རྟའུ་རྫོང་དཔལ་སྨད་གྲོང་རྡལ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྲིགས། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 05-12


          སྤྱི་ཟླ་4་པའི་ཚེས་11ཉིན།  གསར་འགོད་པ་རྟའུ་རྫོང་དཔལ་སྨད་གྲོང་རྡལ་གྱི་ཆུ་བར་གྲོང་སྡེ་རུ་བཅར་འདྲིར་ཕྱིན། གངས་རིའི་དབྱིབས་ལྟ་བུའི་གུར་ཁང་ཆེན་མོ་ཞིག་མཐོང་། ང་རང་གུར་ཁང་དེའི་ཕྱོགས་སུ་བསྐྱོད་ཅིང་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གུར་ཁང་འདི་ནི་ལྗོངས་རྒྱུ་བའི་ཞབས་ཞུ་ལྟེ་གནས་ཡིན་པ་དང་འདིའི་རྒྱུ་ཆ་ཚང་མ་འཇར་མན་རྒྱལ་ཁབ་ནས་ནང་འདྲེན་བྱས་པ་དང་ནང་གི་སྒྲིག་བཀོད་ཕལ་ཆེར་རང་ས་ནས་ཐོན་པའི་ཤིང་གི་རྒྱུ་ཆ་ལས་གྲུབ་པ་ཞིག་རེད། ཆུ་བར་གྲོང་སྡེ་ཡོངས་ལ་དུད་ཚང་209དང་གྲོང་མི་654ཡོད་ཅིང་། དེའི་ནང་དུད་ཚང་37གྱིས་ཆེད་དུ་ལྗོངས་རྒྱུ་བར་སྣེ་ལེན་བྱེད་བཞིན་ཡོད་ལ་དེ་མིན་གྱི་དུད་ཚང་རྣམས་ལའང་སྣེ་ལེན་གྱི་ཆ་རྐྱེན་འཛོམས་པས་ཁོ་ཚོས་ད་ལྟར་ལྗོངས་རྒྱུ་བར་སྣེ་ལེན་བྱ་རྒྱུ་གྲ་སྒྲིག་བྱེད་བཞིན་མཆིས། 2014ལོར་གྲོང་སྡེ་ཡོངས་ཀྱིས་ལྗོངས་རྒྱུ་བར་སྣེ་ལེན་བྱས་ཏེ་ཡོང་འབབ་སྒོར་ཁྲི་486ལ་ཟིན་པ་རེད། ཡུལ་དངོས་སུ་བཅར་འདྲི་བྱས་མཐར་ཤེས་རྟོགས་བྱུང་དོན། ས་ཁོངས་འདིར་ཞིང་ཆེན་རིམ་པའི་གཞུང་ལམ་303དང་215པ་བརྒྱུད་ཡོད་པས་སི་ཁྲོན་ནུབ་རྒྱུད་ལྗོངས་རྒྱུའི་སྐོར་ལམ་དང་ཆུ་ཚོད་གཉིས་ལ་གངས་དཀར་རི་བོ་བསྐོར་བའི་ལྗོངས་རྒྱུའི་གྲོན་ཆུང་སྐོར་ལམ་སྟེང་གི་འགངས་ཆེའི་ས་གནས་རེད། བྱང་ནས་རོང་བྲག་བརྒྱུད་ཅིང་ལྷོ་རུ་ཉག་ཆུ་ཁ་དང་འབྲེལ། ཤར་དུ་དར་མདོ་དང་ཉེ་བས་དར་མདོའི་གནམ་གྲུ་ཐང་བར་དུས་ཚོད་གཅིག་དང་ཕྱེད་ཀ་ལས་མི་དགོས། འདི་ན་ཞིང་འབྲོག་རིག་གནས་དང་མི་ཉག་རིག་གནས་གཞི་གཅིག་ཏུ་འདུས་ནས་སྣ་མང་རིག་གནས་ཀྱི་གཟི་འོད་རབ་ཏུ་འབར། མགར་ཐར་དགོན་པ་དང་བཞག་བྲ་དཀར་པོ། དཔལ་སྨད་གསེག་སྡོང་། ལུང་བསྟན་རྩྭ་ཐང་སོགས་སྲིད་ན་དཀོན་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་ས་གནས་མང་ཚོགས་ཀྱིས་ཡུལ་སྐོར་བ་སྣེ་ལེན་བྱས་ཏེ་ཡོང་འབབ་འཕར་སྣོན་བྱུང་ཡོད་པ་དང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1