༄༅། །མི་ཚེ་དང་དུས་ཚོད་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-18


     ___ རིག་སློབ་ཁང་གི་བཀོད་སྒྲིག་ལྟར་རང་ཉིད་ཕྱི་ནས་སློབ་སྦྱོང་ལོ་གཉིས་རིང་བྱེད་ཆོག་པའི་གོ་སྐབས་གནངས་པས། སྐད་ཆ་འདི་སློབ་ཆུང་སློབ་གྲྭ་དེར་བྲལ་ལ་ཉེ་སྐབས་བཤད་པ་ཡིན། ཡི་གེར་ཕབས་སྐབས་ཉུང་བསྡུས་བྱས་ཡོད།

                           _____བདེན་རང་འཚོལ།

     སྙིང་ཉེ་བའི་སློབ་གྲོགས་རྣམ་པ། དུས་ཚོད་ཀྱི་དབང་གིས་ང་ཚོ་དེ་རིང་འདི་ནས་མ་བྲལ་ཐབས་མེད་ཡིན། སྐྱེས་ནས་འཆི་དགོས་པའང་དུས་ཚོད་ཀྱིས་རེད་ལ། འཛོམས་ནས་བྲལ་དགོས་པ་ཡང་དུས་ཚོད་ཀྱིས་རེད། བུ་ཕྲུག་ཕ་མར་བྲལ་དགོས་པ་ཡང་དུས་ཚོད་ཀྱིས་ཡིན། ད་དུང་ན་ནིང་ཁྱེད་ཚང་གི་སྒྱེད་འགྲམ་ན་ཨ་ཡེས་ཨ་མྱེ་སོགས་ཡོད་ཀྱང་དེ་རིང་མེད་པའང་དུས་ཚོད་ཀྱིས་རེད། ཁྱེད་ཚོས་ལྟོས་དང་། ང་ཚོའི་ངོ་མི་ཤེས་པའི་སློབ་གྲོགས་ཆུང་ཆུང་གསར་བ་ཁྱུ་ཚོགས་ཤིག་ཀྱང་སློབ་ར་འདི་ལ་སླེབས་མི་འདུག་གམ། འདི་ཡང་དུས་ཚོད་ཀྱིས་རེད། ན་ནིང་གི་ལོ་རིམ་དང་པོ་དག་དེ་རིང་ལོ་རིམ་གཉིས་པ་ཡིན་དོན་ཡང་དུས་ཚོད་ཀྱིས་རེད། དེ་བཞིན་ན་ནིང་གི་ལོ་རིམ་གཉིས་པ་དེ་རིང་ལོ་རིམ་གསུམ་པ་ཡིན་ལ་ན་ནིང་གི་ལོ་རིམ་བཞི་བ་དེ་རིང་ལྔ་པ་ཡིན། ན་ནིང་གི་ལོ་རིམ་ལྔ་པ་དག་དེ་རིང་དྲུག་པར་སླེབས་ཟིན། འདི་དག་ཐམས་ཅད་དུས་ཚོད་ཀྱིས་རེད། དེ་ན་ང་ཚོས་དུས་རྟག་ཏུ་བརྗེད་མི་ཉན་པ་དང་ནམ་ཡང་ཡིད་ལ་དྲན་དགོས་པའི་གནད་དོན་ཞིག་ངང་ངམ་ཤུགས་ཀྱིས་སེམས་སུ་ཤར་འོང་།    དེ་ནི་དུས་ཚོད་རེད།  