༄༅། །རྫ་ཆས་བཟོ་རྩལ།

རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། 05-18


 

རྫ་ཆས་ཉི་སྐམ་གཏོང་བ།

      རྫ་ཆས་ནི་དེ་སྔ་མིའི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་ཡིན། མིའི་རིགས་ཀྱིས་རྫ་ཆས་སྤྱད་དེ་ཆུ་ལེན་པ་དང་ལྟོ་ཆས་བཟོ་གི་ཡོད། དེ་ལྟར་མིའི་རིགས་ཀྱི་ཤེས་དཔལ་དར་འགོ་ཚུགས། ད་ཆའི་བར་རྫ་ཆས་ཀྱིས་སྔར་བཞིན་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། དེ་སྔ་བོད་རིགས་ཀྱི་ཁྱིམ་དུ་རྫ་ཆས་ནི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་སུ་གྱུར་ཡོད།

     རྫ་ཆས་ནི་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཧྲིལ་པོའི་ཁྲོད་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་ཡིན། མིའི་རིགས་ཀྱིས་མེ་སྤྱོད་ཤེས་རྗེས་རྫ་ཆས་སྤྱད་དེ་ཆུ་ལེན་དང་ལྟོ་ཆས་བཟོ་གི་ཡོད་པ་དང་ད་ཆའི་གྲངས་འཛིན་གྱི་དུས་རབས་སུའང་རྫ་ཆས་དེ་ཉིད་ང་ཚོའི་འཚོ་བ་ནས་ཁ་བྲལ་མེད། བོད་ཀྱི་རྫ་ཆས་བཟོ་ལས་དེ་བོད་མི་རིགས་ཀྱི་འཕེལ་རྒྱས་སྲོག་རྩའི་འཐུས་ཚབ་ཅིག་ཡིན་ལ་དེ་སྔ་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན། ལག་ཤེས་བཟོ་རྩལ་དེ་ལས་དེ་སྔ་བོད་མི་རིགས་ཀྱི་འཚོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མཐོང་ཐུབ།

   དཔྱད་གཞིའི་ནང་འཁོད་པར་གཞིགས་ན། བོད་ཀྱི་ལག་ཤེས་རྫ་ཆས་བཟོ་བར་ལོ་ངོ་5000གི་ལོ་རྒྱུས་ལྡན་ཡོད་པ་དང་མི་རྣམས་ཀྱིས་ལྕུག་ཕྲན་བསླས་ཏེ་གཟུགས་དབྱིབས་བཟོས་ནས་དེའི་ཐོག་འདམ་བག་བྱུགས་ནས་མེར་སོ་གཏོང་བའམ་ཡང་ན་འདམ་བག་བརྫིས་ནས་རང་ཉིད་ཀྱིས་བསམ་པའི་ཆུ་ཚད་དང་མཐུན་པའི་གཟུགས་དབྱིབས་སྣ་ཚོགས་བཟོས་ཏེ་སོ་གཏོང་གི་ཡོད། དེ་ལྟར་རྫ་ཆས་རེ་རེ་བཞིན་གྲུབ་ནས་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་ཡོད།

     རྫ་ཆས་ནི་བོད་མི་དམངས་ཀྱི་འཚོ་བའི་ཁྲོད་ཀྱི་མཁོ་ཆས་གལ་ཆེན་ཞིག་ཡིན་ཞིང་། རྫ་མ་དང་། རྫ་ཕོར་སོཌ་རྫ་ཆས་གང་ཞིག་ཡིན་རུང་བོད་རིགས་མི་དམངས་ཀྱི་ཟ་སྡོད་འགྲོ་སྐྱོད་སོགས་གང་ས་ཅི་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད། བོད་རིགས་ཀྱི་ཁྱིམ་དུ་རྫ་ཆས་དེ་རྒྱུན་གཏན་གྱི་འཚོ་བའི་སྤྱོད་རྫས་ཤིག་ཡིན་ལ་ཁྱིམ་ཚང་ཚང་མའི་ནང་ཁྱབ་པ་དང་དང་དོད་ཆེ་བའི་བཟོས་རྫས་ཤིག་ཀྱང་ཡིན།

