཏོང་བཞིན་འདུག

        རྩྭ་ཐང་ལ་བརྩེ་བ་ཟབ་པའི་ཚེ་འཕེལ་གྱི་སེམས་སུ་འགྱིག་ཤོག་གད་སྙིགས་ཀྱིས་སྐྱེ་ཁམས་ཁོར་ཡུག་རློག་བཞིན་པའི་འདུ་ཤེས་སྐྱེས་ཏེ། སེམས་ཁྲལ་དང་སེམས་སྡུག་སྣ་ཚོགས་ཀྱིས་ཁོ་རང་གཉིད་མ་ཁུགས་པས། ཁོ་ལ་འཇའ་ཐང་ལ་ལྟ་སྲུང་བྱེད་པའི་འདུན་མ་སྐྱེས་ཤིང་། སྐྱེ་ཁམས་ཁོར་སྲུང་གི་ལམ་དུ་སྐྱོད་མགོ་ཚུགས།

        དེ་ནས་བཟུང་། ཡངས་ཤིང་རྒྱ་ཆེ་བའི་འཇའ་ཐང་དུ། དཀའ་སྡུག་ལ་མི་སྐྲག་པ་དང་། ཆར་རླུང་ལ་མི་འཛེམས་པར། ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ཀྱིས། འགྱིག་རིགས་དངོས་རྫས་འཐུ་བའི་གཟུགས་བརྙན་ཞིག་མངོན་བྱུང་ལ།གཟུགས་བརྙན་དེ་ལོ་བཅུ་ཡི་རིང་ལ་རྒྱུན་འཁྱོངས་བྱས།

        ཞོགས་པའི་ཉི་གཞོན་ཤར་དུས། ཚེ་འཕེལ་གྱིས་རང་ཁྱིམ་གྱི་གློག་སྒུལ་འཕྲུལ་རྟ་བསྐོར་ཏེ། གད་སྙིགས་འཐུ་མགོ་བརྩམས། “ཁྱོད་རང་མིང་ལ་གྲག་འདོད་པ་ཨེ་ཡིན།”ཞེས་འདྲི་མཁན་བྱུང་མྱོང་། ཚེ་འཕེལ་དགོད་ཙམ་བྱེད་པ་ལས་སྐད་ཆ་གཅིག་ཀྱང་མ་བཤད། “ཁྱིམ་ཚང་གཞན་གྱི་སྐྱེས་པ་ཚོར་ལྟོས་དང་། ཚང་མ་ཕྱི་ལ་ཡོང་སྒོ་བཙལ་དུ་བུད་སོང་། ཁྱོད་ཀྱིས་ཉི་མ་རེ་རེར་གད་སྙིགས་འཐུ་བ་ལས་ཅི་ཤེས”ཞེས་ཁྱིམ་མི་རྣམས་ཀྱིས་ཀྱང་འཁང་ར་བྱས་མྱོང་། ཚེ་འཕེལ་གྱིས་ངང་རྒྱུད་རིང་པོས་འགྲེལ་བཤད་བྱས་པར་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་ཁྱིམ་མི་རྣམས་ལ་སློབ་གསོ་བཏང་། ཁོས་རང་ཉིད་ཀྱིས་འགྱིག་ཤོག་དང་སྒྱེ་མོ་ཐེད་པོ། ལྕགས་ཆ་དང་ཤེལ་དམ་སོགས་ག་ཚོད་ཅིག་བཏུས་པ་ཡིད་ལ་མི་དྲན། གད་སྙིགས་བཏུས་ནས་འཁོར་སྒམ་བཀང་ཐེངས་རེར། ཁོས་ཡུད་ཙམ་ལ་ངལ་གསོས་ཤིང་། མུ་མཐའ་བྲལ་བའི་རྩྭ་ཐང་ལ་ལྟ་བཞིན། “ང་རང་ཆུང་དུས་སུ་རྩྭ་ཐང་དུ་གད་སྙིགས་མེད་ལ། རྗེས་ཕྱོགས་ཀྱང་གཏན་ནས་ཡོད་དུ་མི་འཇུག”ཅེས་ཁེར་ལབ་བརྒྱབ།