ང་ཚོ་དུས་ཚོད་ཀྱིས་མ་བསྒུག་པ་ཡིད་ལ་དྲན་ཞིང་འདས་པའི་ལོ་ཟླར་ཕྱི་མིག་ཅིག་བལྟ་དུས། འུ་ཅག་གི་ལོ་ངོ་གསུམ་བཞིའི་རིང་གི་དགེ་སློབ་ཀྱི་མཛའ་བརྩེ་རྒྱབ་ནས་བཞག་ཏེ། སྐྱོ་གདུང་གི་མཆིལ་མས་ཕན་ཚུན་ལ་གྱེས་ཕྱག་འབུལ་དགོས། འདི་ནི་ང་ཚོའི་མཛའ་བརྩེ་ཆད་སོང་པས་མ་རེད་ལ་བཙན་གྱིས་གཅོད་འདོད་པས་ཀྱང་ག་ལ་ཡིན། ལྷག་པར་ཏུ་ངའི་ལས་འགན་འགྲུབ་སོང་པས་མ་རེད་ལ་ཁྱེད་ཅག་རིག་གནས་ཀྱིས་མཐར་ཕྱིན་སོང་པའང་ག་ལ་སྲིད། འདི་ནི་དུས་ཚོད་ཀྱིས་རེད།  དོན་དངོས་གནས་བཤད་ན། དེ་རིང་ང་འདི་ནས་ཁྱེད་ཚོ་དང་བྲལ་པར་སེམས་སྡུག་བྱེད་དགོས་པ་མ་རེད། འོན་ཀྱང་། ཁྱེད་ཚོས་དུས་ཚོད་འདས་སོང་བ་དང་ཤོར་སོང་པར་བློ་འགྱོད་བྱེད་ཤེས་དགོས་པ་རེད། 

        སློབ་གྲོགས་ཚོ། ཁྱེད་ཚོས་སྙམ་ན། དུས་ཚོད་ནམ་ཡང་དུས་ཚོད་ཀྱི་རང་བཞིན་རེད། དེ་འདས་སོང་བར་ཅི་ཞིག་ལ་བློ་འགྱོད་བྱེད། དུས་ཚོད་སུས་ཀྱང་འཛིན་ཐབས་མེད།དེ་ལ་ཤོར་སོང་བ་ཟེར་རྒྱུ་ཞིག་ཀྱང་གང་ན་ཡོད་སྙམ་རྒྱུ་རེད། དེ་ནི་སློབ་གྲོགས་ཁྱེད་རྣམ་པས་ནོར་འཁྲུལ་ཚབས་ཆེན་ཁུར་སོང་པ་ཡིན། ཡང་གཅིག་བཤད་ན་དུས་ཚོད་ལ་བསམ་གཞིག་མ་བཏངས་པ་དང་དུས་ཚོད་ཀྱི་མཚན་ཉིན་མ་རྟོགས་པས་ཡིན། དེ་ན་ཅི་ཞིག་ལ་དུས་ཚོད་འདས་སོང་པ་དང་ཅི་ཞིག་ལ་དུས་ཚོད་ཤོར་སོང་བ་རེད་ཟེར་ན། ཁྱེད་རང་ལོ་རིམ་གཉིས་པ་དང་གསུམ་པ། བཞི་བ་དང་ལྔ་པ། དྲུག་པ་གང་ཞིག་ཡིན་རུང་། ལོ་འདི་དག་གི་རིང་ལ་དགེ་རྒན་གྱིས་ཁྱེད་ལ་བསླབས་པའི་རིག་གནས་མཐའ་དག་དང་བསླབ་དེབ་ནང་གི་རིག་གནས་རྣམས་ཡག་པོ་ཞིག་ཤེས་ཡོད་ན། ཁྱོད་ཀྱི་དུས་ཚོད་སྟོང་ཟད་དུ་མ་སོང་པ་རེད་ལ་དུས་ཚོད་རང་དགར་ཏུ་བཏངས་མ་བཞག་པ་ཡིན།

         གལ་ཏེ་ཁྱེད་ཀྱིས་ལོ་འདི་དག་གི་རིང་ལ་བསླབ་དེབ་དེ་འདྲ་མང་པོ་ཞིག་ལས་གང་ཡང་ཤེས་མེད་པ་དང་དགེ་རྒན་གྱིས་ཁྱོད་ལ་བསླབས་ཚད་ཅི་ཡང་དྲན་རྒྱུ་མེད་ན། ཁྱེད་ཀྱི་དུས་ཚོད་སྟོང་བར་འདས་སོང་པ་རེད་ལ་རང་དགར་ཤོར་སོང་པའང་རེད། དེར་བརྟེན། ཁྱེད་ཚོས་ཕན་ཚུན་གྱི་ངོ་གདོང་ལ་ཐེངས་ཤིག་ལྟོས་དང་། སློབ་གྲོགས་ལ་ལ་ནི་སློབ་ར་འདིའི་ནང་གི་རིག་གནས་ཀྱི་འབྲས་བུ་ཨང་དང་པོ་ལེན་མཁན་ཡིན་ལ་ཁ་ཤས་སློབ་ར་འདིའི་ནང་གི་ཆེས་མཐའ་མ་ཡིན་པ་རེད། དེ་ནི་སྔ་མས་དུས་ཚོད་སྟོང་ཟད་དང་རང་དགར་ཤོར་མ་སོང་པ་རེད། ཕྱི་མས་དུས་ཚོད་སྟོང་ཟད་དུ་ཤོར་སོང་པ་དང་ཅི་མི་སྙམ་པར་རང་དགར་ལ་བཏངས་བཞག་པ་རེད། དེ་བཞིན་ལ་ལ་འབྲིང་ཙམ་ཡིན་པ། ལ་ལ་སྔོན་དུ་གཏོགས་པ། ལ་ལ་གཞུག་མར་བཏུད་པ་སོགས་ཡིན་རྒྱུ་རེད། དེ་དག་ཡོད་ཚད་དུས་ཚོད་དམ་འཛིན་བྱེད་ཐུབ་མིན་དང་དུས་ཚོད་ཆུད་ཟོས་སུ་ཤོར་མིན་ལ་རག་ལས་སོ།།  

           སྤྱིར་རང་ཉིད་ཀྱི་མི་ཚེའི་རིང་ཐུང་སུས་ཀྱང་མཁྱེན་པ་མ་རེད།འོན་ཀྱང་།ང་ཚོ་འཇིག་རྟེན་ལ་སླེབས་པའི་ཉིན་དང་པོ་ནས་བཟུང་ངེས་མེད་ཀྱི་དུས་ཚོད་ཅིག་ལ་འཆི་རྒྱུ་ཡང་ཐག་བཅད་ཚར་བ་རེད། མི་ལ་ལ་ཞིག་འཆི་རྒྱུ་ལ་སྐྲག་པ་མ་རེད། སྐྲག་ནས་བྲོ་ཐབས་ཀྱང་ཡོད་པ་མ་རེད་མོད། སེམས་ཞིབ་མོས་བསམ་བློ་ཞིག་བཏངས་ན།འཆི་རྒྱུ་ལ་མི་སྐྲག་ཟེར་བ་ནི་བླུན་རྟགས་འཁྲུལ་མེད་ཅིག་མ་ཡིན་ནམ། མི་ལུས་ཐེངས་ཤིག་འདིའི་ཆེས་རིན་ཐང་བྲལ་བ་དེ་མི་ཚེ་རེད། མི་ཚེ་ཟེར་བ་འདི་དུས་ཚོད་ལ་གོ་དགོས་པ་ཚང་མས་ལོས་རྟོགས། དེའི་རྐྱེན་གྱིས།འཆི་རྒྱུ་ལ་སྐྲག་མི་ཤེས་པའི་མི་རྣམས་ཀྱིས་དུས་ཚོད་ལ་གཅེས་སྤྲས་བྱེད་ག་ལ་ཤེས། རྒྱུ་མཚན། འཆི་རྒྱུ་ལ་སྐྲག་མ་ཤེས་པས་རང་ཉིད་ཀྱི་མི་ཚེའི་རིང་ཐུང་ལ་སེམས་ཁུར་བྱེད་མི་སྲིད་པས་སོ།། ཡིན་ནའང་། མི་སུ་ཞིག་ཡིན་རུང་རང་ཉིད་འཆི་ཁར་སླེབས་དུས་ད་གཟོད་རང་གི་འདས་ཟིན་པའི་མི་ཚེ་ལ་ཕྱིར་འདང་རྒྱག་སྲིད། རང་གི་མི་ཚེར་དོན་སྙིང་ཡོད་པའི་བྱ་བ་འགྲུབ་ཡོད་མེད་ལ་བསམ་བློ་གཏོང་སྲིད། བློ་ངོ་ནས་རང་ཉིད་ཀྱི་མི་ཚེའི་བཞུད་ལམ་ལ་ཕྱོགས་སྡོམས་རྒྱག་ངེས། ཡང་མི་ལ་ལ་ཞིག་གིས་འཆི་ཁར་འདི་ལྟར་བཤད་སྲིད།༼ད་སྐབས་འདང་ཞིག་བརྒྱབ་ན།ངའི་མི་ཚེ་སྟོང་ཟད་དུ་བུད་སོང་། ཁྱོད་ཀྱིས་མི་ཚེ་ལ་དོན་སྙིང་ཡོད་པའི་བྱ་བ་རེ་བསྒྲུབས་རོགས།༽ཟེར་ནས་ཁ་ཆེམས་ནན་གྱིས་འཇོག་སྲིད། ཡིད་ཕངས་པ་ཞིག་ལ་སྐབས་དེར་ཡོད་ཚད་ཕྱི་ཚར་རོ།།

