ལྷོ་རོང་དུ་སྔ་རྗེས་ཐེངས་གསུམ་སོང་བའི་མཐོང་ཐོས།

ནོར་བུ། ཕེང་ཧུང་། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-19




      ངེད་ཅག་གི་རླངས་འཁོར་མཚོ་ངོས་ལས་སྨི་5000ཡོད་པའི་རི་བོ་མཐོན་པོ་ཞིག་བརྒལ་ནས་བོད་ལྗོངས་ཀྱི་ཤར་ཁུལ་གྲམ་གཞུང་དུ་སླེབས། དེར་གང་སར་གཛུགས་སྐྲུན་གསར་པ་བྱེད་བཞིན་ཡོད་ཅིང་། གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཉམས་དགའ་བ་ཞིག་གིས་ཁེངས། ལྷོ་རོང་ནི་ཆབ་མདོ་ས་ཁུལ་གྱི་འབྲུ་རིགས་འཐོན་ཁུལ་གྱི་རྫོང་གཙོ་བོ་ཞིག་དང་བོད་ལྗོངས་ཤར་རྒྱུད་ཀྱི་འབྲུ་མཛོད་ལྟ་བུ་ཞིག་ཡིན། གཤམ་གྱི་གྲངས་འབོར་དག་ལས་ལྷོ་རོང་རྫོང་གི་ཞིང་ལས་འཕེལ་རྒྱས་ཀྱི་སྤྱིའི་གནས་ཚུལ་རྟོགས་ཐུབ།
      2009ལོར་ལྷོ་རོང་རྫོང་གིས་འབྲུ་རིགས་ཐོན་སྐྱེད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་ནས་སྤུས་ལེགས་ཐོན་སྐྱེད་རྟེན་གཞི་དང་། ནས་ཚད་གཞི་ཅན་འདེབས་གསོ་བྱེད་ས། རིམ་པ་གཉིས་པའི་ས་ཞིང་། ཞིང་ཆས་ཅན་དུ་བསྒྱུར་བའི་དཔེ་སྟོན་ས་གཞི་སོགས་འདེགས་འཛུགས་ལས་གཞི་འབད་བརྩོན་ཆེན་པོས་དོན་དུ་གཉེར་བས། སོན་བཟང་གིས་ཁྱབ་ཚད་བརྒྱ་ཆ86དང་། མུའུ་རེའི་འབྲུ་རིགས་ཐོན་ཚད་རྒྱ་མ540ཐོན་ཚད་བསྡོམས་འབོར་རྒྱ་མ3724.4བཅས་ཟིན་པ་དང་བསྟུད་མར་ལོ11ལ་ལོ་ལེགས་བྱུང་།
                                 ལྷོ་རོང་གི་བདེ་སྡོད་ལས་གྲྭ།
        ལོ་འདི་འགའི་རིང་ལ་ངེད་ཅག་གསར་འགོད་པ་དག་ལྷོ་རོང་དུ་ཐེངས་གསུམ་ལ་སོང་བས་དེའི་གྲོང་གསེབ་འཕེལ་རྒྱས་ཀྱི་གནས་ཚུལ་གསལ་པོར་རྟོགས། 2004ལོར་གསར་འགོད་པ་ཐེངས་དང་པོར་ལྷོ་རོང་དུ་ཕྱིན། དེ་དུས་ཞིང་པ་རྣམས་ཀྱི་ཡིད་ལ་ལེ་ལོ་བྱུང་བའི་དགའ་སྣང་གིས་ཁྱབ་ཡོད་མོད། གྲོང་ཚོའི་རྣམ་པ་ནི་སྔོན་ཆད་དང་འདྲ་བར་འགྱུར་ལྡོག་ཅི་ཡང་མེད་པ་སྟེ། ཞིང་ཆེན་རིམ་པའི་གཞུང་ལམ་དང་། རི་སུལ། རི་ངོས་བཅས་སུ་ཞིང་པའི་ཁང་གཞིས་ཐར་ཐོར་དུ་ཆགས་ཡོད་པ་དང་། གྲོང་ཚོའི་གང་སར་གད་སྙིགས་ཀྱིས་ཁེངས། 2006ལོར་གསར་འགོད་པ་ཡང་བསྐྱར་དེར་འབྱོར་དུས་བདེ་སྡོད་ལས་གྲྭའི་འགོ་བརྩམས་མ་ཐག་ཡིན་ཞིང་། དུད་ཁྱིམ་ཚང་མས་ཁང་ས་བསྙམས་ཏེ་ཁང་པ་གསར་དུ་རྒྱག་པར་བྲེལ་བའི་ངང་ཚུལ་དེ་ད་ལྟའང་ཡིད་ངོར་གསལ་པོ་འཆར་ཐུབ། 2009ལོར་གསར་འགོད་པ་ཐེངས་གསུམ་པར་འབྱོར་དུས་ལྷོ་རོང་གྲོང་གསེབ་ཀྱི་རྣམ་པ་རྩ་བ་ནས་འགྱུར་ཚར། བོད་ལུགས་ཀྱི་སྡོད་ཁང་གསར་པ་ཚང་མ་303གཞུང་ལམ་འགྲམ་གྱི་མཛེས་ལྗོངས་ཁྱད་པར་བ་ཞིག་ཏུ་གྱུར་ཡོད། གྲོང་གསེབ་གསར་པའི་འཛུགས་སྐྲུན་མདུན་དུ་སྐུལ་ཕྱིར། ལྷོ་རོང་ས་གནས་སྲིད་གཞུང་གིས་སྔ་ཕྱིར་ཤོ་མདོ་གྲོང་རྡལ་སོགས་གྲོང་རྡལ་དང་གྲོང་ཚོ་བཅུ་ལྷག་ཏུ་གྲོང་གསེབ་གསར་པའི་དཔེ་སྟོན་རྟེན་གཞི་དང་། གཅིག་སྡུད་ཀྱིས་གནས་སྤོ་བ་སོགས་ཀྱི་ལས་གཞི་དོན་ཏུ་གཉེར། 