བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་དར་རྩེ་མདོ་ལ་ཕྱིན་པའི་མཐོང་ཐོས།

དབང་ཆེན་ལྷ་མོ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དྲ་བ་ལས་བཏུས། སྤེལ་དུས། 06-19



         2010ལོའི་བོད་ཟླ་བཞི་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར་རྒྱལ་ལམ་ཨང318པ་བརྒྱུད་དེ་གྲོང་ཁྱེར་པད་མ་ཅན་ནས་དར་རྩེ་མདོ་ལ་སོང་བ་ཡིན། གྲོང་ཁྱེར་པད་མ་ཅན་ནས་གཡག་རྔའི་བར་ནི་མྱུར་བགྲོད་གཞུང་ལམ་ཡིན་པས་དུས་ཚོད་གཉིས་ཙམ་གྱིས་དེར་སླེབས་སོང་། གཡག་རྔ་ཟེར་བ་ནི་ད་ལྟ་རྒྱ་སྐད་དུ་ཡ་འན(雅安)ཞེས་འབོད་པའི་ས་ཆ་དེ་རེད། ད་ལྟ་འབོད་བཞིན་པའི་ཟེར་ས་མིང་འདི་ནི་གཡག་རྔ་ཟུར་དུ་ཆགས་པ་རེད། དེ་ལ་འགྲེལ་བ་བྱེད་ཚུལ་མི་གཅིག་པར་གཉིས་ཡོད་པ་ནི་གཡག་རྔ་དང་གཡག་ལྔ་རེད། སྡེ་རོང་ཚེ་རིང་དོན་གྲུབ་ལགས་ཀྱིས་རྩོམ་སྒྲིག་གནང་བའི《揭蜀》ལས། གཡག་ལྔ་ཟེར་བའི་མིང་འདིའི་འབོད་ཚུལ་ནི་སྤྱི་ལོ་སྔོན་གྱི་ལོ320ཡས་མས་ནས་བྱུང་ཡོད། དེ་ཡང་སྐབས་དེ་དུས་མི་རིགས་གཞན་གྱི་མིས་བོད་མི་བཅོམ་གསོད་བྱས་ཏེ་མི་རྣམས་གྲོང་ཁྱེར་པད་མ་ཅན་ནས་ཕྱིར་འཐེན་བྱེད་དེ་གཡག་ལྔ་ལ་སླེབས་དུས། ཟས་ལ་གཡག་ལྔ་ལས་ལྷག་མེད་པས་མཇུག་མཐར་མི་གཡག་ཚང་མ་མེད་སོང་བ་རེད། བོད་མི་རིགས་ཀྱིས་གཡག་ལྔའི་ཤ་ལ་བརྟེན་ནས་ནང་འཛུལ་གནོད་སྐྱེལ་རྒོལ་མཁན་གྱི་དཔའ་བོ་རྣམས་ལ་རྗེས་དྲན་བྱེད་ཆེད་མིང་འདི་བཏགས་པ་རེད་ཟེར། གཡག་ལྔའི་གྲངས་ཉུང་མི་རིགས་ཞེས་པའི་དཔེ་ཆ་ནང་ལ་ཡང་འདི་ལྟར་བཀོད་ཡོད་ཅེས་ཟེར། བཤད་སྲོལ་གཞན་ཞིག་ལ་ས་ཆ་འདིའི་ས་དབྱིབས་ནི་གཡག་གི་རྔ་མ་ལ་འདྲ་བའི་མིང་འདི་ཐོགས་པ་རེད་ཟེར་ནས་བཀོད་འདུག