༄༅། །མདོ་དབུས་མཐོ་སྒང་དུ་ཡང་བསྐྱར་ལོ་དུང་ཕྱུར2སྔོན་གྱི“ཉ་འབྲུག”གི་འགྱུར་རྡོ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 06-13



        འཛམ་གླིང་ཡང་རྩེ་ཞེས་འབོད་པའི་མདོ་དབུས་མཐོ་སྒང་དུ། གནའ་བོའི་རྒྱ་མཚོ་ནང་གི་འབྲུག་ཆེན་པོ་སྟེ་ཉ་འབྲུག(鱼龙)ཅེས་པ་ཡོད་དམ།

        དུས་རབས་ཕྱེད་ཀ་ཙམ་གྱི་སྔོན་ལ། ཀྲུང་གོའི་གནའ་བོའི་སྐྱེ་དངོས་རིག་པ་བས་མཚོ་བོད་ཚན་རིག་རྟོག་ཞིབ་ཀྱི་ཁྲོད་དུ། ཉ་འབྲུག་གི་འགྱུར་རྡོའི་རྒྱུ་ཆ་གསར་རྙེད་བྱུང་མྱོང་ནའང་། སྐབས་དེར་འགྱུར་རྡོའི་རྒྱུ་ཆ་ནི་ཐར་ཐོར་དུ་ཡོད་པའི་ཀེང་རུས་ཡིན་པར་མ་ཟད། ད་དུང་དུས་རབས་དང་ཆ་རྐྱེན་གྱི་ཚད་བཀག་ཐེབས་པའི་དབང་གིས་བདག་སྐྱོང་ལེགས་པོ་ཡང་བྱེད་ཐུབ་མེད་པ་རེད། དེར་བརྟེན། རྒྱལ་སྤྱིའི་གནའ་བོའི་སྐྱེ་དངོས་རིག་པའི་སྡེ་ནས“ཧི་མ་ལ་ཡའི་ཉ་འབྲུག(喜马拉雅鱼龙)”ཅེས་པ་དངོས་སུ་ཡོད་མེད་ལ་དོགས་པ་བྱེད་བཞིན་ཡོད།

        ཟླ5པའི་ཚེས17ཉིན། ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ(ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་ཞིབ་འཇུག་སུའོ)ཡིས་ཡོངས་བསྒྲགས་བྱས་དོན། ཚན་རིག་པ་རྒན་རབས་ཀྱིས་མདོ་དབུས་མཐོ་སྒང་གི་ཕྱི་རོལ་ཡུལ་དུ་རྟོག་ཞིབ་བྱས་པའི་རྨང་གཞིའི་ཐོག ཞིབ་འཇུག་སུའོ་འདིའི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གིས་ལོ་མང་རིང་ལ་འབད་འབུངས་བྱས་པ་བརྒྱུད། 2023ལོའི་ཟླ1པའི་ཟླ་མཇུག་དང་ཟླ4པ་ལ། མདོ་དབུས་མཐོ་སྒང་གི་སུམ་བརྩེགས་དུས་རབས(三叠纪)ཏེ་ད་ལྟའི་བར་དུ་ལོ་དུང་ཕྱུར2.5ནས་དུང་ཕྱུར2ཙམ་ཡོད་པའི་ས་རིམ་ནང་དུ་ཡང་བསྐྱར་ཉ་འབྲུག་གི་འགྱུར་རྡོ་རྙེད་པར་མ་ཟད། དེ་ནི་ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་ཡིན་པ་ལ་གཏན་འཁེལ་ཡང་བྱས་ཡོད།