2008ལོའི་ལོ་མཇུག་བར་ཏུ་རྫོང་ཡོངས་ཀྱི་དུད་ཁྱིམ་2809བདེ་འཇགས་དང་སྤྱོད་གོ་ཆོད་པའི་ཁང་པ་གསར་པར་སྤོས། 2009ལོར་ཡང་རྫོང་ཡོངས་ཀྱི་དུད་ཁྱིམ་1924ཡི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་བཀོད་སྒྲིག་བྱས་པ་དང་། ལོ་མཇུག་ཏུ་བསླེབས་དུས་ལྷོ་རོང་རྫོང་གིས་ལོ་ལྔའི་འཆར་འགོད་བཅུ་གཅིག་པ་རུ་བཀོད་པའི་བདེ་སྡོད་ལས་གྲྭའི་ལས་འགན་ཁྱོན་ཡོངས་ནས་འགྲུབ་རྒྱུ་རེད།
         འཕྲུལ་འཁོར་བསྐོར་ནས་ཕྱུག་འགྱུར་ལམ་དུ་འགྲོ།
     ལྷོ་རོང་རྫོང་གི་གྲོང་གསེབ་ཏུ་སོང་ཚེ་གཞུང་ལམ་དུ་འདྲུད་འཐེན་འཕྲུལ་འཁོར་དང་ཞིང་སྤྱོད་རླངས་འཁོར་མང་པོ་འགྲོ་འོང་བྱེད་བཞིན་ཡོད་པ་དང་། ཞིང་པ་སྔར་ལས་མང་བས་རེ་བ་གནམ་ལ་བཅོལ་ནས་འཚོ་ཐབས་བྱེད་པའི་འདུ་ཤེས་ཪྙིང་པ་བསྒྱུར་བ་མཐོང་ཐུབ་པ་སྟེ། ཚང་མས་སྔ་ཕྱིར་ཞིང་ལས་འཕྲུལ་ཆས་ཉོས་ནས་སོ་ནམ་ལ་བྲེལ་བ་ཆེ་དུས་སོ་ནམ་གཉེར་བ་དང་ཁོམ་ལོང་བྱུང་ཚེ་ཞོར་ལས་གཉེར་རྒྱུ་དེ་ད་ལྟ་ལྷོ་རོང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར།
      ཉིན་རེའི་ཞོགས་པར། ལྷོ་རོང་རྫོང་གི་རྫི་ཐོ་གྲོང་རྡལ་རྒྱབ་རི་རྩ་གྲོང་ཚོའི་གྲོང་མི་ཨུ་ཡོན་ལྷན་ཁང་གི་སྒོ་ཁར་འདྲུད་འཐེན་འཕྲུལ་འཁོར་གྱི་སྒྲ་མ་བགྲོས་གཅིག་མཐུན་དུ་གྲགས་བྱུང་བ་དང་། ཡུན་རིང་མ་འགོར་བར་འདྲུད་འཐེན་འཁོར་ལོ་ལྔ་བཅུ་ལྷག་གྲོང་ཚོ་ལས་ཐོན་ཏེ་བྲེལ་ཟིང་ཆེ་བའི་ཉིན་གཅིག་གི་ལས་ཀའི་འགོ་བརྩམས།  རྒྱབ་རི་རྩ་གྲོང་ཚོ་ནི་རྫོང་མཁར་དང་ཉེ་སར་ཡོད། འགྲིམ་འགྲུལ་སྟབས་བདེ་ཞིང་གྲོང་ཚོ་ཆགས་སའི་དགེ་མཚན་གྱི་རྐྱེན་གྱིས་ཞིང་དུད་མང་པོས་ལོ་ངོ་དུ་མའི་སྔ་རོལ་ནས་འདུད་འཐེན་འཁོར་ལོ་ཉོས་ཡོད་པ་དང་། སོ་ནམ་གྱི་ལས་བྲེལ་མི་ཆེ་བའི་གླགས་དང་བསྟུན་ནས་བྱེ་ཟེགས་དབོར་ནས་ཡོང་སྒོ་མང་དུ་གཏོང་ཐབས་བྱེད། གྲོང་མི་ངག་དབང་ཚེ་བརྟན་གྱིས་རྒྱལ་ཁབ་ཀྱི་ཞིང་ཆས་ཉོ་སྒྲུབ་གསབ་དངུལ་སྲིད་ཇུས་རྟོགས་རྗེས། ཞིང་སྤྱོད་་འདྲུད་འཐེན་འཁོར་ལོ་ཉོས་ནས་སྐྱེལ་འདྲེན་བྱེད་རྒྱུའི་འདུན་པ་སྐྱེས་ཤིང་། གྲོང་མི་གཞན་དང་འདྲ་བར་བྱེ་ཟེགས་དབོར་ནས་ཡོང་སྒོ་སྤར་ཐབས་མི་བྱེད་དོན་ཅི་སྙམ། ན་ནིང་ཁྱིམ་མི་དང་གྲོས་བྱས་རྗེས་ཞིང་ཆས་ཉོ་སྒྲུབ་གསབ་དངུལ་6000ཅན་གྱི་ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་ཞིག་ཉོས། དབོར་འདྲེན་རུ་ཁག་ལ་ཞུགས་རྗེས་ལས་ཀ་མེད་པར་སེམས་ཁུར་བྱ་དགོས་མེད། ད་ལོ་ངས་ཨར་ལས་བྱེད་སར་བྱེ་ཟེགས་དབོར་བ་ཁོ་ནས་ཀྱང་སྒོར་ཁྲི3གྱི་ཡོང་སྒོ་བྱུང་ཞེས་རྫི་ཐོ་གྲོང་རྡལ་གྱི་དབུལ་སྐྱོར་བྱེ་ཟེགས་ར་བ་རུ་བྱེ་ཟེགས་དབོར་བཞིན་པའི་ངག་དབང་ཚེ་བརྟན་གྱིས་ཡིད་ཚིམ་པའི་ངང་ནས་དེ་སྐད་བརྗོད།