    དེ་ན་སློབ་གྲོགས་རྣམ་པ། འུ་ཅག་གིས་དུས་ཚོད་དམ་འཛིན་བྱ། དུས་ཚོད་ལ་དམ་འཛིན་བྱེད་པ་ནི་རིན་ཐང་བྲལ་བའི་མི་ཚེ་ལ་དམ་འཛིན་བྱས་པ་ཡིན། ལྷག་པར་ཏུ་སློབ་སྦྱོང་བྱེད་སྐབས་ཀྱི་དུས་ཚོད་ལ་དམ་འཛིན་བྱེད་དགོས། སྤྱིར་རིག་གནས་ནི་མུ་མཐའ་མེད་པ་ཞིག་ཡིན་པས། སློབ་སྦྱོང་ལའང་མཐར་ཕྱིན་རྒྱུ་ག་ལ་ཡོད། འོན་ཏེ།དུས་ཚོད་ཀྱི་དབང་གིས་མཚམས་ཤིག་ནས་སློབ་སྦྱོང་མཚམས་འཇོག་པའམ་ཡང་ན་ལྷོད་དགོས་འབྱུང་སྲིད། དེ་ནི་འུ་ཅག་རི་ཁྲོད་དང་ནགས་ཁྲོད། གངས་ཁྲོད་དང་དབེན་གནས་གང་རུང་ན་ཡོད་པའི་རྣམ་འབྱོར་པ་མ་ཡིན་ཞིང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མངའ་བའི་འཇིག་རྟེན་པ་ཡིན་པས་སོ།།

       སློབ་གྲོགས་ཚོ། ཁྱེད་ཚོར་ད་དུང་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་ཆེས་རིན་ཐང་གཞལ་དུ་མེད་པའི་སློབ་སྦྱོང་གི་དུས་ཚོད་ཡོད་པ་རེད། ངས་གོང་དུ་བཤད་པ་ལྟར། སྤྱིར་མི་ཚེ་འདི་རིན་ཐང་བྲལ་བ་ཞིག་ཡིན།ལྷག་པར་ཏུ་མི་ཚེའི་ཁྲོད་ཀྱི་སློབ་སྦྱོང་གི་དུས་ཚོད་ནི་དེ་ལས་རྡབ་འགྱུར་གྱི་རིན་ཐང་བྲལ་ཞིག་ཡིན། དེ་ཅི་ཞིག་ལ་རིན་ཐང་བྲལ་ཞིག་རེད་ཟེར་ན།  མི་ཚེ་འདི་ཧ་ཅང་ཐུང་ཐུང་ཞིག་ཡིན་པས་མི་ཚེའི་ཁྲོད་ཀྱི་སློབ་སྦྱོང་གི་དུས་ཚོད་ནི་བཤད་མ་དགོས། མི་ཚེ་འདི་ཧ་ཅང་ཐུང་ཐུང་ཞིག་ཡིན་པའི་དབང་གིས་རིན་ཐང་བྲལ་བ་རེད་མ་གཏོགས།གལ་ཏེ་མི་ཚེ་འདི་ཤིན་ཏུ་རིང་པོ་ཞིག་ཡིན་པའི་དབང་དུ་བཏངས་ན་རིན་ཐང་བྲལ་བ་ཞིག་ཀྱང་ཡིན་མི་སྲིད་དོ།། ང་ཚོ་མི་རེ་རེ་འཇིག་རྟེན་དུ་འོང་ཐུབ་པ་གནམ་རྒན་མའི་བཀོད་འདོམས་སམ་སྔོན་བསགས་ལས་དབང་གིས་རེད་པས། འུ་ཅག་མི་བུ་རེ་རེ་ཁུ་སིམ་སིམ་གྱིས་འཇིག་རྟེན་ལ་འོང་ནས་ཁུ་སིམ་སིམ་གྱིས་འཇིག་རྟེན་འདི་ནས་བཞུད་འགྲོ་ག་ལ་ཆོག  