        2016ལོར། ཁྱིམ་ཚང་གི་གསོག་དངུལ་ཕྲན་བུ་དང་རེ་ཞུ་ལས་ཐོབ་པའི་དངུལ་བུན་ཁྱེར་ཏེ། ཚེ་འཕེལ་གྱིས་ཞིང་བཀོལ་རྐང་གསུམ་འཁོར་ལོ་ཞིག་ཉོས། གཅིག་ནས་འཕྲུལ་རྟ་སྔ་མོ་ནས་བེད་སྤྱོད་བྱེད་ཐབས་མེད་པས་ལས་ཀ་རྒྱུན་འཁྱོངས་བྱེད་མི་ཐུབ་ལ། གཉིས་ནས་སྒུལ་ཤུགས་སྔར་ལས་ཆེ་བ་དང་། འཁོར་སྒམ་སྔར་ལས་ཆེ་བའི་རྐང་གསུམ་འཁོར་ལོ་ཞིག་ཡོད་ཚེ་རྒྱ་ཆེ་བའི་རྩྭ་ཐང་ལ་སྔར་ལས་ལྟ་སྲུང་བྱེད་ཐུབ།

        ལོ་རེའི་རྟ་རྒྱུག་དུས་ཆེན་ནི། ཚེ་འཕེལ་ཁྱིམ་མི་གང་བོ་ཆེས་བྲེལ་འཚུབ་ཆེ་བའི་སྐབས་ཤིག་ཡིན་ལ། དེ་ནི་བྱ་འགུལ་ལ་ལྟ་བར་བྲེལ་བ་མིན་པར། ཁོས་བྱིས་པ་ཚོ་ཁྲིད་དེ་གད་སྙིགས་འཐུ་ཆེད་རེད། འདུ་འཛི་ཆེ་བའི་དུས་སྟོན་གྲོལ་རྗེས། རྩྭ་ཐང་དུ་གད་སྙིགས་ཤིན་ཏུ་མང་། ཁོ་རང་དགའ་འོས་པ་ཞིག་ལ། བྱིས་པ་ཚོས་ཁོའི་བྱེད་སྟངས་ལ་ཤིན་ཏུ་རྒྱབ་སྐྱོར་བྱེད།

        “རྩྭ་ཐང་དུ། ངའི་ཨ་ཕའི་སེམས་པ་ནི་ཆེས་དྭངས་གཙང་ཡིན།”ཆུང་དུས་ནས་འཇའ་ཐང་དུ་འཚར་ལོངས་བྱུང་བའི་དཀོན་མཆོག་ལྷ་མོས་རྣམ་ཀུན་ཨ་ཕར་འགྲོགས་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས། 2021ལོར། ལོ་ན11ལས་སོན་མེད་པའི་དཀོན་མཆོག་ལྷ་མོ་སྐབས་དང་པོའི“དུས་རབས་གསར་པའི་མཚོ་སྔོན་གྱི་ལོ་ཆུང་གཞོན་ནུ”ལ་བདམས་པ་དང་། མོས“རྩྭ་ཐང་གི་བུ་དང་བུ་མོས་རྩྭ་ཐང་ལ་ལྟ་སྲུང་བྱེད་རྒྱུ་ནི། རང་གི་གཞིས་ཁྱིམ་ལ་ལྟ་སྲུང་བྱེད་པ་རེད། འདི་དག་ནི་ངས་བསྒྲུབ་འོས་པའི་བྱ་བ་ཞིག་ཡིན”ཟེར།

        བྱིས་པ་ནི་ཕ་མའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུ་ཡིན་པས། བྱིས་པའི་སྐོར་གླེང་ཚེ། ཚེ་འཕེལ་གྱི་མིག་ཟུང་ལས་ཞི་འཇམ་གྱི་ཉམས་ཤིག་མངོན་ཡོང་།“ལོ་རེའི་རྟ་རྒྱུག་དུས་ཆེན་དང་། སྨོན་ལམ་སོགས་ཀྱི་སྐབས་སུ། གཞན་གྱི་བྱིས་པས་ལུས་ལ་མཛེས་ཤིང་གཙང་བའི་ལྭ་བ་གྱོན་ཞིང་ཟས་གང་བཟང་དང་གང་ཞིམ་ཟོས་ནས། གང་འདོད་དུ་རྩེ་བཞིན་ཡོད་མོད། འོན་ཀྱང་ངའི་བུ་ཕྲུག་ཚོས་ལྭ་བ་རྫོབ་པོ་རེ་གྱོན་ནས། ཡུལ་དེ་རུ་གད་སྙིགས་བཏུས་པ་ཡིན”ཟེར། ཚེ་འཕེལ་གྱིས་བཤད་ནས་མཚམས་དེར་སླེབས་དུས།མིག་ཟུང་མཆི་མས་བརླན། ཁོའི་བྱིས་པ་ཆུང་ཤོས་དེ་ལོ5ཡི་སྐབས་སུ། གོམ་པ་ཡང་འཁྱར་འཁྱོར་ཞིག་ལས་སྤོ་མི་ཐུབ་ཀྱང་། ཕུ་བོ་དང་ཨ་ཅེ་རྣམས་དང་འགྲོགས་ནས་གད་སྙིགས་བཏུ་རྒྱུར་དགའ། དེང་སྐབས། ཁོ་ཚང་གི་ཁྱིམ་མི་གང་བོས་གཟའ་མཇུག་དང་གུང་གསེང་། ངལ་གསོའི་ཉིན་མོ་སོགས་སུ་ཚེ་འཕེལ་གྱི་རྗེས་དེད་ནས་མཉམ་དུ་འཇའ་ཐང་གི་གད་སྙིགས་བཏུ་བཞིན་ཡོད། བྱིས་པ་ཚོའི་སེམས་པ་སྤྲོ་བས་ཁེངས་ཡོད་ལ། ཁོ་ཚོས་ཨ་ཕས་བྱ་བ་རླབས་ཆེན་ཞིག་སྒྲུབ་བཞིན་པ་རྟོགས་ཡོད།