       2008ལོར་བཙུགས་པའི་རྒྱབ་རི་རྩ་གྲོང་ཚོའི་འདྲུད་འཐེན་འཁོར་ལོའི་རུ་ཁག་ལ་ད་ལྟ་འདྲུད་འཐེན་འཁོར་ལོ་52ཡོད་པ་དང་། གྲོང་ཚོར་ད་དུང་འདྲུད་འཐེན་འཁོར་ལོ་ཉམས་གསོ་དང་ལྷུ་ལག་བཙོང་སའང་ཡོད། འབོར་འདྲེན་རུ་ཁག་གིས་ཨར་ལས་རུ་ཁག་དང་བྱེ་རྡོ་ར་བ་དང་མཐུན་སྡེབ་ཀྱིས་མཉམ་ལས་བྱེད་བཞིན་ཡོད། ཟླ་བ་10པའི་ཟླ་དཀྱིལ་བར་དུ་དབོར་འདྲེན་རུ་ཁག་གི་ཡོང་སྒོ་སྒོར་ཁྲི་14.2500ཟིན་པ་བྱུང་། རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་འོག རྫི་ཐོ་གྲོང་རྡལ་ཤར་སྒོ་གྲོང་ཚོས་ཞིང་དུད་མཐུན་ཚོགས་རྣམ་པ་ཅན་གྱི་ཐབས་ཤེས་སྤྱད་དེ་ཞིང་དུད་16ལས་གྲུབ་པའི་ཞིང་ཆས་མཐུན་ཚོགས་བཙུགས། ངེད་ཅག་ཞིང་པ་རྣམས་ཕྱུག་པོར་འགྱུར་བར་རེ་བ་ཆེན་པོ་ཡོད་ཅེས་སྨྲས། ན་ནིང་ཁོས་ཞིང་ཆས་གསབ་དངུལ་སྤྱད་ནས་ཞིང་སྤྱོད་འདྲུད་འཐེན་འཁོར་ལོ་ཞིག་ཉོས་པ་དང་། དེ་སྤྱད་ནས་ལོ་ཧྲིལ་པོར་ཡོང་སྒོ་གཙང་མ་སྒོར་ཁྲི་3.5བྱུང་སྟེ་ཕྱུག་འགྱུར་གྱི་ལམ་དུ་འགྲོ་ཐུབ་པ་བྱུང་།
       མཐུན་ཚོགས་ཀྱིས་གྲོང་ཚོ་ཧྲིལ་པོའི་ཞིང་ཆས་ཉོ་སྒྲུབ་གསབ་དངུལ་སྤྱད་ནས་ཉོས་པའི་ཞིང་ཆས་རྣམས་རྩ་འཛུགས་བྱས་ཐོག གཞི་ཁྱོན་ཅན་དང་ཆེད་ལས་ཅན་གྱི་དགེ་མཚན་འདོན་སྤེལ་བྱས་ནས། རིམ་གཉིས་འབྲུ་རིགས་གསོ་སྐྱོང་རྟེན་གཞི་དང་། ཚད་གཞི་ཅན་གྱི་ནས་འདེབས་གསོ་ཁུལ་དང་། ཉེ་འདབས་ཀྱི་ཞང་དང་གྲོང་ཚོ་བཅས་ལ་རྨོ་འདེབས། འབྲེག་སྡུད། དབོར་འདྲེན་བཅས་ཀྱི་ཞབས་ཞུ་ཆ་ཚང་མཁོ་འདོན་དང་། གཅིག་གྱུར་གྱིས་ལས་ཀ་འཚོ་བ་དང་། གཅིག་གྱུར་གྱིས་བཀོད་གཏོང་། གཅིག་གྱུར་གྱིས་སྒྲིག་འཛུགས། གཅིག་གྱུར་གྱིས་ཞབས་ཞུའི་གན་རྒྱ་འཇོག་པ། གླ་ཡོན་ཚད་གཞི་གཅིག་གྱུར། གཅིག་གྱུར་གྱིས་ཡོང་འབབ་བགོ་བཤའ་རྒྱག་པ། བཅས་ཀྱི་ཚོང་རའི་ལས་ཀ་བྱེད་སྟངས་ལག་ཏུ་བསྟར། 2009ལོའི་ཟླ4བར་མཐུན་ཚོགས་བཙུགས་པའི་ཚུན་ལ། རིམ་གཉིས་འབྲུ་རིགས་གསོ་སྐྱོང་རྟེན་གཞི་དང་ཚད་གཞི་ཅན་གྱི་ནས་འདེབས་གསོ་ཁུལ་གྱ་ས་ཞིང་མུའུ་4200རུ་འཕྲུལ་ཆས་ཀྱིས་རྨོ་འདེབས་དང་འབྲེག་སྡུད་བྱས་ཤིང་། ཡོང་སྒོ་སྒོར་12000ཡན་བྱུང་། དེ་མིན་ད་དུང་ལས་སྒོ་གཞན་གྱི་དབོར་འདྲེན་ཐེངས་1000ལྷག་བྱས་པར་ཡོང་སྒོ་སྒོར་ཆིག་འབུམ་ཡན་བྱུང་།
       ཁྱད་ཆོས་གསལ་བའི་ཕྱུག་འགྱུར་རོལ་དབྱངས་སྙན།
