༄༅།། སྐྱེས་ལམ་གྱི་གཏམ་རྒྱུད།

འབྲོང་ཕྲུག་ལྷ་ཆེན་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 03-13



མཚོ་ལྷོ། འབྲོང་ཕྲུག་ལྷ་ཆེན་རྒྱལ།


        ངེད་ཚང་གི་དབྱར་ས་ནི་བཅུད་པར་མཐོན་པོ་བཅུ་གསུམ་གྱིས་ལག་པའི་ནང་ལ་ལག་པ་བཞག་འདྲའི་དཔུང་བའི་ནང་དུ་དཔུང་བ་སྦྲེལ་འདྲའི་རི་ཕྲེང་ཕྲེད་དུ་བསྟར་བའི་ནང་ལུང་དུ་ཡོད། དེ་ལ་ལོ་རྒྱུས་དང་ས་ཁམས་གང་གི་ཆ་ནས་ཀྱང་ངག་རྒྱུན་དང་དཔང་རྟགས་གང་མང་ཞིག་གིས་ལ་བཤད་ལུང་བཤད་བྱེད་རྒྱུ་མང་དུ་འདུག་མོད། གལ་ཆེ་བོ་ནི་རི་མཐོ་ས་དང་འཕྲང་དོག་ས། འགག་བཙན་ས་ཡིན་པའི་བཅུད་པར་གྱི་རི་དང་ལུང་བ། ནགས་ཚལ་དང་གཙང་བོ་དག་གིས་ང་རང་ནར་སོན་གྱི་ལོ་ཟླའི་ཁྲོད་དུ་མིག་གིས་ལྟ་ས་དང་རྣ་བས་ཉན་ས། སེམས་ཀྱིས་དྲན་ས་ཡིན་པའི་འདམ་བག་ཤར་བར་མ་ཞེས་པའི་ལུང་བ་དེ་ད་ལྟ་ད་དུང་ཡང་དྲན་པར་ཝ་ལེར་འཁོར་བར་བྱེད། ཞེ་ལ་ཐོགས་པའི་ཕ་ཡུལ་དང་དྲན་པར་འཁོར་བའི་ཕ་ས་ནི་མི་ཞིག་ནར་སོན་གྱི་གོ་རིམ་ཁྲོད་དུ་དེ་འདྲའི་བརྗེད་དཀའ་ཞིང་དྲན་སླ་བ་ལ་ཨང་།