དེ་ཡང་དམངས་ཁྲོད་ལ་བཤད་སྲོལ་ཞིག་འདི་འདྲ་ཞིག་ཡོད་དེ། ས་ཆ་འདི་ནི་སྔོན་ཆད་རྒྱ་བོད་ཀྱི་ཚོང་ལས་བྱེད་སའི་ལྟེ་གནས་ཞིག་ཡིན་ལ་ཐོག་མར་བོད་མི་རྣམས་ཀྱིས་གཡག་གི་རྔ་མ་དང་རྒྱ་ཇ་གཉིས་ཉོ་ཚོང་བྱེད་བཞིན་ཡོད་པས་ས་ཆ་འདིའི་མིང་གཡག་རྔ་ཞེས་ཐོགས་པ་རེད་ཟེར། དེ་ལོ་རྒྱུས་ཀྱི་འཕེལ་རིམ་ནང་རིམ་བཞིན་སྒྲ་གདངས་འགྱུར་ནས་ད་ལྟ་རྒྱ་སྐད་དུ་གཡག་རྔ་ཞེས་འབོད། དེ་ཡང་ས་འདི་ན་སྔོན་ཆད་ཇ་ཚོང་བརྒྱབ་བཞིན་ཡོད་པ་ནི་ང་ཚོས་གཡག་རྔ་ནས་དར་རྩེ་མདོ་ལ་འགྲོ་བའི་ལམ་གྱི་གཡོན་འགྲམ་དུ་ཟངས་ཀྱིས་བརྡུངས་ཡོད་པའི་ཕོ་རྒོད་དག་གིས་རྟ་ལ་ཇ་འགེལ་བཞིན་པའི་རྣམ་པ་དང་ད་དུང་ཇ་ཁུར་ནས་ཡོད་པའི་མི་སོགས་ལས་ཀྱང་གསལ་པོ་ཤེས་ཐུབ། གཡག་རྔ་ནས་ཆུ་ཚོད་གཉིས་དང་ཕྱེད་ཙམ་སོང་རྗེས་སྐད་གྲགས་ལྡན་པའི་ཇག་ལ་རི་བོ《二郎山》ལ་སླེབས་སོང་། ཇག་ལ་རི་བོ་ནི་གཡག་རྔ་དང་དཀར་མཛེས་ཁུལ་གྱི་ས་མཚམས་ན་གནས་ཡོད་པས་སྔོན་ཆད་ལ་ཆ་བཞག་ནས་བཤད་ན་གྲོང་ཁྱེར་པད་མ་ཅན་ནས་དར་རྩེ་མདོའི་བར་ཉིན་གཉིས་ཀྱི་ལམ་ཐག་ཡིན།  རྒྱུ་མཚན་ནི་དེའི་སྐབས་ཇག་ལ་རི་བོར་ཕུག་ལམ་བཟོས་མེད་པས་རི་བོ་དེ་ཁོ་ན་བརྒལ་བ་ལ་ཕལ་ཆེན་ཉི་མ་གཅིག་ཙམ་འགོར་ལ། ཡིན་ན་ཡང་1996ལོ་ནས་ཇག་ལ་རི་བོ་ལ་ཕུག་ལམ་བཟོ་འགོ་བརྩམས་ནས་2001ལོའི་ཟླ1ཚེས་11ལ་རིང་ཚད་ལ་སྨི་4176ཡོད་པའི་ཕུག་ལམ་ཡོངས་སུ་འགྲུབ་སྟེ་བེད་སྤྱོད་མགོ་བརྩམས་ནས་ད་ལྟ་ཇག་ལ་རི་བོ་འཕྲེད་གཅོད་པ་ལ་སྐར་མ་བཅོ་ལྔ་མ་གཏོགས་མི་དགོས། ཇག་ལ་རི་བོའི་ཕུག་ལམ་ནས་བུད་རྗེས་སྤྱི་ལེ་ལྔ་བཅུ་ལྷག་སོང་ན་ལྕགས་ཟམ་ཁའི་(泸定)ས་ཆ་ཡིན་ལ་ལོ་རྒྱུས་ཐོག་སྐད་གྲགས་ལྡན་པའི་ལྕགས་ཟམ་ཁའི་ལྕགས་ཟམ་དེ་ན་གནས་ཡོད་ལ་ཟམ་པ་དེ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་མཆོག་གིས་བཞེངས་པའི་ཟམ་པ་བརྒྱ་དང་བརྒྱད།   (བརྒྱ་དང་བཅོ་བརྒྱད་ཀྱང་བཤད་སྲོལ་ཡོད)ཀྱི་ཡ་གྱལ་ཞིག་ཡིན་པའི་བཤད་སྲོལ་ཡོད། དགོང་མོ་ཆུ་ཚོད་བརྒྱད་ཡས་མས་སུ་ང་ཚོ་དཀར་མཛེས་ཁུལ་གྱི་གཞུང་ས་དར་རྩེ་མདོ་ལ་སླེབས་སོང་། དར་མདོ་མ་ཆགས་དར་མདོ་ཆགས། དར་མདོ་རི་གསུམ་བར་ལ་ཆགས། ཞེས་པའི་གླུ་ཚིག་བཞིན་དར་མདོ་ནི་ངོ་མ་གདན་ཐོག་རི་བོ་དང་འབྲོང་བྲག་རི་བོ། ཨ་ལེགས་བུ་སྒང་སྟེ་ཧ་ཅང་བརྗིད་ཉམས་ལྡན་པའི་རི་བོ་གསུམ་གྱི་མདའ་ལ་ཆགས་ནས་ཡོད། ང་རང་ལ་མཚོན་ནས་བཤད་ན་དར་རྩེ་མདོ་ལ་ཐེངས་མང་པོ་སླེབས་མྱོང་། ཡིན་ཡང་སླེབས་མྱོང་བ་ཙམ་ལས་ས་ཆ་དེའི་ལོ་རྒྱུས་དང་རིག་གནས་སོགས་ལ་ཆ་རྒྱུས་ཆེན་པོ་ཞིག་རྩ་བ་ནས་མེད། ཐེངས་འདིར་ཆེད་དུ་དར་རྩེ་མདོའི་བཞི་པའི་ཚེས་བརྒྱད་ཉིན་གྱི་དུས་ཆེན་ལ་དམིགས་ནས་ཡོང་བ་ཡིན་པས་གནས་འདིའི་རིག་གནས་ཁོར་ཡུག་དང་སྤྱི་ཚོགས་ལོ་རྒྱུས་སོགས་ལ་ཆ་རྒྱུས་ཅུང་ཙམ་མེད་ན་རྩ་བ་ནས་མི་འོས་པ་ཞིག་རེད། དེའི་ཕྱིར་རང་ཉིད་ཀྱིས་འབྲེལ་ཡོད་ཡིག་ཆ་དག་དང་ཡུལ་དེའི་མང་ཚོགས་དང་ཚོང་པ། བླ་མ། དགེ་རྒན་ཚོ་གཅིག་ལ་བཀའ་འདྲི་བྱས་པར་བརྒྱུད་དེ་དར་རྩེ་མདོ་ལ་རྒྱུས་ལོན་རགས་ཙམ་བྱེད་པ་དེས་ཕྲན་ཆུང་ལ་བག་ཆགས་ཟབ་མོ་བཞག་སོང་། 

       ཐེངས་འདིའི་བྱེད་སྒོ་གཙོ་བོ་སྤེལ་གནས་གདན་ཐོག་རི་བོ། 
       དར་རྩེ་མདོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་ས་ཡིན། དར་རྩེ་མདོའི་ཤར་ཕྱོགས་སུ་ཐང་ཆེན་དང་ལྕགས་ཟམ་ཁ་སོགས་དང་། ལྷོ་རུ་བརྒྱད་ཟིལ་དང་མུ་ལི་རྫོང་། ནུབ་ཏུ་ཉག་ཆུ་རྫོང་། བྱང་དུ་རོང་བྲག་དང་རྟའུ་རྫོང་སོགས་དང་འབྲེལ་ཡོད་ལ་གནས་འདི་ནི་བོད་རིགས་གཙོ་བོ་འདུས་སྡོད་བྱས་པའི་ས་ཆ་ཞིག་རེད། དར་རྩེ་མདོ་ཟེར་བ་ཙམ་གྱིས་ཚང་མའི་དར་མདོའི་མཛའ་གླུ་ཡིད་ལ་དབང་མེད་དུ་ཤར་རྒྱུ་རེད། དེས་ན་དར་མདོའི་མཛའ་གླུ་ནང་ལེན་པའི་གདན་ཐོག་རི་བོ་ཡང་ས་འདི་ན་གནས་ཡོད། དེ་ཡང་གདན་ཐོག་རི་བོ་ལ་འབོད་