        ད་སྐབས། ཚེ་འཕེལ་གྱི་འཚོ་བ་རོལ་སའི་རྩྭ་ཐང་སྔར་ལས་དག་གཙང་དུ་གྱུར་ལ། ནོར་ལུག་ཀྱང་ཇེ་མང་དུ་ཕྱིན། ཉེ་འཁོར་གྱི་སྡེ་དམངས་ཚོ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་གད་སྙིགས་བཏུ་བའི་ལས་ཀར་ཞུགས་ཏེ། ཚེ་འཕེལ་དང་འདྲ་བར། རྩྭ་ཐང་ལ་སྲུང་སྐྱོབ་བྱས་ཤིང་། ཁོ་ཚོའི་སེམས་ཁོང་གི་དག་ཞིང་ལ་ལྟ་སྲུང་བྱས།

        ཚེ་འཕེལ་གྱི་གཏམ་རྒྱུད་འཇའ་ཐང་ཀུན་ལ་ཁྱབ། ཁྲི་འདུ་རྩྭ་ཐང་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བའི་ས་ཁུལ་དུ་ཡོད་ལ། གནས་འདིའི་དངོས་རིགས་ཐོན་ཁུངས་ཤིན་ཏུ་ཕུན་སུམ་ཚོགས། པེ་ཅིན་སློབ་ཆེན་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། རི་ཆུའི་རང་བྱུང་ཐོན་ཁུངས་སྲུང་སྐྱོབ་ལྟེ་གནས་སོགས་ཕྱོགས་མང་པོའི་སྟོབས་ཤུགས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མུ་མཐུད་དུ་དོ་ཁུར་བྱས་ཤིང་། ཚེ་འཕེལ་གྱི་ཕ་ཡུལ་འཇའ་ཐང་གི་ཁོར་སྲུང་ལས་དོན་ལ་ཧུར་ཐག་སྒོས་ཞུགས།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མཐོང་ཆེན་གནང་ཞིང། ས་གནས་དེ་གའི་སྲིད་གཞུང་གིས་ཀྱང་ཁོར་སྲུང་གི་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། འབྲོག་པ་གཙོ་གཞི་ཡིན་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས་པ་དང་། འབྲོག་དམངས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྡེ་ཁུལ་དོ་མཉམ་དང་འཕེལ་རྒྱས་ཡོང་བ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཁྲོད་ནུས་པ་འདོན་སྤེལ་བྱེད་དུ་བཅུག་ནས། དངོས་རིགས་སྲུང་སྐྱོབ་དང་། སྡེ་ཁུལ་འཕེལ་རྒྱས། འབྲོག་དམངས་ཀྱི་ཡོང་སྒོ་འཕར་སྣོན་བཅས་ཀྱི་འཕེལ་རྒྱས་ལམ་བུ་བཙལ། འབྲོག་པ་ནི་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཁོ་ཚོ་ནི་ཐོན་སྐྱེད་མཁན་དང་སྲུང་སྐྱོབ་མཁན་ཡིན་པ་དང་། ཚེ་འཕེལ་ནི་མཐོ་སྒང་དུ་འཚོ་བ་རོལ་བའི་འབྲོག་དམངས་ཀྱིས་ཁོར་སྲུང་ལས་དོན་སྒྲུབ་པའི་བསྡུས་གཟུགས་དང་འཐུས་ཚབ་པར་གྱུར་ཡོད་པ་ལག་ལེན་དངོས་ལས་ར་སྤྲོད་བྱུང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1