རྒྱུ་མཚན་ང་ཚོ་དུད་ནས་འགྲོ་བའི་དམའ་རིམ་སྲོག་ཆགས་མ་ཡིན་པས་ཀེར་ནས་འགྲོ་བ་མ་ཟད་སྨྲ་ཤེས་ཤིང་དོན་གོ་བའི་མཐོ་རིམ་སྲོག་ལྡན་ནམ་མིའི་རིགས་ཡིན་པས་ན་འགྲོ་བ་མི་ཡི་རིགས་ཡིན་པའི་དན་རྟགས་སམ་མིའི་རིན་ཐང་བརྩོན་ལེན་ཐུབ་དགོས། འུ་ཅག་སྣོད་ཆེན་པོ་འདིའི་ནང་ནས་མིའི་ལུས་ཐོབ་པའི་སྐལ་བ་བཟང་པོ་དམིགས་སུ་བཟུང་ནས་ཕུགས་འདུན་གང་རུང་ཞིག་ལ་འཚོལ་སྙེག་བྱེད་དགོས།  ཡིན་ཡང་། འུ་ཅག་ལ་བརྩོན་ལེན་དང་འཚོལ་སྙེག་བྱེད་པའི་དུས་ཚོད་ནི་ཧ་ཅང་ཐུང་།དཔེ་ཞིག་བླངས་ཏེ་བརྗོད་པར་བགྱིས་ན།མི་ཚེ་ནི་རྒྱུགས་ར་ན་བང་རྩལ་འགྲན་བཞིན་པའི་རྟ་མཆོག་དག་དང་གཅིག་མཚུངས་ཡིན།རྒྱུགས་མགོ་ང་ཚོ་འཇིག་རྟེན་ལ་འོང་བའི་ཉིན་དང་པོ་ནས་བྱས་ཤིང་རྒྱུགས་རྟིང་གཤིན་རྗེ་ཆོས་རྒྱལ་གྱི་མདུན་ལ་བཞག་ཡོད། སུ་མགྱོགས་སུ་རྒྱལ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་འདུར་བཞིན་ཡོད། དེར་བརྟེན།སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གིས་བཏོད་པའི་སངས་རྒྱས་ཆོས་ལུགས་དང་སྟོན་པ་གཤེན་རབ་མི་བོ་ཆེ་གང་ཉིད་ཀྱི་མཛད་པའི་བོད་གདོད་མའི་བོན་ལུགས།སྟོན་པ་ཡེ་ཤུ་མ་ཤི་ཀ་ལགས་ཀྱིས་མཛད་པའི་ཆོས་ལུགས་སོགས་སུ་མི་ཚེ་མི་རྟག་པ་དང་འཚོ་བར་སྙིང་པོ་མེད་ཚུལ་གང་མང་ཞིག་བརྗོད་པ་ཡང་མདོར་དེད་ན་༼དུས་ཚོད་༽ལ་དགོངས་པའི་འདུ་ཤེས་དང་༼དུས་ཚོད་༽ཀྱི་མཚན་ཉིད་བརྗོད་པ་རེད་འདོད།  