      ལོ་འདི་འགའི་རིང་ལ་ལྷོ་རོང་རྫོང་སྲིད་གཞུང་གིས་མ་དངུལ་ཁ་གསབ་དང་། ལག་རྩལ་ཁྲིད་སྟོན། རྗེས་སྙེག་ཞབས་ཞུ་བཅས་བྱེད་པར་བརྟེན་ནས་དམིགས་བསལ་ཁྱད་ཆོས་ལྡན་པའི་འདེབས་འཛུགས་འཚོ་སྐྱོང་ལས་རིགས་གོང་དུ་སྤེལ་ཧ་ཐུབ་བྱས་པས། ས་དེའི་ཁྱད་ཆོས་མི་འདྲ་བ་ལྡན་པའི་འདེབས་འཛུགས་ལས་རིགས་དང་འཚོ་སྐྱོང་ལས་རིགས་དེ་ཞིང་འབྲོག་མང་ཚོགས་ཕྱུག་པོར་འགྱུར་བའི་འདོད་འཇོའི་དཔག་བསམ་ལྗོན་པ་ལྟ་བུར་གྱུར།  སྔོན་ཆད་ཡོང་སྒོ་གཙོ་བོ་ས་ཞིང་མུའུ་འགར་བརྟེན་བཞིན་ཡོད། རྫོང་ཞིང་འབྲོག་ཅུས་ཡི་རྒྱབ་སྐྱོར་འོག  2007ལོར་ཞིང་ཁར་སྔོ་ཚོད་ཀྱི་དྲོད་ཁང་གཉིས་བརྒྱབ་པ་དང་ཁྱིམ་བྱའང་གསོ་འགོ་བརྩམས་པས་ཁྱིམ་གྱི་ཡོང་སྒོ་བརྟན་པོ་བྱུང་སོང་། ཞེས་རྫི་ཐོ་གྲོང་རྡལ་གྱི་ཨ་ཐོག་ཁ་གྲོང་ཚོའི་གྲོང་མི་མཚོ་མོས་གསར་འགོད་པར་དེ་སྐད་སྨྲས།
       མཚོ་མོའི་ཁྱིམ་དུ་བརྒྱབ་པའི་སྔོ་ཚོད་དྲོད་ཁང་དུ་ཧོང་ཀྭ་དང་། ཀྲོ་མ་ཀྲི། སུར་པན། ཆིན་ཚལ། ཧྭ་ཚལ་སོགས་སྔོ་ཚོད་ཀྱི་རིགས་ཅི་འདོད་འདོད་ཡོད། ལས་ཚེ་ཆེ་ཡང་མོའི་འདོད་བློ་གཏིང་ནས་ཚིམ་ཡོད་དེ། ད་ལོ་གཅིག་པུར་ཡང་བྱ་གསོ་ཁང་གི་ཁྱིམ་བྱ་དང་ངུར་པ་200ལྷག་ཡོད་པ་ལས་150ལྷག་བཙོངས་ཟིན། དེའི་ཁར་དྲོད་ཁང་གི་སྔོ་ཚོད་བཙོངས་པའི་ཡོང་སྒོ་བསྣན་ཚེ།  2009ལོའིཟླ་བ་10པའི་ཟླ་དཀྱིལ་བར་དུ་ཁྱིམ་གྱི་ཡོང་སྒོ་སྒོར་21000ལྷག་ལ་སོན་པ་དང་། ཡོང་སྒོ་གཙང་མ་སྒོར་9000ཡན་བྱུང་།  ལྷོ་རོང་རྫོང་གིས་རྫོང་མཁར་གྱི་འདབས་སུ་ཕག་གསོ་ར་བ་2དང་བྱ་གསོ་ར་བ་2བཙུགས་ཡོད་ཅིང་། དེས་ཁྱོན་བསྡོམས་ཁྱིམ་དུད་17ཕག་གསོ་སྤེལ་ལས་རིགས་སུ་ཞུགས་པར་རོགས་སྐྱོར་དང་སྣེ་ཁྲིད་བྱས་པས། མི་ཁྱིམ་རེའི་ཡོང་སྒོ་སྒོར་2000འཕར། ཆེད་ལས་བྱ་གསོ་ཁྱིམ་དུད་གཅིག་ལ་རོགས་སྐྱོར་དང་། ཞིང་དུད་གསུམ་དེར་ཞུགས་པར་སྣེ་ཁྲིད་བྱས་ཏེ་གསོ་སྤེལ་ཁྱིམ་དུད་ཀྱི་ཡོང་སྒོ་ལོ་རེར་སྒོར་8000འཕར། དམིགས་བསལ་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་གོང་དུ་སྤེལ་བ་བརྒྱུད་ནས་མཐའ་འཁོར་གྱི་མང་ཚོགས་ལས་རིགས་དེར་ཞུགས་པའི་ཧུར་སེམས་ཇེ་ཆེར་བཏང་བ་རེད།
        སྲིད་གཞུང་གིས་སྣེ་ཁྲིད་དང་མ་དངུལ་གྱིས་རོགས་སྐྱོར་བྱས་འོག  2007ལོ་ནས་བཟུང་། རྔུལ་ཤོད་ཞང་སྒང་གྲོང་གི་གྲོང་མི་བྱམས་ལིས་ཕག་གསོ་འགོ་བརྩམས་ཤིང་ད་ལྟ་ཕག་10གསོས་ཡོད། ན་ནིང་ཕག་གསུམ་བཙོངས་པར་ཡོང་སྒོ་སྒོར་1800ལྷག་བྱུང་། ཁོས་ང་ཚོའི་གྲོང་ཚོར་ཁྱོན་བསྡོམས་བོད་ཕག་གསོ་བའི་ཆེད་ལས་ཁྱིམ་དུད་17ཡོད། རྫོང་ཚན་རྩལ་གསོ་སྤེལ་སྦྱོང་བརྡར་རྟེན་གཞིས་རིན་མི་དགོས་པར་ཕག་ཕྲུག་བྱིན་པ་དང་། ལག་རྩལ་ཐད་ཀྱི་ཁྲིད་སྟོན་དང་རིམས་ནད་བརྟག་པ་སོགས་བྱས། ད་ལྟའི་བར་དུ་ངའི་ཁྱིམ་གྱིས་ཕག་དྲུག་བཙོངས་པར་ཡོང་སྒོ་སྒོར་3600ལ་ཉེ་བ་བྱུང་། འདེབས་འཛུགས་དང་གསོ་སྤེལ་ཟུང་དུ་སྦྲེལ་བ་བརྒྱུད་ནས་གཞི་ཁྱོན་རྒྱ་སྐྱེད་པ་དང་ཡོང་སྒོ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ཟེར། ཏང་གི་ཕྱུག་འགྱུར་སྲིད་ཇུས་ལས་བྱུང་བའི་ཕན་ཁེ་ལ་བྱམས་ལི་ཧ་ཅང་ཡིད་ཚིམ་ཡོད། 2007ལོར་རྫོང་ཚན་རྩལ་གསོ་སྤེལ་སྦྱོང་བརྡར་རྟེན་གཞི་རུ་སྦྱོང་བརྡར་ཐོབ་རྗེས། གྲོང་ཚོ་དེའི་གྲོང་མི་ངག་དབང་དོན་གྲུབ་ཀྱིས་ཀྱང་ཕག་གསོ་འགོ་བརྩམས། ཁོས་ད་ལྟ་ཕག8གསོས་ཡོད་པ་དང་ལོ་གཅིག་ལ་ཡོང་སྒོ་སྒོར་2400ལྷག་བྱུང་།
      ལྷོ་རོང་རྩམ་པའི་བསུང་ངད་རིང་དུ་མཆེད།
      ལྷ་སའི་ཚོང་རར་སྟོད་ལུང་གི་རྒུ་རུམ་རྩམ་པ་ཡོད་པ་དང་། གཞིས་ཀ་རྩེའི་ཚོང་རར་པ་སྣམ་གྱི་རྩམ་པ་ཡོད། ཆབ་མདོའི་ཚོང་རར་ལྷོ་རོང་གི་རྩམ་པ་ཡོད། ལྷོ་རོང་རྩམ་པ་ནི་ཆབ་མདོའི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཚང་མར་འཚོང་རྒྱུ་ཡོད་ཅིང་སྐྱེ་བོ་རྣམས་ཤིན་ཏུ་དགའ་བའི་རྩམ་པ་ཞིག་ཡིན།  ལོ་འདི་དག་རིང་ལ་བོད་ལྗོངས་ཤར་ཕྱོགས་ཀྱི་འབྲུ་མཛོད་ཅེས་པའི་མཚན་སྙན་ལྡན་པའི་ལྷོ་རོང་རྫོང་གིས་ཞིང་པས་བཏབ་པའི་ནས་དང་པད་ཁ་སོགས་ཕྱིར་འཚོང་བའི་གནད་དོན་ཐག་གཅོད་པའི་ཆེད་དུ་ཐབས་ཤེས་གང་མང་སྤྱད། དེ་ཡང་རྫོང་གིས་སྒོར་ཁྲི་36བཏང་ནས་བསྐྲུན་པའི་ལྷོ་རོང་རྩམ་པ་ལས་སྣོན་བཟོ་གྲྭས་སྤྱི་ལོ་2005ལོར་དངོས་སུ་ལས་གཉེར་གྱི་འགོ་བརྩམས། ལོ་དེར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི15བྱུང་སྟེ་ཞིང་པའི་ཁྱིམ་དུད་ལ་ཡོང་སྒོ་སྒོར་ཁྲི་7.5བྱུང་། 2006ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་30བྱུང་ཞིང་ནས་དང་པད་ཁ་མཁོ་འདོན་བྱེད་མཁན་ཞིང་དུད་ཀྱི་ཡོང་འབབ་ཆ་སྙོམས་སུ་སྒོར་400འཕར།
     2007ལོར་ས་ཁུལ་དང་རྫོང་ནོར་སྲིད་ཀྱིས་མ་རྩ་སྒོར་འབུམ5མཉམ་དུ་བཏང་ནས་རྩམ་པ་ལས་སྣོན་བཟོ་གྲྭའི་རྒྱ་ཆེ་རུ་བསྐྱེད་པ་དང་། ལག་རྩལ་བསྒྱུར་བཀོད། སྒྲིག་ཆས་ནང་འདྲེན་བཅས་བྱས་པ་དང་འབྲེལ། ཞིང་པའི་ཁྱིམ་དུད་དང་མངག་ཐོ་སྔོན་འགོད་ཀྱིས་ནས་དཀར་རྒྱ་མ་འབུམ2ཉོས་པས། ཞིང་པ་ཁྱིམ་དུད་210ཡི་ཡོང་སྒོ་སྒོར་350རེ་འཕར་བ་དང་། བཙོངས་པའི་ཡོང་སྒོ་སྒོར་ཁྲི་36བྱུང་། རྩམ་པ་ཐོན་སྐྱེདབྱེད་པའི་གཞི་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་རྩམ་པ་ཐོན་ལས་ཅནདུ་གཏོང་བའི་ཆེད་དུ། སྤྱི་ལོ་2008ལོར་ཀྲུང་གོ་ཡོན་དབྱང་ཚོགས་པས་མ་རྩ་སྒོར་ཁྲི་150བཏང་ནས་བཟོ་གྲྭ་དེ་རྒྱ་སྐྱེད་་དང་། དེ་སྔའི་འབྲུ་རིགས་ཅུས་ཀྱི་རྩམ་པ་བཟོ་གྲྭ་བསྐྱར་བཟོ་བྱས་པ་མ་ཟད། ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རྒྱས་གཏོང་སྟངས་ཏེ་ཀུང་སི་དང་ཞིང་དུད་རྟེན་གཞི་བཅས་ཀྱི་རྣམ་པ་ཅན་དངོས་སུ་ལག་ལེན་དུ་བསྟར་བ་དང་། སྲིད་གཞུང་གིས་སྣེ་ཁྲིད་ནས་ཞང་དང་གྲོང་རྡལ5ཡི་རྩམ་པ་སྤུས་ལེགས་ཐོན་སྐྱེད་བྱེད་ཁུལ་གྱི་ཁྱིམ་དུད་280ལ་ནས་དཀར་རྒྱ་མ་འབུམ3གྱི་མཁོ་འཚོང་གན་རྒྱ་བཞག དེ་ལས་ཁྱིམ་དུད་རེའི་ཡོང་སྒོ་སྒོར་600རེ་འཕར་བ་དང་། ཐོན་སྐྱེད་གཞི་ཁྱོན་དེ་ལོ་རེར་རྒྱ་མ་འབུམ་5ཡན་ཟིན་པའི་ཚད་དུ་སོན་ཏེ་ལོ་གཅིག་ལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་50.4ཟིན་པ་བྱུང་། ལོ་དེར་ལྷོ་རོང་རྩམ་པའི་ཚོང་རྟགས་ལ་རྒྱལ་ཁབ་ཀྱི་ཁས་ལེན་དངོས་སུ་ཐོབ། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་དྲུག་པའི་བར་དུ་ཐོན་སྐྱེད་རྟེན་གཞིའི་ཁྱིམ་དུད་300དང་ནས་དཀར་རྒྱ་མ་འབུམ་4ཡི་ཉོ་སྡུད་གན་རྒྱ་བཞག་ཅིང་། ཁྱིམ་དུད་རེའི་ཡོང་སྒོར་550རེ་འཕར། ད་ལྟ་རྩམ་པ་ལས་སྣོན་བཟོ་གྲྭ་རྫོང་དེའི་རྩམ་པའི་ཚོང་རའི་བརྒྱ་ཆའི་95བཟུང་ཡོད་པ་མ་ཟད། ཆབ་མདོ་དང་ཉེ་འདབས་ཀྱི་དཔལ་འབར། དཔའ་ཤོད། སྨར་ཁམས་སོགས་སུའང་འཚོང་བཞིན་ཡོད། དེ་ཉིད་ཆབ་མདོའི་རྩམ་པ་ལས་སྣོན་བཟོ་གྲྭ་མང་པོའི་གྲས་ནས་འབུར་དུ་ཐོན་པ་དང་ད་ལྟ་ལོ་རེར་རྩམ་པ་རྒྱ་མ་འབུམ་5དང་། པད་ཁ་རྒྱ་མ་འབུམ་1ལས་སྣོན་བྱེད་ཐུབ་ལ། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་འབུམ8ཟིན་པའི་སྣེ་ཁྲིད་ཁེ་ལས་སུ་གྱུར་ཡོད།
                       གཞུང་ལམ་བཟོས་ནས་ཕྱུག་འགྱུར་སྒོ་འཕར་ཕྱེ།
       ཞབས་གཡས་ཟམ་པ་ནས་དཔེ་རྟགས་ཞང་བར་གྱི་སྤྱི་ལེ་20ལྷག་གི་གཞུང་ལམ་དེ་དར་དཀར་ཡུག་གཅིག་དང་མཚུངས་པར་རྒྱལ་མོ་རྔུལ་ཆུའི་གྲོག་རོང་དུ་བསྲིངས། ལམ་ཐག་དེ་འདྲའི་མི་རིང་ཡང་ལམ་འགག་དོག་ཅིང་གཟར་ལ་ཉེན་ཁ་ཧ་ཅང་ཆེ་བས་སྐྱི་གཡའ་བ་ཞིག་རེད། རླངས་འཁོར་གྱི་ནང་ནས་རྒྱལ་མོ་རྔུལ་ཆུར་ཐུར་དུ་བརྟས་ཚེ་རང་ཉིད་བར་སྣང་ཁམས་སུ་ཡོད་པའི་སྣང་འབྱུང་། 2006ལོར་བཟོས་པའི་གཞུང་ལམ་འདིས་དཔེ་རྟགས་ཞང་གི་ཁུ་སིམ་སྦུག་དོག་གི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ། དཔེ་རྟགས་ཞང་ནི་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཆགས་ཡོད་ཅིང་ཕྱོགས་བཞིར་རི་ཚོགས་ཀྱི་ཡོལ་བས་ཀུན་ནས་བསྐོར་བས་གྲམ་གཞུང་གི་ནམ་ཟླ་ཐུན་མོང་མ་ཡིན་པ་དང་ལྡན་པ་རེད། གྱ་གྱུའི་འགྲོས་དང་བཅས་ཏེ་འབབ་པའི་རྒྱལ་མོ་རྔུལ་ཆུའི་ངོགས་སུ་སྤང་ཐང་ཉུང་ཙམ་ཞིག་ལས་མེད་ཅིང་། ཞང་དང་གྲོང་རྡལ་གཞན་དང་བསྡུར་ན་འདི་ས་བབ་ཅུང་དམའ་བས་སྟར་ག་དང་། ཀུ་ཤུ། གཡེར་མ་སོགས་སྐྱེ། རྨོ་ཞིང་ཉུང་ཡང་སྐྱེ་དངོས་ཀྱི་རིགས་འབེལ་བས་ཉམས་དགའི་ཞིང་ཁམས་ལྟ་བུ་ཞིག་ཏུ་སྣང་།