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་ནི་འདི་ལྟ་སྟེ། གདན་ཐོག་རི་བོ། ལྷ་མོ་རྩེ། ཕག་མོའི་རི། རྟ་རྒྱུག་རི་བོ་བཅས་སོ། ། དེ་ཡང་རི་བོ་འདི་ལ་གདན་ཐོག་རི་བོ་ཞེས་འབོད་དོན་ནི་རི་བོ་འདིའི་རྩེ་ལ་བོད་གདན་བཏིང་བ་འདྲ་བའི་སྤང་ཐང་ཆུང་ཆུང་ཞིག་ཡོད་པའི་རྒྱུ་མཚན་གྱི་ཡིན་ལ། ལྷ་མོ་རྩེ་ཟེར་ནས་འབོད་དོན་ནི་ད་ལྟར་དར་རྩེ་མདོའི་གྲོང་ནང་ལ་གནས་ཡོད་པའི་ལྷ་མོ་རྩེ་དགོན་པ་དེ་སྔོན་ཆད་རི་བོ་འདིའི་ཐོག་ཡོད་པས་དེ་ལྟར་འབོད་པ་རེད་ཟེར། ཡིན་ཡང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལྷ་མོ་རྩེ་དགོན་པ་མེ་ལ་བསྲེགས་རྗེས་ད་ལྟ་ཡོད་ས་ལ་གནས་སྤོས་པ་རེད། ཕག་མོའི་རི་ཞེས་འབོད་དོན་ནི་རི་བོ་དེ་རྡོ་རྗེ་ཕག་མོའི་གནས་རི་ཡིན་པར་བཤད། དེས་ན་ད་ལྟ་མི་མང་པོ་ཞིག་གིས་རྟ་རྒྱུག་རི་བོ་ཟེར་ནས་འབོད་དོན་ཅི་ཡིན་ཟེར་ན། དེ་ནི་གནས་དེ་ན་འཚོ་བའི་མི་རིགས་གཞན་པ་ཚོས་འབོད་བཞིན་ཡོད་པའི་跑马山ཟེར་བ་དེ་བོད་ཕྲུག་གཞོན་རབས་པ་ཚོས་ཐད་བསྒྱུར་བྱེད་པ་ཞིག་རེད། དེས་ན་འབོད་སྲོལ་དེ་ཅི་འདྲ་ཞིག་ནས་བྱུང་བ་རེད་ཟེར་ན། དེ་ནི་ཕག་མོའི་རི་ཟེར་བ་དེ་ཡུན་རིང་རྒྱུན་འཛིན་བྱེད་པའི་ཁྲོད་འདི་ན་འཚོ་བའི་མི་རིགས་གཞན་པའི་མི་རྣམས་ཀྱིས་འབོད་པའི་རྒྱུན་རིམ་ཁྲོད་སྒྲ་གདངས་མ་དག་ནས་རིམ་བཞིན་འགྱུར་བ་བྱུང་ནས་ད་ལྟའི་མིང་དེ་ཐོག་པ་རེད་མ་གཏོགས་ས་དེ་ནི་རྟ་རྒྱུག་ས་ཡིན་པའི་རྐྱེན་གྱིས་རྟ་རྒྱུག་རི་བོ་ཟེར་བ་མིན། དོན་དངོས་སུ་དེ་ན་ཡང་སྤང་ཐང་ཆུང་ཆུང་ཞིག་ལས་རྟ་རྒྱུག་སའི་ས་ཁྱོན་ཞིག་རྩ་བ་ནས་མེད་དོ། །  
གནམ་དྭངས་ཆུ་གཙང་རི་བོ་སྔོ་ལྗང་ལྗང་། བྱ་འགུལ་སྤེལ་ཡུལ་དགའ་སྤྲོའི་དགོད་སྒྲས་ཁེངས།