འོན་ཀྱང་། འུ་ཅག་མི་ཚེ་མི་རྟག་པ་དང་འཚོ་བར་སྙིང་པོ་མེད་པར་བསྒོམས་པའི་རྣམ་འབྱོར་བ་མིན་ལ།ཁྱིམ་ནས་ཁྱིམ་མེད་པར་དོར་བའི་དབེན་གནས་རབ་བྱུང་བའང་མིན།ཡོད་ཚད་མི་རྟག་པར་རྟོགས་པའི་སངས་རྒྱས་རྩ་བ་ནས་མི་སྲིད་དོ།།ང་ཚོ་ནི་འཇིག་རྟེན་པ་སྟེ་༼འཁོར་བ་བ་༽ཡིན། འཇིག་རྟེན་ན་རྟག་ཏུ་གནས་ཐུབ་པ་ཞིག་མེད་ཀྱང་།ང་ཚོ་༼འཚོ་༽དང་༼གནས་༽ཀྱི་མི་ཚེ་ཐུང་ངུའི་རིང་ལ་དོན་སྙིང་དང་ལྡན་པར་གཟི་བརྗིད་དང་བཅས་ཏེ་འཚོ་དགོས་པ་མ་ཟད།མ་འོངས་མིའི་རིགས་ལ་མིག་དཔེ་དང་རང་རྒྱུད་ཕྱི་རབས་པ་ལ་བྱས་རྗེས་བླ་མེད་ཀྱང་འཇོག་དགོས།  ཡིན་ཡང་། ང་ཚོས་དུས་ཚོད་ལ་དམ་འཛིན་བྱེད་མ་ཤེས་ན།ང་ཚོའི་མི་ཚེ་ཙམ་གྱི་རིང་ལ་དོན་སྙིང་ལྡན་པའི་བྱ་བ་དང་རླབས་ཆེན་གྱི་བྱས་རྗེས་གང་ཡང་འཇིག་རྟེན་འདིའི་༼འཚོ་གནས་༽ཀྱི་རིང་ལ་བསྒྲུབས་མི་ཐུབ།ཡང་དཔེ་ཞིག་བླངས་ན།མི་ཚེ་ཟེར་བ་ནི་དུས་ཚོད་སྐད་ཅིག་མ་ཞིག་རེད།གཡང་གཟར་མཐོན་པོ་ཞིག་ན་ཐུར་དུ་ལྷུང་བཞིན་པའི་རྦབ་རྡོ་ཞིག་རེད།འུ་ཅག་གི་མི་ཚེ་འདི་ད་སྐབས་གཡང་གཟར་ན་ཐུར་དུ་ལྷུང་བཞིན་པའི་སྒང་རེད།དུས་ཚོད་སྐད་ཅིག་མ་ཙམ་གྱི་རིང་ལ་ས་རུ་ལྷུང་སྲིད།རྦབ་རྡོ་འདི་ས་ལ་མ་ལྷུང་བའི་དུས་ཚོད་སྐད་ཅིག་མའི་རིང་ལ་མི་ཚེའི་དོན་སྙིང་ལེན་ཐུབ་དགོས།གལ་ཏེ་དུས་ཚོད་སྐད་ཅིག་མ་འདིའི་རིང་ལ་གང་ཡང་མ་འགྲུབ་ནས་ས་ལ་ལྷུང་སོང་ན།རྦབ་རྡོ་དེ་ས་ལ་ལྷུང་མ་ཐག་ཏུ་འཐོར་ཞིག་ཏུ་གྱུར་ཅིང་འབྱུང་བཞི་ལ་ཐིམ་འགྲོ། དེ་ན་འུ་ཅག་གི་འཚོ་བའི་འཇིག་རྟེན་ནམ་༼གནས་དུས་༽ནི་གཡང་གཟར་མཐོན་པོ་ཞིག་ན་ཐུར་དུ་ལྷུང་བཞིན་པའི་བར་སྣང་དེ་རེད།གང་ལྟར།ང་ཚོའི་འཚོ་གནས་ལ་དོན་སྙིང་ཡོད་ཆེད་དང་མི་ལུས་ལ་རིན་དོད་ཡོད་ཆེད།དུས་ཚོད་སྐད་ཅིག་མའི་རིང་ལ་སེམས་ཤུགས་ཡོད་རྒུ་བཏོན་ཞིང་ནུས་ཤུགས་རྩལ་སྤྲུགས་བྱས་ཏེ་མི་ཚེའི་བགྲོད་ལམ་གྱི་འགལ་རྐྱེན་སྣ་ཚོགས་ལ་གདོང་གཏན་ནས་འཐབ་འཛིང་བྱས་ཏེ།དུས་ཚོད་སྐད་ཅིག་མའི་སྡོད་ཡུན་གྱི་བར་སྣང་འདི་ནས་འུ་ཅག་གིས་དོན་བྱ་མང་པོ་ཞིག་བསྒྲུབ་དགོས་ལ་བསྒྲུབ་ནས་ངེས་པར་དུ་འགྲུབ་དགོས།

     མཚམས་འདི་ནས་ཁྱེད་རྣམ་པས་བདག་ལ་འདི་ལྟར་འདྲི་ན་ཐང་།༼ཁྱོད་ཀྱིས་བཤད་ཀྱིན་བཤད་ཀྱིན་མི་ཚེ་འདི་ཧ་ཅང་ཐུང་ངུ་ཞིག་རེད། ཁྱོད་ཀྱིས་བཤད་པ་ལྟ་བུའི་མི་ཚེ་འདིའི་རིང་ལ་རིག་གནས་དང་བྱ་བ་གང་ལའང་བརྩོན་ལེན་བྱེད་ཀྱང་འབྲས་བུ་ཞིག་ལེན་ཁོམ་མི་འདུག༽ཅེས་ན། བདག་གིས་དེ་ལ་ལན་སྟབས་བདེ་ཞིག་འདེབས་པ་དང་བསྟུན་ནས་ལན་དེས་སྐད་ཆ་ཡོད་ཚད་མཇུག་སྡོམས་ཀྱང་ཐུབ་པར་བྱ།

    འུ་ཅག་གིས་འདས་པའི་འཛམ་གླིང་ལོ་རྒྱུས་ཁྲོད་དུ་མིག་ཅིག་བལྟས་ན་ད་གཟོད་ཡོད་ཚད་རྟོགས་ངེས།འཛམ་གླིང་ན་རླབས་ཆེན་གྱི་མི་སྣ་ཇི་སྙེད་ཅིག་གིས་གསར་བཏོད་དང་བྱས་རྗེས་བསམ་གྱིས་མི་ཁྱབ།དུས་ཚོད་སྐད་ཅིག་ཙམ་མི་སྡོད་པར་སྔོན་དུ་མཆོངས་ནས་བྱ་དངོས་ཐམས་ཅད་ཇི་ལྟར་འགྱུར་རུང་།ལོ་ཟླའི་འཁོར་བསྐྱོད་བར་མེད་དུ་བཞུར་ནས་དུས་རབས་བགྲང་གིས་མི་ཟིན་པ་ཞིག་འདས་སོང་ཡང་།ཁོང་ཚོས་གསར་བཏོད་ཀྱི་རིང་ལུགས་དང་ཆོས་ལུགས།ཚན་རིག་དང་རྩོམ་རིག  སྒྱུ་རྩལ་སོགས་ད་དུང་མིའི་རིགས་ཀྱི་ལོངས་སྤྱོད་བྱེད་བཞིན་མཆིས།འབྱུང་འགྱུར་ལའང་དེ་བཞིན་ལོངས་སྤྱོད་པར་བྱེད། དེ་ལྟར་བལྟས་ཡོང་ན།ཁོང་ཚོ་རང་ཉིད་ཀྱི་མི་ཚེ་ཐུང་ངུ་ཙམ་ལས་རྒྱལ་ཏེ་ལོ་རབས་དང་དུས་རབས་གྲངས་མེད་ཀྱི་དུས་ཚོད་ལས་རྒྱལ་མི་འདུག་གམ།དེ་ནི་ཁོང་ཚོས་རང་ཉིད་ཀྱི་མི་ཚེའི་དུས་ཚོད་ལ་དམ་འཛིན་དང་གཅེས་སྦྲས་ཐུབ་པས།འཇིག་རྟེན་གྱི་རིག་གནས་ཀུན་ལ་སྦྱངས་བརྩོན་ཤུགས་དྲགས་ཐུབ་པའི་གྲུབ་འབྲས་རེད།འུ་ཅག་ལའང་ཁོང་ཚོ་ལྟ་བུའི་མི་ཚེ་ཞིག་ཡོད་མོད།དེ་ན་འུ་ཅག་གིས་ཀྱང་ཁོང་ཚོ་ལྟ་བུ་ཞིག་བྱས་ན་ཅིས་མ་ཆོག་གམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1