        ངེད་ཚང་གི་དབྱར་ས་ནི་འདམ་བག་ཤར་བར་མ་ཞེས་པ་དེ་ཡིན། དབྱར་ས་གླེང་དགོས་ཚེ་མི་གླེང་ཐུ་མེད་དུ་ཡོད་པ་གཞན་ཞིག་ནི་འབྲོག་པའི་རུ་འགེལ་སྐྱས་འདེད་ཀྱི་ལས་ཀ་དེ་རེད། བདག་གི་དྲན་པར་ཟིན་དུས་ནས་བཟུང་། ངེད་ཚང་ལ་རྟ་རག་ཕྲུག་ཅེས་སྤུ་མདོག་སེར་སྐྱ་གཟུགས་ཐུང་ཞིག་ཡོད། བདག་དང་ནུ་བོ་ཆེ་བ་གཉིས་ཀྱིས་རྟ་རག་ཕྲུག་ལ་འཕོངས་བརྒྱབ་ནས་ལུག་འདེད་པ་དང་། ནུ་བོ་ཆུང་བ་དང་སྲིང་མོ་གཉིས་ནི་ཁལ་མ་གཡུང་མོ་ཞིག་གི་རྒྱབ་ལ་གཡས་གཡོན་དུ་བཀལ་བའི་སླེ་བོ་རུ་བཞག་སྟེ་སྐྱས་རྗེས་སུ་འབྲངས་ཡོད། ཨ་ཕ་དང་ཨ་མ་ནི་རྐང་ཐང་དུ་སྐྱས་དང་འདྲེས་པའི་ནོར་ཁྱུ་འདེད་མཁན་ཡིན། ཉིན་ལམ་ཡིན་པའི་སྐྱས་ལམ་རིང་མོ་དེས་ཉི་ཤར་གྱི་སྔ་གཞུག་རྩད་དེ་འབའ་ལུ་གུ་ཐང་ཞེས་པའི་ཁོད་ཡངས་པའི་ཐང་ཆེན་དེ་ནས་ལམ་ལ་ཆས་ན། ངག་རྒྱུན་དུ་ང་ཚོའི་སྡེ་མིང་ལ་རྟ་མང་ཞེས་སུ་ཐོགས་རྐྱེན་དུ་བཤད་པའི་རྟ་ཁྱུ་ཆུ་ལ་བཤར་སའི་རྐང་ལམ་རིང་མོ་དེར་ཞུགས་དགོས། ཁུ་ལུང་གཡག་སྙིང་ཞེས་པའི་གནས་རི་འགངས་ཆེན་ཞིག་གི་ཁིས་ན་ཡོད་པའི་ཉག་ལམ་ཕྲ་མོ་ཞིག་བརྒལ་དགོས། བཅུད་པར་གསེར་སྨུག་རྫོང་དུ་སྦྲེལ་བའི་འབྲི་གོང་བར་མའི་བྲག་འཕྲང་བཙན་པོ་ཞིག་བརྒྱུད་དགོས། ལམ་བར་དུ་ཁལ་མ་རྒོད་པོ་རེས་རྒྱབ་ཀྱི་ཁུར་བོ་ལྕི་མོ་ལ་མི་འདོད་པའི་རྣམ་འགྱུར་དང་བཅས་ས་ལྡིང་གནམ་ལྡིང་གིས་ཁལ་དུ་བཀལ་བའི་ཅ་ལག་དག་བཅོམ་ཆག་སྐྱ་ཉིལ་དུ་གཏོང་ཐེངས་ཀྱང་ཡོད་དེ། ཐེངས་ཤིག་ལ། ལུག་ཁྱུ་ལམ་འགྲམ་གྱི་རྩི་སྤུངས་ནས་སད་པའི་རི་བོང་ཞིག་ལ་འདྲོགས་པ་དང་རྟ་རག་ཕྲུག་ལུག་ཁྱུར་འདྲོགས་ནས་ངེད་ཕུ་ནུ་གཉིས་རྟ་གོང་ནས་ཐང་ལ་གཡུགས་སོང་། གླིང་སྒྲུང་དུ་གན་རྐྱལ་ལ་ནམ་ལངས་འདྲ་གཅིག་བརྡབས་པ་དང་ཁ་སྦུབ་ཏུ་ས་རུབ་འདྲ་ཞིག་བརྡབས་སུ་བཤད་པའི་ཤི་གསོན་གྱི་བར་གླགས་དེར། བདག་ནི་ལུས་ཀྱི་ན་ཟུག་དང་སེམས་ཀྱི་ཕམ་གདུང་གིས་མིག་ཆུ་དབང་མེད་དུ་ཤོར་ནའང་། ནུ་བོ་ནི་དེ་མུར་ཐང་ནས་ཡར་ལངས་ཤིང་གྱོལ་མ་ལྡིང་གིས་བརྒྱུགས་སོང་ནས་ཐག་རིང་ན་སྣ་འདྲོག་བྱེད་ཀྱིན་རྟ་རག་ཕྲུག་གི་མཐུར་མདའ་ནས་བཟུང་སོང་། རྗེས་ཀྱི་ལོ་ཟླའི་ཁྲོད་དུ་ནུ་བོ་ནི་ཕྱུགས་རྫི་དཔེ་མེད་ཅིག་ཏུ་གྱུར་པའི་རྟགས་དང་རྟེན་འབྲེལ་ཡང་དེ་ལྟར་འགྲིག་པ་ཡིན་མིན་ཅི་ཆ། ལམ་ཚེགས་དང་ལུས་ཚེགས་ཀྱིས་མནར་བའི་འགྲུལ་བཞུད་རིང་མོ་དེ་ཕྱི་དྲོའི་ཉི་མ་ནུབ་ཁ་ཙམ་ལ་མཇུག་རྫོགས་ཤིང་། མཚེར་ས་གསར་པར་སྦྲ་ཕུབ་དང་ཐབ་ཀ་ལས་ནས་འོ་ཇ་གསར་སྐོལ་འགྲུབ་དུས་སུ། ཉི་མ་ནི་ནུབ་ཕྱོགས་ཀྱི་བཅུད་པར་མཐོན་པོ་བཅུ་གསུམ་གྱི་རི་རྩེ་གང་རུང་ཞིག་ནས་ནུབ་འགྲོ་ལ། དབྱར་གཞུང་གི་གཡའ་དག་པའི་ནམ་མཁའ་རུ་སྐར་མའི་ཚོགས་ཀྱི་ཞལ་འཛུམ་ནི་མིག་ལ་མཛེས་ཤིང་ཡིད་ལ་སིམ་པ་ཞིག་ཡོད།

