༄༅། །བྱ་དགའི་དངུལ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་སམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-13


        ཟླ2པའི་ཚེས2ཉིན། “སྐྱེས་པ་ཞིག་ལ་སྒོར་ཁྲི1000གི་རྒྱན་ཤོག་བྱ་དགའི་དངུལ་ཐོབ་རྗེས། ཁོས་ཆུང་མར་གསང་ནས་བཟའ་ཐོར་བྱུང་བའི་ཆུང་མ་སྔོན་མར་སྒོར་ཁྲི70བྱིན”ཞེས་པའི་བཤད་ཚུལ་དེ་དྲ་ཐོག་ཏུ་རླུང་ལྟར་ལྡང་བཞིན་འདུག ཚང་མས་དེར་དོ་སྣང་བྱེད་པའི་དུས་མཚུངས་སུ། རྒྱན་ཤོག་བྱ་དགའི་དངུལ་དེ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་མིན་ལའང་རྩོད་གཞི་ཆེན་པོ་བྱུང་བ་དང་། གལ་ཏེ་ཐུན་མོང་གི་རྒྱུ་ནོར་སྤོ་སྒྱུར་བྱས་ན་མཇུག་འབྲས་ཅི་ཞིག་འབྱུང་ངམ། དྲི་བ་འདིའི་ཐད་ནས་ཁྲིམས་ཁང་གིས་གྱོད་དོན་གྱི་གནས་ཚུལ་ཞིབ་བརྗོད་བྱས་པར་མ་ཟད། བཅའ་ཁྲིམས་ཀྱི་འགྲེལ་བཤད་དང་གནས་ལུགས་དྲངས་པ་གཤམ་གསལ་ལྟར།

གྱོད་དོན།

        མཚོ་མོའི་ཁྱོ་ག་ཚེ་དཔལ་རྒྱན་ཤོག་ཉོ་རྒྱུར་དགའ་ཞིང་། དོན་དེར་མཚོ་མོའང་གོམས་ལོབས་སུ་སོང་སྟེ་དོ་སྣང་བྱེད་ཀྱིན་མེད་པས། ནམ་ཞིག་དེ་ལས་བྱ་དགའི་དངུལ་ཞིག་ཐོབ་རྒྱུ་ནི་ཡིད་ལའང་ཤར་མ་མྱོང་བ་རེད།

        བསམ་ཡུལ་ལས་འདས་པ་ཞིག་ལ། ལོ་ངོ་གཉིས་ཡར་སྔོན་གྱི་ཉིན་ཞིག་ལ། ཚེ་དཔལ་ལ་དངོས་གནས་བྱ་དགའ་ཆེན་པོ་ཞིག་ཐོབ་པ་དང་། བྱ་དགའི་དངུལ་ཏག་ཏག་སྒོར་ཁྲི1000རེད། ཁྲལ་དངུལ་བཅག་རྗེས་སྒོར་ཁྲི843ལག་སོན་བྱུང་མོད། འོན་ཀྱང་ཚེ་དཔལ་ལ་སྒེར་སེམས་དྲག་པོ་ཞིག་ཡོད་པའི་དབང་གིས། བྱ་དགའ་ཐོབ་པའི་གནས་ཚུལ་དེ་མཚོ་མོར་གསང་བ་རེད།

        བྱ་དགའི་དངུལ་འབྱོར་བའི་ཉིན་དེར། ཚེ་དཔལ་གྱིས་གསང་བའི་སྒོ་ནས་ཁོའི་ཨ་ཅེ་ལ་སྒོར་ཁྲི200བསྐུར་བ་དང་། དེའི་རྗེས་སུ། ཁོས་ཡང་བསྐྱར་ཆུང་མ་སྔོན་མར་ཁང་པ་ཉོ་སྤྱད་ཀྱི་སྒོར་ཁྲི70བྱིན།

