༄༅། །རྒྱལ་རོང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-18


གངས་དཀར་ཏི་སིའི་འདབས་ནས་ཆས་པའི་རྟ་དམག་ཁྲི་ཡི་རུ་འདྲེན་གཙོ། །

ཡངས་པའི་ས་ཆེན་སྟོབས་ཀྱིས་གཞལ་ཏེ་མངའ་ཐང་རྒྱང་ལ་བསྐྱེད་པའི་ཚེ། །
སྒོ་ཕུག་བར་ཞེས་ས་ཡི་མཐིལ་ལ་ཞབས་རྗེས་རི་མོ་བཀོད་པ་ན། །
ཤར་གྱི་རྒྱལ་མོ་ཚ་བ་རོང་ཞེས་ཞང་ཞུང་སྒོ་ཡི་ས་ཆར་ཆགས།
རྒྱལ་མོ་རྔུལ་ཆུའི་གཡས་དང་གཡོན་ན་མེས་པོའི་རྔུལ་ཆུ་ས་ལ་བཏབས། །
དཀན་གཟར་རི་བོའི་རྩེ་མོ་རེ་རེར་མེས་པོའི་རླུང་རྟ་དགུང་ལ་གཏོར། །
བོད་ཀྱི་གནམ་ཆེན་མཐའ་ནས་འདེགས་པའི་སྙིང་སྟོབས་སྤོབས་པའི་བློ་གྲོས་ཅན། །
རྒྱལ་རོང་བ་ཞེས་སྒལ་ཚུགས་ཅན་ལ་གདོད་མའི་སྐད་ཀྱིས་བཙན་ས་ཟིན། །
བྲག་རི་མཐོན་པོ་དགུང་ལ་བསྙེགས་ཤིང་ཀུན་གསལ་བུ་མོའི་མཐོང་ལམ་བསྒྲིབས། །
བཙན་རྫོང་དམར་པོ་མཁའ་ལ་འགྱིང་ཞིང་བརྟན་བརླིང་བཟོ་བཀོད་ཕུན་སུམ་ཚོགས། །
རྒྱལ་མོ་རྔུལ་ཆུ་རྔམས་ཀྱིས་བཞུད་ཅིང་ཁ་བའི་སྐྱིད་སྡུག་གླུ་རུ་ལེན། །
གདོང་དམར་བོད་པའི་རུས་རྒྱུད་དག་མ་མདོ་སྨད་ཚལ་གྱི་རྒྱལ་རོང་བ། །
གཉའ་ཁྲི་བཙན་པོ་རྗེ་བོར་བྱོན་ནས་སྤུར་རྒྱལ་བཙན་པོའི་དབུ་བརྙེས་ཚེ། །
སྲོང་བཙན་སྒམ་པོས་མཐའ་བཞིའི་ཡུལ་ན་རང་གི་མངའ་སྟོབས་བསྐྱེད་པའི་ཚེ། །
ཁྲི་སྲོང་ལྡེའུ་བཙན་སུམ་གཉིས་ས་ཡི་བདག་སྐྱོང་མི་དབང་གྱུར་བའི་ཚེ། །
རྒྱ་བོད་ས་མཚམས་ང་ཡིས་སྲུང་ཞེས་ཁས་ལེན་དཔའ་བོ་རྒྱལ་རོང་བ། །
མེས་དབོན་རྣམ་གསུམ་མངའ་ཐང་རྒྱས་ཏེ་ཁབ་ཀྱི་རྒྱལ་འབངས་བདེ་ལ་བཀོད། །
ལྷ་ཆོས་མི་ཆོས་ཁྲིམས་སྲོལ་གཏོད་དེ་བོད་ཁམས་མངའ་ཐང་དགུང་ལ་རྒྱས། །
མཛངས་བློན་མཁས་པས་བློ་དང་རིག་པས་སྔོན་ཐོན་རིག་གཞུང་རང་ཡུལ་འདྲེན། །
གསེར་མདོག་ཉི་མ་དགུང་ནས་ཤར་མྱངས་བཙན་པོའི་རྒྱུད་ཀྱི་རྒྱལ་རོང་བ། །
ལྷ་ལུང་དཔལ་རྡོས་ཉག་ཕྲན་གཅིག་གིས་བཙན་པོའི་རྒྱལ་རབས་རྨང་ནས་གཏོར། །
ཡུམ་བརྟན་འོད་སྲུང་དབུ་གཡོ་འཁྲུགས་ཏེ་བོད་ཁམས་སིལ་བུ་འཐོར་བའི་ཚེ། །
