བོད་ལྗོངས་ཀྱི་རྣམ་གྲངས་འདི་སྤྱི་ཟླ3པའི་ཟླ་འགོར་ལས་འགོ་ཚུགས་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 02-27


        ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གནམ་དཔྱད་ཁང་གི་རྣམ་གྲངས་དེ་སྤྱི་ལོ་2023ལོའི་ཟླ་3པའི་ཟླ་འགོར་ལས་འགོ་སླར་ཚུགས་བྱ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གནམ་དཔྱད་ཁང་གི་རྣམ་གྲངས་དེ་ནི་2023ལོའི་ལྗོངས་ཡོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་གཙོ་བོ་ཡིན་པ་དང་། ཁྱོན་སྒོར་ཁྲི་8633བཏང་བ་དེ་ཚང་མ་ཀྲུང་དབྱང་སྔོན་རྩིས་ཁོངས་སུ་གཏོགས། སྤྱི་ལོ་2022ལོའི་ཟླ་7པར་དངོས་སུ་ལས་འགོ་བཙུགས་པ་ནས་བཟུང་གནམ་དཔྱད་ཁང་གི་འཛུགས་སྐྲུན་གཙོ་བོ་དང་རིགས་གཅིག་མཁས་ཅན་གྱི་ཐོག་ཁང་གི་རྩིག་རྨང་དང་ལྕགས་སྒྲོམ་སོགས་ཀྱི་བཟོ་སྐྲུན་རྒྱུ་ཆ་སྒྲིག་བཟོའི་ལས་དོན་ལེགས་འགྲུབ་བྱུང་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་2681བཏང་བ་དེས་སྤྱིའི་མ་འཇོག་ནང་31%བཟུང་ཡོད།

        བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རང་སྐྱོང་ཚན་རྩལ་ཐིང་གིས་འཛུགས་སྐྲུན་ནང་ཞུགས་མཁན་ཕྱོགས་ཁག་དབར་མཐུན་སྦྱོར་གཞོགས་འདེགས་ཀྱིས་དགུན་ཁའི་བཟོ་སྐྲུན་གུང་གསེང་གི་དུས་ཚོད་དམ་འཛིན་བྱས་ནས་སྔོན་འགྲོའི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་ཡིན་པ་མ་ཟད་ལས་ཀ་ཡང་བསྐྱར་འགོ་ཚུགས་པའི་དུས་ཚོད་ཀྱི་བླང་བྱ་ལྟར་ལས་ཀ་དངོས་སུ་འགོ་ཚུགས་རྗེས་རྣམ་གྲངས་ཀྱི་འཕེལ་རིམ་དང་བདེ་འཇགས། བཟོ་སྐྲུན་སྤུས་ཚད་བཅས་དམ་དུ་བཟུང་ནས་སྤྱི་ལོ་2023ལོའི་དུས་འགོའི་དམིགས་འབེན་འགན་འཁྲི་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1