ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་སུ་གླིང་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་གཅེས་བཏུས་སྒྲ་འཇུག་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-08


 

 སྒྲུང་མཁན་པདྨ་ཡེ་ཤེས་ཀྱིས་གླིང་སྒྲུང་འཆད་གྱེར་གནང་བཞིན་པ།

           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར་ཀྲུང་དབྱང་དྲིལ་བསྒྲགས་པུའི་རིག་གནས་གྲགས་ཅན་མི་སྣའི་རང་འདེམས་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་གཅེས་བཏུས་པེ་ཅིང་དུ་སྒྲ་འཇུག་བྱེད་འགོ་ཚུགས་ཤིང་། བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་ཕེབས་པའི་ཞག་གཅོད་བསོད་ནམས་ཉི་མ་དང་། རྫོགས་ཆེན་པདྨ་ཡེ་ཤེས། བསོད་ནམས་རྒྱལ་མཚན། བུ་ཁེ་བཅས་ཀྱིས་ཉིན་བཅུ་གྲངས་ཀྱི་དུས་ཚོད་ནང་སྙན་པའི་འགྱུར་ཁུག་དང་ངག་རྟ་ལ་བརྟེན་ནས་གླིང་གེ་སར་རྒྱལ་པོའི་སྒྲུང་འཁྲུངས་གླིང་མེ་ཏོག་ར་བ་དང་། རྟ་རྒྱུག་ནོར་བུ་ཆ་བདུན། སྟག་གཟིག་ནོར་རྫོང་། ཇ་རོང་འབྲུ་རྫོང་། ཁ་ཆེ་གཡུ་རྫོང་། ཚ་བ་མདའ་རྫོང་། དམྱལ་གླིང་རྫོགས་པ་ཆེན་པོ་སོགས་འཆད་གྱེར་གནང་རྒྱུ་ཡིན་པ་རེད།

སྒྲུང་མཁན་བུ་ཁེས་གླིང་སྒྲུང་འཆད་གྱེར་གནང་བཞིན་པ།

          གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱི་དཔའ་བོའི་བྱུང་བརྗོད་སྙན་ངག་ངོ་མཚར་རྨད་དུ་བྱུང་བ་ཡིན་ཞིང་། སྤྱི་ལོ་2009ལོར་མཉམ་འབྲེལ་རྒྱལ་ཚོགས་ནས་མིའི་རིགས་ཀྱི་དངོས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་མིང་ཐོའི་ནང་བཅུག་ཡོད། དེ་ཡང་དཔའ་བོའི་བྱུང་བརྗོད་སྙན་ངག་འདི་འཛམ་གླིང་ཡང་རྩེའི་གངས་ལྗོངས་ས་མཐོར་ལོ་ངོ་བརྒྱ་སྟོང་ཉམས་མེད་རྒྱུན་འཛིན་ཐུབ་པ་ནི་དམངས་ཁྲོད་ཀྱི་ཕུལ་བྱུང་སྒྲུང་མཁན་རྣམས་ཀྱི་སྙན་པའི་འགྱུར་ཁུག་དང་ངག་སྟབས་ལ་བརྟེན་ནས་སྒྲོག་སྤེལ་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན།

སྒྲུང་མཁན་བསོད་ནམས་རྒྱལ་མཚན་གྱིས་གླིང་སྒྲུང་འཆད་གྱེར་གནང་བཞིན་པ།

           ད་ཐེངས་གླིང་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་སྒྲ་འཇུག་ལས་དོན་འདིས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རྒྱལ་ཡོངས་གེ་སར་ལས་དོན་གཞུང་ལས་ཁང་གི་སྒྲུང་མཁན་ཐོན་ཁུངས་ལ་བརྟེན་ནས་གཙོ་བོ་ཁམས་ཁུལ་གྱི་འདོན་སྒྲུང་སྒྲུང་མཁན་ཁག་གཅིག་གདན་ཞུས་ཐོག་གླིང་གེ་སར་རྒྱལ་པོའི་སྒྲུང་ཆུ་ཚོད་བརྒྱ་ཙམ་གྱི་རིང་ལ་འཆད་གྱེར་སྒྲ་འཇུག་བྱ་རྒྱུ་ཡིན་ཞིང་། ལས་དོན་ལེགས་གྲུབ་བྱུང་རྗེས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རླུང་འཕྲིན་དང་བོད་སྐད་རླུང་འཕྲིན་དྲ་བའི་ཐོག་གཏོང་རྒྱུ་མ་ཟད། འབྲེལ་ཡོད་ལེ་ཚན་ཆེད་བསྒྲིགས་འོད་སྡེར་བཟོས་ནས་བོད་ཀྱི་ཞིང་འབྲོག་ས་ཁུལ་དང་། རྒྱལ་ཁབ་ཕྱི་ནང་དུ་འགྲེམ་སྤེལ་ཞུ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1