      གཞུང་ལམ་བཟོས་ནས་གྲུབ་ན་ཡང་། དཔེ་རྟགས་ཞང་གི་ཐོན་དངོས་ཚོང་རར་ཇི་ལྟར་དྲངས་ན་འོས་སམ། 2007ལོར་དཔེ་རྟགས་ཞང་དུ་ཞིང་འབྲོག་དམངས་ཡོང་འབབ་འཕར་སྣོན་མཐུན་ཚོགས་བཙུགས་ནས་ཐོང་ཐོག་དང་དཔེ་ཐོག་གྲོང་ཚོ་གཉིས་ཀྱི་སྟར་ག་དང་ཀུ་ཤུ་སོགས་ཁྱད་ཐོན་ཞིང་ལས་ཐོན་རྫས་གཅིག་གྱུར་དུ་བཙོངས་པས་གྲོང་ཚོ་དེ་གཉིས་ཀྱི་ཡོང་སྒོ་སྒོར་ཁྲི་3.2འཕར།
  ཐོང་ཐོག་གྲོང་ཚོའི་གྲོང་པ་ནོར་བུ་ནི་ཐོན་འཕར་མཐུན་ཚོགས་ཀྱིས་བར་སྨྱན་བྱས་ནས་ཁེ་ཕན་ཐད་ཀར་རག་པའི་གྲོང་མིའི་གྲས་ཀྱི་གཅིག་རེད། ད་ལོ་ཁོས་མཐུན་ཚོགས་དེ་བརྒྱུད་ནས་སྟར་ག་རྒྱ་མ་200དང་། ཀུ་ཤུ་རྒྱ་མ་4བཅས་བཙོངས་ཤིང་ཡོང་སྒོ་སྒོར5760བྱུང་།  2009ལོའི་ཟླ་བ8པར། དཔེ་རྟགས་ཞང་གི་སྟར་ག་དང་། ཀུ་ཤུ། གཡེར་མ་སོགས་ཞིང་ལས་ཐོན་རྫས་སྔ་ཕྱིར་སྨིན་པའི་དུས་སུ། ཞང་དེའི་ཐོན་འཕར་མཐུན་ཚོགས་ཀྱིས་གོ་སྐབས་བཟང་པོ་སྤྱད་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་དང་། ཕྱིར་འཚོང་ཐབས་ལམ་ལ་རྩ་འཛུགས་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག གྲོང་ཚོ་གཉིས་ནས་སྟར་ག་རྒྱ་མ་3000དང་། ཀུ་ཤུ་རྒྱ་མ་5000ཉོ་སྡུད་བགྱིས་པ་དང་རྫོང་མཁར་དུ་དབོར་ནས་བཙོངས། རྫོང་མཁར་གྱི་མིས་འཕྲོག་རྩོད་ཀྱིས་ཉོས་ཏེ་ཉིན་འགའི་ནང་ལ་སྟར་ག་དང་ཀུ་ཤུ་རྒྱ་མ་8000ཡོངས་སུ་བཙོངས་ཚར། དེས་མང་ཚོགས་ཀྱི་ཐད་ཀའི་ཡོང་སྒོ་སྒོར་ཁྲི་4.2འཕར་སྣོན་བཏང་བ་རེད།
           ཞིང་ཕན་སྲིད་ཇུས་ཁྱིམ་དུད་ཡོངས་ལ་བསླེབས།
         སྤྱོད་སྒོ་སྣ་འཛོམས་ཁཱ་འདི་ཉིད་ཡོད་པས་ལོ་རེར་རང་ཉིད་ལ་དངུལ་ག་ཚོད་ལེན་རྒྱུ་ཡོད་པ་ཡིད་ལ་གསལ་པོར་ངེས་ཐུབ། ཅེས་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་གྱི་རྒྱབ་རི་རྩ་གྲོང་ཚོའི་བཀྲ་ཤིས་ལྷ་མོས་ལག་ཏུ་བཟུང་བའི་ཁཱ་དེ་སྟོན་བཞིན་དགའ་སྤྲོའི་ངང་ནས་དེ་བཞིན་བརྗོད།  ད་ལོ་ངེད་ཁྱིམ་ལ་འབྲུ་རིགས་རྨོ་འདེབས་གསབ་དངུལ་དང་། སོན་བཟང་གསབ་དངུལ། པད་ཁའི་གསབ་དངུལ། ཏེན་ཚྭའི་གསབ་དངུལ་བཅས་ལེན་རྒྱུ་ཡོད་ཅིང་བསྡོམས་པས་སྒོར་324.27བླངས་ཟིན་བཀྲ་ཤིས་ལྷ་མོས་མཐེ་བོང་སྒྲེང་ཞོར་རྒྱལ་ཁབ་ཀྱི་ཞིང་ཕན་སྲིད་ཇུས་ལ་དྲིན་གསོལ་གྱི་རྣམ་འགྱུར་བསྟན། ཏང་དང་སྲིད་གཞུང་གི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་སྔར་ལས་ལྷག་པར་རྒྱ་ཆེའི་ཞིང་པ་རྣམས་ལ་རྟོགས་སུ་འཇུག་པ་དང་། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