གཅིག ཇི་ལྟར་རྙེད་པ་ཡིན་ནམ།

        ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་ཞིབ་འཇུག་སུའོ་ཡིས་མཚམས་སྦྱོར་བྱས་ན། ད་ལོའི་ཟླ1པའི་ཚེས30ཉིན། ཞིབ་འཇུག་སུའོ་འདི་ཡིས་ཞིབ་འཇུག་ཁ་ཕྱོགས་མི་འདྲ་བའི་ཚན་ཞིབ་མི་སྣ20ལྷག་རྩ་འཛུགས་བྱས་རྗེས། ཐེ་ཐི་སིའི(特提斯)ཧི་མ་ལ་ཡ་ཁུལ་གྱི་གནའ་བོའི་སྐྱེ་དངོས་ལ་རྟོག་ཞིབ་དང་ཇོ་རི་ས་ཁུལ་བར་ཐོན་དུས་རབས(中生代)ཀྱི་མཚོ་སྐྱེས་སྒལ་ཅན་སྲོག་ཆགས་འཚོལ་བའི་ཚན་རིག་རྟོག་ཞིབ་བྱེད་མགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་དིང་རི་རྫོང་གི་སུམ་བརྩེགས་དུས་རབས་ཀྱི་བྲག་རྡོའི་ས་རིམ་ཞིག་ཏུ། སྒལ་ཅན་སྲོག་ཆགས་ཀྱི་ཀེང་རུས་འགྱུར་རྡོ་འཁྲུལ་མེད་རྙེད་པ་ཐག་ཆོད་བྱུང་བ་དང་། ཀེང་རུས་ཀྱི་གྲུབ་ཚུལ་ཐོག་ནས་བརྡར་གཅོད་བྱས་ན། དེ་ནི་ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་ཡིན་པ་རེད།

        འགྱུར་རྡོ་རྙེད་པའི་གལ་ཆེའི་དུས་ཚོད་འདི་ནི་ཡོན་ཧྲི་ལིའུ་ཏུང་ཧྲེང(1964年)དང་ཡོན་ཧྲི་ཆིའུ་ཀྲན་ཞང(1966年)སོགས་ཀྱིས་སུམ་བརྩེགས་དུས་རབས་ཀྱི་ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་རྙེད་པའི་སྐབས་ལས་ལོ60ལ་ཉེ་བ་ཙམ་འདས་ཡོད།

        ཀྲུང་གོའི་ཇོ་རི་ས་ཁུལ་གྱི་ཉ་འབྲུག་འགྱུར་རྡོ་ནི་གཙོ་བོ་སུམ་བརྩེགས་དུས་རབས་མཇུག་གི་མཚོ་མཐིལ་ས་རིམ(海相地层)ནང་དུ་ཡོད་པ་དང་། ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་ཞིབ་འཇུག་སུའོ་ཡི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གིས་ད་ལོའི་ཟླ4པའི་ནང་ལ་རྟོག་ཞིབ་སྔར་བས་ལྷག་པ་སྤེལ་བའི་སྐབས། དིང་རི་རྫོང་མ་གཏོགས། ད་དུང་གཉའ་ལམ་རྫོང་དང་རྒྱལ་ཁབ་གཞུང་ལམ318གྱི་ལམ་བཅོས་ས་ཚིགས་ཤིག་སོགས་ས་གནས་མང་པོ་ནས་ཀྱང་དུས་རབས་གཅིག་པའི་ས་རིམ་ཚང་མའི་ནང་དུ་ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་རྙེད་པ་རེད། ཉ་འབྲུག་འགྱུར་རྡོ་འདི་དག་གི་ཁྲོད་དུ། ཅུང་ཆེ་བའི་ཉ་འབྲུག་དར་མའི་ཀེང་རུས་ཀྱི་འགྱུར་རྡོ་ཡོད་པར་མ་ཟད། ད་དུང་ཕྲ་ཞིང་ཆུང་བའི་རྩིབ་རུས་ཀྱང་ཡོད་པ་རེད། འདི་ནི་ཕལ་ཆེར་ཧི་མ་ལ་ཡའི་ཉ་འབྲུག་གི་ཕྲུ་གུ་གདོས་བཅས(幼体)ཀྱི་ཀེང་རུས་འགྱུར་རྡོའམ་ཡང་ན་གཟུགས་གཞི་ཆུང་བའི་ཉ་འབྲུག་གི་རིགས་ཁྱུ་གསར་བ་ཞིག་ཡིན་པ་རེད།