    རྫ་ཆས་ཀྱི་རྒྱུ་ཆ་རྩ་བའི་ཆ་ནས་གྲོང་ཚོའི་ཉེ་འགྲམ་དུ་ཡོད་ཅིང་། གྲོང་ཚོ་ཕྱིའི་རི་ལྡེབས་ནས་ས་དམར་བླངས་ཏེ་ཞིབ་ཞིབ་བཟོས་རྗེས་དཀར་གོང་དང་བྱེ་མ་རྩུབ་པོའམ་ཡང་ན་ལྷང་ཚེར་དང་གཏེར་ཕྱེ་འོས་འཚམས་བསྲེས་རྗེས་རྫ་ཆས་བཟོ་བའི་འདམ་བག་གྲུབ་པ་དང་ཕྱིར་ཉིན་གཉིས་ཡན་བཞག་རྗེས་རྫ་ཆས་བཟོ་བའི་རྨང་གཞིའི་མ་རྒྱུ་གྲུབ་ཐུབ།

    དེ་རྗེས་མ་རྒྱུ་དེ་ལག་འགུལ་སྐོར་འཕྲུལ་ཐོག་བཞག་ནས་སྐོར་འཕྲུལ་བསྐོར་བ་དང་ལག་པས་གཟུགས་འདོན་པའམ་ཡང་ན་ལག་ཆ་སྤྱད་དེ་ནང་ངོས་ལ་འཇམ་ཤ་གཏོང་བ་དང་གཟུགས་དབྱིབས་འདོན་གྱི་ཡོད། དེ་དག་ཚར་རྗེས་རས་འཇམ་པོ་ཞིག་རློན་པ་བཟོས་ནས་ཕྱིས་ཏེ་འོད་འདོན་པ་དང་དབྱུག་པས་རི་མོ་འབྲི་དགོས། གོ་རིམ་དེ་དག་གྲུབ་རྗེས་གྲིབ་སྐམ་བཏང་ནས་སོ་གཏོང་ཆོག

    བོད་ཀྱི་རྫ་ཆས་བཟོ་སྟངས་ལའང་དམིགས་བསལ་ཁྱད་ཆོས་ལྡན་ཡོད་པ་དེ་ནི་ནང་སའི་སོ་གཏོང་སྟངས་དང་མི་འདྲ་བར་བོད་ཀྱི་ཐུན་མིན་ཁོར་ཡུག་ལ་གཞིགས་ནས་བྱུང་བའི་སྤུངས་ཏེ་སོ་གཏོང་སྟངས་ཤིག་ཡིན། རྫ་ཆས་ཀྱི་གཞི་གྲུབ་རྗེས་ས་སྟོང་ཞིག་ཏུ་རྩྭ་དང་ལྕི་བས་གཡོཌ་ཏེ་སྲུབ་ཁ་མ་ལུས་པ་བྱེད་དགོས་པ་དང་དེ་རྗེས་སྒྱིད་བུ་གསུམ་བཙུགས་ཐོག་དེའི་སྟེང་རྫ་ཆས་བཞག་ནས་མེ་གཏོང་དགོས། དེ་ལྟར་ཆུ་ཚོད་བཅུ་ལྷག་ཙམ་སོ་བཏང་རྗེས་རྫ་དངོས་སུ་གྲུབ་ཀྱི་ཡོད།

    རྫ་ཆས་ནི་བོད་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དགོས་ངེས་ཀྱི་མཁོ་ཆས་ཤིག་ཡིན་པ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཉིན་རེ་བཞིན་དར་རྒྱས་འགྲོ་བ་དང་བསྟུན་ནས་རྫ་ཆས་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྫས་དེ་དག་ལ་ཡུལ་སྐོར་བ་ཚོས་ཧ་ཅང་དགའ་པོ་བྱེད་པས་མི་རིགས་ལག་ཤེས་བཟོ་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཐོན་པ་དང་སྦྲགས་ལག་ཤེས་བཟོ་རྩལ་པ་ཚོའི་འཚོ་བའང་བདེ་སྐྱིད་ལྡན་པའི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། །


རྩོམ་ཡིག་སྔོན་མ།
༄༅། །བོད་ཀྱི་ལྡེབས་བྲིས།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1