        བདག་གིས་ངེས་པར་གླེང་དགོས་པ་ཞིག་ནི། འབྲོག་པའི་རུ་འགེལ་བ་ནི་དུས་ཚོད་ངེས་ཅན་དང་ས་གནས་ངེས་ཅན་དུ་བྱེད་པ་ལས་རང་འདོད་ཅི་འདོད་ལྟར་ཡོང་བ་ཞིག་མིན་པར། དེ་ནི་དུས་ཚིགས་བཞིའི་རྩྭ་ཆུའི་དགོས་མཁོ་ལྟར་ཐག་གིས་གཅོད་པ་ཞིག་ཡིན་པས། དཔྱིད་ཀྱི་ཆར་བ་དང་དབྱར་གྱི་ཚད་པ། སྟོན་གྱི་རླུང་བུ་དང་དགུན་གྱི་ཁ་བ་གང་དང་ཅི་ལ་འཛེམ་ཆོག་པ་ཞིག་ཀྱང་མིན་ཚོད་འདུག བདག་གི་དྲན་པའི་ཁྲོད་དུ་ཆུ་དང་ཆར་བ།ཙག་དང་ཁ་བའི་ཁྲོད་དུ་རུ་འགེལ་བ་དང་སྐྱས་དེད་པའི་ལོ་རྒྱུས་མང་དུ་ཡོད། བདག་གི་དྲན་པའི་ཁྲོད་དུ་རུ་འགེལ་བའི་བར་གླགས་ནས་ལུས་པོ་ཆར་གྱིས་བངས་པ་དང་རྐང་ལག་ཙག་གིས་ཕྱིད་པའི་ལོ་རྒྱུས་མང་དུ་ཡོད་མོད། དེ་ནི་བདག་གཅིག་པུ་མ་ཡིན་པའི་འབྲོག་གི་བུ་དང་བུ་མོ་ཡིན་ཡིན་པོ་ཚང་མ་བརྒྱུད་དགོས་པའི་ཉམས་སད་ཐེངས་ཤིག་ཡིན་པས།འབྲོག་པའི་བུ་ལ་ལྕགས་ཀྱི་སྲོག་ཐོགས་དོན་ཡང་དེ་ལ་འབྲེལ་བ་ཨེན་ཙམ་ལོས་ཡོད་བསམ་ཡོང་། སྐབས་ལན་རེར། རུ་བཀལ་ནས་མཚེར་སར་ཐོན་དུས་སུ་དུས་ཚོད་འཕྱི་པོ་ཆགས་ནས་ས་རུབ་ལ་ཉེ་ནའང་། ཁྱིམ་མཚེས་གཡས་གཡོན་གྱི་ཁྱིམ་བདག་མ་དག་གིས་འོ་ཇ་གསལ་སྐོར་ཁྱེར་ཡོང་ནས་སྐོམ་པ་གསོད་ཅིང་། སྦྲ་དང་ཐབ་ཀ་ཕུབ་རོགས་སོགས་ཀྱིས་ཚེགས་ཆེ་ཞིང་ཡུན་རིང་བའི་ལས་ཀ་དེ་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཚེགས་མེད་ཀྱིས་འགྲུབ་པས་ན། འབྲོག་པའི་ལས་ཀ་ནི་ཕན་ཚུན་རོགས་རམ་གྱི་ཁྲོད་ནས་མགོ་རྩོམ་ཞིང་ཕན་ཚུན་མཉམ་ལས་ཀྱི་ཁྲོད་ནས་ཡོངས་སུ་ འགྲུབ་པ་ཞིག་ཀྱང་ཡིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1