གཉིས། དོན་སྙིང་ཅི་ཞིག་ཡོད་དམ།

        མདོ་དབུས་མཐོ་སྒང་ནི་སའི་གོ་ལའི་ཚན་རིག་དང་ཚེ་སྲོག་ཚན་རིག་ལ་ཞིབ་འཇུག་བྱེད་པའི་ས་ཁུལ་ཚ་ཤོས་ཡིན་ནའང་། ཇོ་རི་ས་ཁུལ་གྱིས་གནའ་བོའི་སྐྱེ་དངོས་དུས་རབས(古生代)ནས་གསར་ཐོན་དུས་རབས(新生代)སྔ་དུས་སུ་གཞི་རྩའི་ཆ་ནས་རྒྱུན་མཐུད་བྱུང་ཡོད་པའི་ཐེ་ཐི་སི་རྒྱ་མཚོ་ཡི་མཚོ་མཐིལ་དིམ་བསགས་ས་རིམ་བསྐྱེད་ཡོད་ཅིང་། དེ་ཡིས་གནའ་བོའི་ཐེ་ཐི་སི་རྒྱ་མཚོ་ཡི་ཆུ་གཏེར་སྐྱེ་ཁམས་དང་ཆུ་གཏེར་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིམ་འགྱུར་རྒྱུས་ལོན་བྱེད་པ་ལ། རིན་ཐང་ཆེ་བའི་སྒེའུ་ཁུང་སྔར་བས་ལྷག་པ་འདོན་སྤྲོད་བྱས་ཡོད།

        ཀྲུང་གོའི་ཚན་རིག་གླིང་གནའ་བོའི་སྒལ་ཅན་ཞིབ་འཇུག་སུའོ་ཡི་མཚོ་བོད་ཚན་རིག་རྟོག་ཞིབ་རུ་ཁག་གིས་བསྟན་དོན། ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་ཡང་བསྐྱར་རྙེད་པ་འདི་ཡིས“གསར་རྙེད་ཀྱི་སྒོ་ཆེན་ཕྱེ་ཡོད་ནའང་། མིག་སྔར་ནི་ཞིབ་འཇུག་མགོ་བརྩམས་པ་ཙམ་ཡིན་པས། མུ་མཐུད་དུ་འགྱུར་རྡོའི་རྒྱུ་ཆ་འདི་ལ་ཞིབ་འཇུག་བྱས་ན། ཤེས་རྟོགས་གསར་བ་དང་གྲུབ་འབྲས་སྔར་བས་ལྷག་པ་ཐོབ་ངེས་ཡིན།” འདས་སོང་གི་སུམ་བརྩེགས་དུས་རབས་སུ་རྒྱ་མཚོའི་བཙན་བདག་ཡིན་པའི་ཧི་མ་ལ་ཡའི་ཉ་འབྲུག་གི་འགྱུར་རྡོ་ཡང་བསྐྱར་རྙེད་པ་འདིས་ས་ཤུན་གླིང་དུམ་འགུལ་སྐྱོད་དང་ཚེ་སྲོག་རིམ་འགྱུར་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད།

        དུས་མཚུངས་སུ། ཉ་འབྲུག་གི་འགྱུར་རྡོའི་མཉམ་དུ་མཛྙུ་ར(菊石)སོགས་ཀྱི་འགྱུར་རྡོ་མང་པོ་ཡང་བྱུང་བ་ལས། ཚན་རིག་པ་ཚོས་སུམ་བརྩེགས་དུས་རབས་ཀྱི་ཆུ་གཏེར་སྐྱེ་ཁམས་མ་ལག་རྒྱུས་ལོན་བྱེད་པ་ལ་ཆ་འཕྲིན་སྔར་བས་མང་པོ་འདོན་སྤྲོད་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1