གློག་བརྙན《ཐར་ལོ།》ཡི་ཕབ་སྐྲུན་མཛད་སྒོ་རྨ་ཡུལ་ཁྲི་ཀ་རུ་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


ཕབ་སྐྲུན་མཛད་སྒོའི་རས་ཡོལ་ལེན་བཞིན་པ།

               སྤྱི་ཟླ་5པའི་ཚེས་1ཉིན། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་《ཐར་ལོ།》ཞེས་པའི་ཕབ་སྐྲུན་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མཛོ་སྣ་སྡེ་བར་བསྡུས་པ་རེད།

                གློག་བརྙན་འདི་ནི་པེ་ཅིན་ཐེན་ཧྭ་ཧྭ་ཐེན་གློག་བརྙན་འཕྲིན་ལས་རིགས་སྤྱི་གཉེར་ཁང་སོགས་ཁེ་ལས་ཆེན་པོ་གསུམ་དང་མཉམ་འབྲེལ་བྱས་ནས་ཕབ་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་ལ། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་ཟློས་གར་འཁྲབ་སྟོན་པ་གྲགས་ཅན་ཞི་བདེ་ཉི་མ་དང་། མཚོ་སྔོན་གྱི་«མེ་ཏོག་ཆུན་པོ།»ཡི་གླུ་གར་འགྲན་སྡུར་ཁྲོད་མཚན་སྙན་འབར་བའི་གཞོན་སྐྱེས་གླུ་མ་དང་འཁྲབ་སྟོན་པ་གཡང་ཕྱུག་མཚོ། དེ་མིན་འཁྲབ་སྟོན་ལ་བྱང་ཆ་ལྡན་པའི་སྒྱུ་རྩལ་པ་བཀྲ་ཤིས་དང་སྦྱིན་པ་སོགས་ཀྱིས་འཁྲབ་སྟོན་བྱ་རྒྱུ་རེད། གློག་བརྙན་«ཐར་ལོ།»ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་བོད་སྐད་ཀྱི་གློག་བརྙན་ལྔ་པ་དེ་ཡིན་ལ། འདིར་གཙོ་བོ་ཕྱུགས་རྫི་ཐར་ལོ་སྡོད་དམངས་འཛིན་བྱང་ལེན་དུ་འགྲོ་བའི་ལམ་བར་དུ་འཕྲད་པའི་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་བཤད་ཡོད། གློག་བརྙན་འདིའི་བརྙན་ལེན་པ་ལི་སུན་ཧྲི་དང་། སྒྲ་ལེན་པ་གདུགས་དཀར་ཚེ་རིང་། མཛེས་རིས་པ་སྟག་རྩེ་དོན་གྲུབ། གློག་འོད་ཀེའུ་ཁྲུང་དང་གཟབ་སྤྲས་པ་དཔལ་གཡང་མཚོ་བཅས་རེད།

 

འཁྲབ་ཁྲིད་པ་པདྨ་ཚེ་བརྟན།

 

འཁྲབ་སྟོན་པ་ཞི་བདེ་ཉི་མ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1