བོད་ལྗོངས་ཀྱི་རིག་དངོས་རྩ་ཆེན་འགའ་པེ་ཅིང་དུ་འགྲེམས་སྟོན་བྱས་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 05-04


        

        པེ་ཅིང་ཕོ་བྲང་རྙིང་པ་དང་བོད་ལྗོངས་རིག་དངོས་མཉམ་འབྲེལ་ཐོག་འགྲེམས་སྟོན་བྱེད་པའི་བྱེད་སྒོ་དེ་སྤྱི་ཟླ་4ཚེས་28ཉིན། ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་ཡོད་པ་རེད།

        ད་ཐེངས་ཀྱི་འགྲེམས་སྟོན་དེ་ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་ལྗོངས་དང་འབྲེལ་བ་ཡོད་པའི་རིག་དངོས་གཞིར་བྱས་པ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཁོངས་གཏོགས་ཀྱི་ཚན་པ་ཁག་དང་ས་སྐྱ་དགོན་དོ་དམ་ཨུ་ལྷན་གྱིས་ཉར་ཚགས་བྱས་པའི་རིག་དངོས་སྤུས་དག་ཁྱོན་108འགྲེམས་སྟོན་བྱས་པ་དེའི་ནང་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཁོངས་གཏོགས་ཀྱི་ཚན་པ་ཁག་དང་ས་སྐྱ་དགོན་དོ་དམ་ཨུ་ལྷན་གྱི་རིག་དངོས་ཁག་13ཡོད་པ་དེ་དག་ལས་བོད་ལྗོངས་ས་གནས་དང་མེས་རྒྱལ་ས་གནས་ཁག་དབར་རྒྱ་ཁྱབ་ངང་འབྲེལ་འདྲིས་ཟབ་མོ་བྱུང་ནས་སྣ་མང་གཞི་གཅིག་གི་བཀྲག་མདངས་འཚེར་བའི་ཀྲུང་ཧྭའི་རིག་གནས་མཚོན་པར་ཡོད་པ་རེད།

        ད་ཐེངས་ཀྱི་འགྲེམས་སྟོན་ཐོག་ལྟ་སྐོར་བར་སྟོན་ཐེངས་དང་པོ་ཡིན་པའི་རིག་དངོས་ཉར་ཚགས་དངོས་པོ་མང་པོ་ཡོད་པ་དཔེར་ན། ཕོ་བྲང་རྙིང་པའི་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་མན་ཡིག་གི་བཀའ་བསྟན་འགྱུར་དང་། ཕོ་བྲང་པོ་ཏ་ལར་ཉར་ཚགས་བྱས་པའི་རྒྱལ་པོ་ཡུང་ལེའི་སྐུ་འདྲ། ས་སྐྱ་དགོན་དུ་ཉར་ཚགས་བྱས་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། ཧུའུ་པེ་ལེ་ཐོག་མར་མཇལ་བའི་ཐང་ག་སོགས་ལས་བོད་ལྗོངས་ཀྱི་བརྗོད་བྱ་གཙོ་བོའི་རིག་དངོས་ཀྱི་ཉམས་སྣང་དང་དེ་བཞིན་གང་དེའི་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མཚོན་པར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1