《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-17



སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པའི་ཐོག་གི་གསུང་བཤད།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་10པར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་པའི་ཐོག་གི་གསུང་བཤད》འགོད་རྒྱུ་རེད།

        རྩོམ་ཡིག་ནང་ནན་བཤད་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་མཉམ་སྡེབ་སློབ་སྦྱོང་བྱས་པ་དང་། དེའི་དམིགས་ཡུལ་ནི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་རེད།

        རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཞིག་ཡིན། འཛམ་གླིང་ཐོག་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པའི་ང་ཚོའི་ངོས་ནས་བརྗོད་ན། རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་ཆེ་ན་གཞི་ནས་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གདིང་སྤོབས་ཆེ་བ་བཅས་ཡོང་ཐུབ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྣ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་དང་། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན། གཏན་འཁེལ་མེད་ལ་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་ཀྱི་མདུན་དུ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱེད་པར་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་སྔར་ལས་གཏིང་ཟབ་བྱེད་དགོས། འདི་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བསམ་གཞིག་བྱ་ཡུལ་གཙོ་བོ་དེ་ཡིན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་བརྗོད་དོན་གཙོ་བོར་བརྩི་རྒྱུ་གཏན་འཁེལ་བྱས་པ་དེ་ནི་ཏང་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།

        རྩོམ་ཡིག་ནང་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་སྙིང་བཅུད་ཀྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ནང་དོན་གྲས་སུ་སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཕྱོགས་གང་ས་ཅི་ཐད་ཚུད་ནས་ཚན་རིག་དང་མཐུན་པའི་མ་ལག་ཆ་ཚང་པོ་ཞིག་གྲུབ་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཁ་གསལ་བསྟན་དོན། “ཁ་གསལ་བཅུ”དང་། “མཐའ་འཁྱོངས་བཅུ་བཞི” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་ལས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད། ནང་དོན་གཙོ་བོ་འདི་དག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་འབྲེལ། དགོངས་པ་འདིའི་ཚན་རིག་དང་མཐུན་པའི་མ་ལག་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་གོ་དོན་མཐིལ་རྟོགས་ཐུབ་པར་བྱེད་དགོས། དེ་དང་དུས་མཚུངས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པར་ད་དུང་ངེས་པར་དུ་དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཆུད་པར་བྱེད་དགོས། “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”ཚུད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་། ལྟ་བ། ཐབས་ཤེས་བཅས་ཁོང་དུ་ཡང་དག་ཆུད་ཚེ་གཞི་ནས་དགོངས་པ་འདིའི་དོན་སྙིང་ལ་གོ་བ་དེ་བས་ལེགས་པར་ལོན་པ་དང་གཞི་ནས་བསམ་བློའི་ཐབས་ཤེས་ཡང་དག་སྤྱོད་ཐུབ། གནད་དོན་ལ་ངོས་འཛིན་ཐུབ་ན་གཞི་ནས་ཁ་ཕྱོགས་གསལ་པོ་མཐོང་བ་དང་། གནད་དོན་ལ་དབྱེ་ཞིབ་ཐུབ་ན་གཞི་ནས་མཐོང་རྒྱ་ཆེ་རུ་འགྲོ་ཐུབ། ལས་དོན་སྤེལ་བ་ལས་ཀྱང་གཞི་ནས་ཁ་ཕྱོགས་སྟངས་འཛིན་ཐུབ་ནས་དམ་ལྷོད་རན་པོ་དང་ཚད་རན་པོ་ཡོང་བའི་འགན་ལེན་བྱེད་ཐུབ།

        རྩོམ་ཡིག་ནང་བསྟན་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། རྒྱལ་ཁབ་ཅིག་ཏུ་རིགས་པའི་གཞུང་ལུགས་མངོན་འགྱུར་ཐུབ་ཚད་དེ་རིགས་པའི་གཞུང་ལུགས་ཀྱིས་དོན་དངོས་ཀྱི་དགོས་མཁོ་སྐོང་ཚད་ལ་རག་ལུས་པ་དང་། རིགས་པའི་གཞུང་ལུགས་ཀྱི་ནུས་པ་འདོན་ཚད་དེ་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་དངོས་ཀྱི་གཏིང་ཟབ་ཚད་ལ་རག་ལུས་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་ཚང་མ་བེད་སྤྱོད་གཏོང་རྒྱུ་དེ་ཡིན་པ་དང་། དགོངས་པ་འདི་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་པ་དེ་ཡིན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་རང་ཉིད་ཀྱི་བསམ་བློ་དེའི་ནང་བཞག་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་སྐོར་གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་བླང་བྱ་རབ་དང་རིམ་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་རིང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱོད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱེད་མཁས་པོ་དང་། དགོངས་པ་འདི་སྤྱད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་མཁས་པོ། དགོངས་པ་འདི་སྤྱད་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་གི་འགལ་ཟླ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་མཁས་པོ། དགོངས་པ་འདི་སྤྱད་དེ་ཉེན་ཁ་ཆེ་རིགས་འགོག་ཟོན་དང་སེལ་མཁས་པོ། དགོངས་པ་འདི་སྤྱད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་མཁས་པོ་བཅས་བྱེད་དགོས།

        རྩོམ་ཡིག་ནང་བསྟན་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་མིག་དཔེ་འདོན་དགོས། འགོ་ཁྲིད་ལས་བྱེད་པས་ཕྱོགས་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་འཁྲིད་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འདི་ནི་ཕན་ནུས་ལྡན་པའི་འགོ་ཁྲིད་བྱེད་སྟངས་དང་ལས་ཀ་བྱེད་སྟངས་ཤིག་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1