་ཀྱི་ཚད་གཞི་དང་། འབྱུང་ཁུངས་གསལ་པོར་རྗོད་པ་དང་། དེའི་མ་དངུལ་ཚང་མ་དུས་ཐོག་དང་གྲངས་ཚད་འདང་ངེས་ཀྱི་ཐོག་ནས་ཞིང་འབྲོག་མང་ཚོགས་ཀྱི་ལག་ལ་ཆུད་པར་བྱེད་པ་དང་། སྲིད་གཞུང་གི་ལས་ཀ་མངོན་གསལ་དོད་པོ་ཡོང་བར་ཁག་ཐེག་བྱེད་པའི་ཆེད་དུ། ལྷོ་རོང་རྫོང་གིས་རང་སྐྱོང་ལྗོངས་ཀྱི་ཞིང་སྐྱོར་ཞིང་ཕན་སྲིད་ཇུས་སྐོར་གྱི་ཡིག་ཆ་སྣ་ཚོགས་སྡེབ་སྒྲིག་བྱས་ནས《ལྷོ་རོང་རྫོང་གི་ཞིང་འབྲོག་ཁྱིམ་དུད་ཀྱིས་ནོར་སྲིད་ཞིང་སྐྱོར་ཞིང་ཕན་མ་དངུལ་ལེན་པའི་སྤྱོད་སྒོ་སྣ་འཛོམས་ཁཱ》ཞེས་པ་བཟོས། ཁཱ་དེའི་ནང་དུ་འབྲུ་རིགས་ཀྱི་ཐད་ཀའི་རོགས་དངུལ་དང་། ཞིང་ལས་རྒྱུ་ཆས་ཕྱོགས་བསྡུས་ཐད་ཀའི་རོགས་དངུལ་དང་། ཞིང་ལས་འཕྲུལ་འཁོར་དང་འཕྲུལ་ཆས་ཉོ་སྒྲུབ་གསབ་དངུལ། སོན་བཟུང་ཁྱབ་སྤེལ་གསབ་དངུལ། པད་ཁ་འདེབས་འཛུགས་གསབ་དངུལ། རྨོ་བསྐྱུར་ནགས་གསོ་ལག་དངུལ་གསབ་དངུལ་སོགས་རྣམ་གྲངས་20ལ་ཉེ་བ་ཁ་གསབ་དུ་བཀོད་ཡོད་པས། ཏང་དང་སྲིད་གཞུང་གི་ཞིང་སྤེལ་ཞིང་ཕན་སྲིད་ཇུས་དངོས་གནས་མི་དམངས་ཀྱི་སེམས་གཏིང་དུ་གསལ་བར་བྱས།
  སྤྱོད་སྒོ་སྣ་འཛོམས་ཁཱ་དང་འབྲེལ་བའི་ནང་དོན་གཙོ་བོ་ནི། གསབ་དངུལ་ལོངས་སུ་སྤྱོད་པའི་ཞིང་དུད་ཡོད་སའི་ཞང་གྲོང་རྡལ་དང་གྲོང་ཚོ། རང་བྱུང་གྲོང་ཚོ། དུད་ཐོ་དང་ཁཱ་ཡི་ཨང་གྲངས། ཁྱིམ་བདག་གི་མིང་བཅས་དང་། ཞིང་སྐྱོར་ཞིང་ཕན་སྲིད་ཇུས་སྣ་ཚོགས་ཀྱི་མ་དངུལ་དངོས་སུ་བྱིན་པའི་ལོ་དུས། ཁ་གསབ་གྱི་རིགས། ཁ་གསབ་གྱི་གྲངས་ཀ ཁ་གསབ་ཀྱི་ཚད་གཞི། ཁ་གསབ་མ་དངུལ་སོགས་བཀོད་ཡོད། སྤྱོད་སྒོ་སྣ་འཛོམས་ཁཱ་ཡི་ནང་དུ་བོད་རྒྱ་ཡིག་རིགས་གཉིས་སྤྱད་ཡོད་པ་དང་ ་དུད་རེར་ཁཱ་རེ་ཡོད། དེ་ཞང་དང་གྲོང་རྡལ་གྱིས་སྟེར་བ་དང་ཁྱིམ་བདག་གིས་མིང་ཐོ་བཀོད་རྗེས་ཁྱིམ་བདག་རང་ཉིད་ཀྱིས་ཉར་ཚགས་བྱ་དགོས། མ་དངུལ་གཏོང་དུས་ཀྱང་ཞང་དང་གྲོང་རྡལ་གྱིས་ཞིབ་བཤེར་གྱིས་གཏོང་བ་དང་། གཏོང་མཁན་དང་ལེན་མཁན་གཉིས་ཀས་མིང་ཐོ་འགོད་དགོས།
  ད་ལྟའི་བར་དུ་ལྷོ་རོང་རྫོང་གིས་ཞང་དང་གྲོང་རྡལ་11གི་ཞིང་འབྲོག་མང་ཚོགས་ལ་སྤྱོད་སྒོ་སྣ་འཛོམས་ཁཱ་7000བཀྲམ་པ་དང་། རིགས་སྣ་དགུ་ཡི་གསབ་དངུལ་བཏང་བའི་བསྡོམས་གྲངས་སྒོར་ས་ཡ་4ལྷག་ཟིན། སྤྱོད་སྒོ་སྣ་འཛོམས་ཁཱ་ཡི་ནང་དོན་ཁ་གསབ་གོ་བདེ་དང་བོད་རྒྱ་ཡིག་རིགས་གཉིས་ཀ་ཡོད་པས་ཀློག་སྟངས་ཤིན་ཏུ་བདེ། དེ་ལས་ཀྱང་གལ་ཆེ་བ་ནི་དེ་གཉིས་ལས་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩ་མཚོན་ཡོད་པས་སྤྱོད་སྒོ་སྣ་འཛོམས་ཁཱ་ལག་ལ་འཆང་དུས་ཞིང་འབྲོག་མང་ཚོགས་དགའ་སྣང་མི་སྐྱེ་ག་ལ་སྲིད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1