རང་ས་རང་ཡུལ་བདག་ཏུ་བཟུང་སྟེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས། །
ལོ་རྒྱུས་དེབ་ཐེར་རྩིག་སྡེབས་ངོས་སུ་གསུབ་མེད་བྲིས་པའི་རྒྱལ་རོང་བ། །
ཆན་ལུང་གོང་མས་བློ་དང་ཐབས་ཀྱིས་མཐའ་བཞིའི་རྒྱལ་ཁབ་བསྡུས་ན་ཡང་། །
ཇིང་གུར་རྒྱལ་པོས་དྲག་པོའི་སྟོབས་ཀྱིས་གོང་མ་ཁྲི་ལས་ཕབ་ན་ཡང་། །
ཞི་དྲག་ཐབས་ལམ་གང་གིས་མ་ཐུབ་མེས་པོའི་རྒྱུད་ཀྱི་དཔའ་རྒོད་པོ། །
རྒྱལ་རོང་བ་ཞེས་ཕྱོགས་བཞིའི་གླིང་ན་སྙན་པའི་གྲགས་པ་རབ་ཏུ་འབར། །
རང་གི་སྟོན་པའི་བོན་པོའི་བསྟན་པ་རྒྱལ་རོང་ཡུལ་ན་འཛིན་ཞིང་སྐྱོང་། །
བཻ་རོ་ཙ་ནས་བྱིན་གྱིས་རླབས་པའི་རྒྱལ་མོ་དམུ་རྡོ་གླིང་བཞིར་གྲགས། །
ཐུགས་ཆེན་ཇོ་བོའི་གཟི་བྱིན་ཚན་ཁ་ཕྱོགས་བཞིའི་གླིང་ན་འོད་དུ་འབར། །
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རྒྱལ་རོང་བཙན་རྫོང་མཁའ་ལ་འགྱིང་། །
ངེས་པ་དོན་གྱི་སྔོན་ཐོན་བཟོ་བཀོད་མཚར་སྡུག་སྟོང་གི་གཟི་བྱིན་ཅན། །
རང་བྱུང་རི་བོའི་པང་ནས་འགྱིང་ཞིང་གནམ་འདེགས་གསེར་གྱི་ཀ་བ་བཞིན། །
རྒྱལ་རོང་བ་ཡི་བཙན་རྫོང་གམ་ན་དེང་རབས་ངར་ལྕགས་ཁང་བཟང་ཡང་། །
ཉི་མའི་གམ་གྱི་སྲིན་འབུ་མེ་བཞིན་བག་ལ་མི་ཞ་རང་དབང་ཅི། །
ཁ་བ་རི་བའི་རེ་ལྟོས་ཆེ་བའི་ཨ་ཕོ་གངས་རིའི་རྒྱལ་རོང་བ། །
ཁྱོད་ཀྱི་རིགས་རུས་གཞན་ལ་འགྱུར་བར་སེམས་ནས་སྣང་མེད་བཞག་ཕོད་དམ། །
དབྱངས་གསལ་སོ་བཞིའི་ཉམ་ཐག་ཚེ་སྲོག་ཁྱོད་ཀྱིས་འདི་ལྟར་གཅོད་ཐུབ་བམ། །
སྟོང་བའི་དབྱིངས་ནས་ཕྱིར་མིག་གཟིགས་པའི་མེས་པོ་དག་ལ་ཇི་ལྟར་ཞུ། །
ཨ་ཕ་སྤྲེའུས་དུས་གསུམ་བར་ནས་ཁྱོད་ལ་ཅེར་ཡོད་རྒྱལ་རོང་བ། །
ཨ་མ་སྲིན་མོས་ཉིན་མཚན་གཉིས་ལ་ཁྱོད་རང་སྒོམ་ཡོད་རྒྱལ་རོང་བ། །
མེས་པོ་དག་གིས་དར་ཁུང་ནང་ནས་ཁྱོད་ལ་བལྟས་ཡོད་རྒྱལ་རོང་བ། །
སྙིང་སྟོབས་དགུ་འགྱུར་སྤོབས་པ་བསྐྱེད་དང་ཁ་བ་རི་བའི་རྒྱལ་རོང་བ། །


རྩོམ་ཡིག་སྔོན་མ།
༄༅། །སའི་གོ་ལ།
རྩོམ་ཡིག་རྗེས་མ།
༄༅། །དགོད་གཏམ་ཚན་པ་བཞི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1