        ཀུན་གྱིས་མཁྱེན་གསལ་ལྟར་རྒྱུ་སྐར་ས་ག་འཆར་བའི་ཧོར་ཟླ་བཞི་པ་ནི་ས་ག་ཟླ་བ་ཡིན་ལ་ཟླ་བ་འདིའི་ཚེས་པ་བཅོ་ལྔ་ལ་སངས་རྒྱས་ཤྰཀྱ་ཐུབ་པ་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཡིན་ལ། ས་ག་ཟླ་བའི་དུས་སྟོན་དེར་བོད་མི་ཚོས་ཧ་ཅང་མཐོང་ཆེན་བྱེད་ལ། ཆོས་ལུགས་ནང་ས་ག་ཟླ་བའི་རིང་དགེ་སྡིག་ཅི་བསྒྲུབ་ཀྱང་འབུམ་འགྱུར་གྱི་བཤད་སྲོལ་ཡོད་པས། དེ་ལ་དམིགས་ནས་བོད་མི་ཚོས་ཤ་སོགས་དམར་ཟས་སྤོང་བ་དང་། སྤྲང་པོ་ལ་སྦྱིན་པ་གཏོང་བ། ཚེ་ཐར་གཏོང་བ། དགོན་པ་ཁག་ལ་མཆོད་པ་འབུལ་བ། སྨྱུང་གནས་སྲུང་བ་སོགས་རང་རང་སོ་སོས་རྣམ་དཀར་གྱི་ལས་ལ་བརྩོན་བཞིན་ཡོད། དེ་ལས་གཞན་བཞི་པའི་ཚེས་བརྒྱད་ལ་དགའ་སྟོན་རྟེན་འབྲེལ་དང་སངས་རྒྱས་རྗེས་དྲན་བྱ་ཆེད་བོད་ཁུལ་དུ་ཉིན་དེ་ལ་བྱ་འགུལ་སྣ་ཚོགས་སྤེལ་སྲོལ་ཡོད་ལ་ཐེངས་འདིའི་དར་རྩེ་མདོ་ལ་སྤེལ་བའི་བཞི་པའི་ཚེས་བརྒྱད་ཉིན་གྱི་གདན་ཐོག་རི་བོའི་རྒྱལ་སྤྱིའི་གནས་རི་སྐོར་བའི་དུས་ཆེན་ཡང་དུས་ཆེན་འདི་ལ་རྟེན་འབྲེལ་རྗེས་དྲན་བྱེད་པའི་བྱ་འགུལ་སྣ་ཚོགས་ཀྱི་ཡ་གྱལ་ཞིག་རེད། སྔ་དྲོའི་ཆུ་ཚོད་དགུ་པའི་ཐོག་2010ལོའི་གདན་ཐོག་རི་བོའི་རྒྱལ་སྤྱིའི་གནས་རི་སྐོར་བའི་དུས་ཆེན་གྱི་གླུ་གར་གྱི་འཁྲབ་སྟོན་ཆེན་མོ་དེ་གདན་ཐོག་རི་བོ་ལ་སྤེལ་རྒྱུ་ཡིན་པས་ང་ཚོ་ཡང་སྔར་ལངས་བྱས་ནས་ས་དེར་སོང་བ་ཡིན། ཡུལ་དེའི་མི་རྣམས་ཀྱིས་བཤད་པ་ལྟར་ན་སྔོན་ཆད་གདན་ཐོག་རི་བོ་ལ་འགྲོ་དགོས་ན་རྐང་ཐང་རི་ལ་འཛེགས་དགོས་པས་ཆུ་ཚོད་གསུམ་ཙམ་འགོར་རྒྱུ་རེད་ཟེར། ཡིན་ཡང་2007ལོ་ནས་འབྲེང་ལམ་ཞིག་བཙུགས་ཡོད་པས་དེ་བསྡད་ནས་ཡར་སོང་ན་སྐར་མ་བཅུ་ཙམ་གྱིས་རི་མགོ་ལ་སླེབས་ཐུབ། འབྲེང་ལམ་བརྒྱུད་དེ་སོང་ན་བཟང་ས་ཞིག་ཡོད་པ་ནི་གཅིག་ནས་མགྱོགས་པ་དང་གཉིས་ནི་བར་སྣང་ནས་དར་རྩེ་མདོའི་གྲོང་ཁྱེར་ཧྲིལ་པོ་ལ་ལྟད་མོ་ལྟ་ཐུབ་པ་དེ་རེད། སྙན་འཇེབས་ལྡན་པའི་དར་རྩེ་མདོ་མཛའ་གླུའི་གླུ་སྒྲའི་ཁྲོད་འབྲེང་ལམ་བརྒྱུད་ནས་དུས་ཚོད་ཡུན་རིང་མ་དགོས་པར་རི་མགོ་ལ་སླེབས་སོང་། རི་རྩེ་ལ་ངོ་མ་དགའ་སྤྲོའི་རྣམ་པ་ཞིག་གིས་ཁེངས་འདུག རྒྱན་གོས་སྣ་ཚོགས་གྱོན་ཡོད་པའི་མི་རིགས་སོ་སོའི་ལྟད་མོ་བ་དང་འཁྲབ་སྟོན་བྱེད་མཁན་གྱི་བྱིས་པ་དང་གཞོན་ནུ། རྒན་པོ་རྒན་མོ་སོགས་ཚང་ཁ་ཤིག་ཤིག་གིས་འཁྲབ་སྟོན་ཐང་ལ་འདུག་ནས་ཡོད། འཁྲབ་སྟོན་འགོ་མ་བཙུགས་པའི་སྔོན་དུ་ཐོག་མར་ལྷ་མོ་རྩེ་དགོན་ནས་ཕེབས་པའི་བླ་མ་རྣམས་ཀྱིས་བརྗིད་ཉམས་ལྡན་པའི་དུང་ཆེན་དང་རྔ་སོགས་རོལ་ཆས་ཀྱི་ཁྲོད་བསང་མཆོད་དང་ཐང་ག་བཤམས་པའི་མཛད་སྒོ་སྤེལ་རྗེས་གླུ་གར་གྱི་འཁྲབ་སྟོན་དངོས་སུ་མགོ་བརྩམས་སོང་། གདོང་ལྷ་རི་བོའི་གླུ་གར་ཚོགས་པ་དང་སི་ཁྲོན་ཞིང་ཆེན་མི་རིགས་གླུ་གར་ཚོགས་པ་སོགས་ཀྱིས་སྙན་པའི་གླུ་དང་སྐྱིད་པའི་ཞབས་བྲོས་ལྟད་མོ་བ་རྣམས་ཀྱིས་ཡིད་སེམས་དབང་མེད་འགུག གླུ་གར་སོགས་འཁྲབ་ཚར་རྗེས་ང་ཚོ་གདན་ཐོག་རི་བོའི་མཛའ་གླུ་ཐང་ནས་མུ་མཐུད་དེ་རི་མགོ་ལ་འཛེགས་འགོ་བརྩམས་པ་ཡིན། ཡུལ་མི་ཚོས་འདི་ནས་སྐར་མ་སུམ་བཅུ་ཙམ་ལ་བརྒྱབ་ན་གསར་དུ་བཞེངས་པའི་དགོན་པ་སྟེ་འབྲུག་དགུ་དགོན་པ་ཟེར་བ་ཞིག་མཇལ་རྒྱུ་ཡོད་ཟེར། དགོན་པ་འདིའི་སྐོར་དེ་རྗེས་ཚོང་དཔོན་ངག་བློ་ལགས་ལ་བཀའ་འདྲི་བྱས་པ་ཡིན། ཁོང་གིས་གསུངས་པ་ལྟར་ན། འབྲུག་དགུ་དགོན་པ་ནི་སྔོན་ཆད་ནས་འདི་ན་ཡོད་པའི་དགོན་པ་ཞིག་མ་རེད། འདི་ནི2007ལོར་ཁོང་གིས་དར་མདོ་རྫོང་སྲིད་གཞུང་ལ་ཆོག་མཆན་ཞུས་རྗེས་ཁོང་གིས་སྡེ་དགེ་པར་ཁང་གི་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་བྲིས་ཡོད་པའི་དགུ་ཐང་ཞེས་པ་དེ་ལ་དཔེ་བླངས་ནས་འབྲུག་དགུ་དགོན་པ་འདི་བཞེངས་པ་ཡིན་ཟེར། འདིའི་ནང་ལ་སངས་རྒྱས་ཤྰཀྱ་ཐུབ་པ་དང་མ་ཡུམ་སོགས་ཀྱི་འདྲ་སྐུ་མཇལ་རྒྱུ་ཡོད་པ་དུས་རྒྱུན་འདིའི་ནང་བདག་གཉེར་བྱེད་མཁན་དང་སྐུ་རིམ་རིམ་གྲོ་སོགས་འདོན་མཁན་གྱི་གྲྭ་པ་ཡང་བཅུ་གྲངས་ཤིག་བཞུགས་པ་དེ་དག་ནི་རྫ་ཆུ་ཁ་དང་ལྷ་མོ་རྩེ་དགོན་པའི་གྲྭ་པ་རེད། ངག་བློས་དགོན་པ་འདི་འདྲ་ཞིག་བཞེངས་པའི་དམིགས་ཡུལ་གཅིག་ནི་ཡུལ་སྐོར་བ་མང་པོ་ཞིག་དར་རྩེ་མདོ་ལ་ཡོང་སྐབས་ང་ཚོས་ངེས་པར་དུ་ཁོང་ཚོ་ལ་ལྟད་མོའམ་མཇལ་ཁ་བྱེད་ས་ཞིག་དང་ཕྱོགས་གཞན་ཞིག་ནི་ངས་མི་ཚོ་ལ་སངས་རྒྱས་ཀྱང་སྔོན་མ་ཕ་མ་སོགས་ཡོད་པའི་མི་ཕལ་པ་ཞིག་རེད། རྗེས་སུ་ཁོང་སངས་རྒྱས་པ་ནི་རང་ཉིད་ཀྱི་དཀའ་སྤྱོད་འབད་བརྩོན་ལ་ཐུགས་ཡོད་པ་དེ་ཚང་མར་ཤེས་བཅུག་བསམ་བྱུང་། དེའི་ཕྱིར་མི་སུ་འདྲ་ཞིག་གིས་བྱ་བ་ཅི་ཞིག་བསྒྲུབ་ཀྱང་གལ་ཏེ་རྒྱུན་འཁྱོངས་དང་འབད་བརྩོན་བྱེད་ན་མི་འགྲུབ་པའི་ཕུགས་བསམ་ཡོད་མ་རེད་ཞེས་གསུངས་སོང་། 
           ཚོང་དཔོན་ངག་བློ་དང་ཁོང་གི་དངོས་མིན་ཤུལ་བཞག་འགྲེམ་སྟོན་ཁང་། ། 
          གདན་ཐོག་རི་བོ་ལ་ཡར་འགྲོ་སའི་འབྲེང་ལམ་སྡོད་གནས་ཀྱི་རི་འདབས་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དངོས་མིན་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་ཁང་ཞིག་ཡོད། འགྲེམ་སྟོན་ཁང་དེ་ནི་ཚོང་དཔོན་ངག་བློས་གསར་དུ་སྐྲུན་པ་རེད་ལ། 2009ལོའི་ཟླ་5ཚེས་1ཉིན་ནས་མགྲོན་པོ་བསུ་འགོ་ཚུགས། ཕ་ཡུལ་སེར་ཤུལ་ནས་ཡིན་པའི་ངག་བློ་ནི་རིག་གནས་ཀྱི་ཆུ་ཚད་ཧ་ཅང་མཐོ་བའི་ཚོང་པ་ཞིག་རེད། ཁོང་སི་ཁྲོན་མི་རིགས་སློབ་གླིང་དབྱིན་ཡིག་ཆེད་སྦྱོང་ནས་སློབ་མཐར་ཕྱིན་རྗེས་ལོ་ཁ་ཤས་ཕྱིར་ཕ་ཡུལ་དུ་སོང་ནས་ལས་ཀ་བསྒྲུབས། དེ་རྗེས་ཁོ་རང་ཕྱི་རྒྱལ་ལ་སློབ་སྦྱོང་སོང་ནས་ཕྱི་ལོག་རྗེས་ཚོང་ལས་བྱས། འགྲེམ་སྟོན་ཁང་དེ་ནི་བོད་མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་པའི་ཐོག་བརྩེགས་གསུམ་ཅན་གྱི་བང་ཁང་ཞིག་རེད། ཁང་པ་དེའི་རྡོ་བཟོ་དང་ཤིང་བཟོ། རི་མོ་བ་ཚང་མ་ནི་བོད་པ་ཡིན་ལ་དེའི་ནང་གི་ཀ་བ་དང་གདུང་མ་སོགས་ཤིང་ཆ་སོགས་ཀྱང་ཉག་རོང་དང་རྟའུ་ཡི་ས་ཆ་སོགས་ནས་ཁུར་ཡོང་བ་ཡིན་པས་ཤིང་ཆ་ཧ་ཅང་བཟང་པོ་རེད། འགྲེམ་སྟོན་ཁང་ནང་དུས་རྒྱུན་འཚོ་བའི་སྤྱོས་ཆས་ཀྱི་འགྲེམ་སྟོན་ཁང་དང་། ཞིང་ལས་རིག་གནས་ཀྱི་འགྲེམ་སྟོན་ཁང་། མ་ཎི་རྡོ་འབུམ་གྱི་འགྲེམ་སྟོན་ཁང་དང་། ཐང་གའི་འགྲེམ་སྟོན་ཁང་། གསོ་བ་རིག་པའི་འགྲེམ་སྟོན་ཁང་། རྒྱན་གོས་འགྲེམ་སྟོན་ཁང་བཅས་འགྲེམ་སྟོན་ཁང་བདུན་ལ་དབྱེ་ཡོད།
འགྲེམ་སྟོན་ཁང་དེའི་ནང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དུས་རྒྱུན་འཚོ་བའི་སྤྱོད་ཆས་སྣ་ཚོགས་དང་བོད་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་སྲོལ་རྒྱུན་གྱི་རིག་གནས། དཔེར་ན་གནའ་ཐང་དང་ཐང་ག་དེ་དག་འབྲི་སྐབས་སྤྱོད་དགོས་པའི་རིན་པོ་ཆེ་སྣ་ཚོགས་དང་རང་བྱུང་གི་མཚོན་མདོག་ཕུན་སུམ་ཚོགས་པའི་རྒྱུ་ཆ་དག་ཉར་ཚགས་བྱས་ཡོད་པ་མ་ཟད་ཐང་ག་འབྲི་སྐབས་ཐིག་རྒྱབ་ཚུལ་སོགས་གོ་རིམ་ཆ་ཚང་ཞིག་ངོ་སྤྲོད་བྱས་ཡོད་དོ།   ཚོང་དཔོན་ངག་བློས་བཤད་པ་ཇི་བཞིན། སྤྱི་ཚོགས་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟར་འགྲོ་བའི་དུས་རབས་གསར་པའི་ནང་གནམ་གྲུས་བརྒལ་མི་ཐུབ་པའི་གངས་རི་མེད་ལ་མེ་འཁོར་གྱིས་གཅོད་མི་ཐུབ་པའི་རྩྭ་ཐང་ཡང་ཡོད་མི་སྲིད། དེའི་ཕྱིར་ང་རང་ཚོས་ངེས་པར་དུ་རང་ཉིད་ཀྱི་འབད་བརྩོན་དང་བློ་རིག་ལ་བརྟེན་ནས་རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གྱི་འགན་འཁྲི་རང་ཉིད་ཀྱི་ཕྲག་ཏུ་ལེན་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1