        མཚོ་མོས་གནས་ཚུལ་དེ་ཤེས་རྗེས་སེམས་གཏིང་ནས་ཡིད་ཐག་ཆད། སྤྱིར་ན་བཟའ་ཟླ་གཉིས་ཀའི་བརྩེ་དུང་མཐུན་པོ་མིན་ལ། ད་ཆ་བྱ་དགའི་དངུལ་འབོར་ཆེན་ཞིག་གློ་བུར་དུ་ཐོབ་པ་དེས། ཁོ་གཉིས་བར་གྱི་བརྩེ་དུང་གི་གས་སྲུབས་ལྷག་པར་ཇེ་ཆེར་བཏང་། མཇུག་མཐར་མཚོ་མོས་ཚེ་དཔལ་ཁྲིམས་ཁང་ལ་གཏུགས་ནས་གཉེན་འཐོར་བའི་རེ་བ་བཏོན་ཅིང་། བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་དགོས་པ་དང་། ཚེ་དཔལ་གྱིས་ཁོའི་ཨ་ཅེ་དང་ཆུང་མ་སྔོན་མར་བྱིན་པའི་སྒོར་ཁྲི270ལས་གསུམ་ཆའི་གཉིས་མོར་སྟེར་དགོས་པའི་རེ་བ་བཏོན།

ཁྲིམས་ཁང་གི་བཅད་ཁྲ།

        འདྲི་ཞིབ་བྱས་པ་བརྒྱུད། ཁྲིམས་ཁང་གིས་ཕྱོགས་གཉིས་ཀའི་བརྩེ་དུང་ལ་གས་ཆག་ཤོར་ཟིན་པར་ངོས་བཟུང་སྟེ། གཉེན་འཐོར་བར་ཆོག་མཆན་བཀོད།

        དེ་དང་ཆབས་ཅིག ཁྲིམས་ཁང་གིས་ངོས་འཛིན་བྱས་དོན། ཚེ་དཔལ་གྱི་བྱ་སྤྱོད་ནི་དམངས་དོན་ཁྲིམས་གཞུང་ནང་གཏན་འཁེལ་བྱས་པའི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་སྤོ་སྒྱུར་བྱེད་པའི་སྣང་ཚུལ་དུ་གཏོགས་པས། གྱོད་དོན་ཧྲིལ་པོའི་གནས་ཚུལ་ཕྱོགས་བསྡུས་བྱས་རྗེས། ཚེ་དཔལ་གྱིས་གོང་དུ་བརྗོད་པའི་སྒོར་ཁྲི270ལྷག་གི60%མཚོ་མོར་བགོ་དགོས་པ་གཏན་འཁེལ་བྱས།

        ཁྲིམས་ཐག་བཅད་རྗེས། ཕྱོགས་གཉིས་ཀས་གོང་གཏུག་མ་བྱས་ལ། ད་སྔ་ཁྲིམས་ཐག་བཅད་པ་དེ་དངོས་སུ་ཕན་འབྲས་ཐོན་པར་གྱུར་ཡོད།

ཁྲིམས་གླེང་བ།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1062པའི་གཏན་འབེབས་ལྟར་ན། བཟའ་ཟླ་གཉིས་ཀར་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་སུ་ཐོབ་པའི་གཤམ་གསལ་གྱི་རྒྱུ་ནོར་འདི་དག་བཟའ་ཟླའི་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་ཤིང་ཐུན་མོང་ལ་དབང་བ་ཡིན། (གཅིག)གླ་ཕོགས་དང་བྱ་དགའི་དངུལ། ངལ་རྩོལ་གླ་ཆ། (གཉིས)ཐོན་སྐྱེད་དང་གཉེར་སྐྱོང་། མ་དངུལ་གཏོང་འཇོག་བྱས་པ་ལས་ཐོབ་པའི་དངུལ། (གསུམ)ཤེས་བྱའི་ཐོན་དབང་གི་ཡོང་སྒོ། (བཞི)རྒྱུན་འཛིན་དང་གཞན་གྱིས་ཕུལ་བ་ལས་ཐོབ་པའི་རྒྱུ་ནོར་བཅས་ཡིན་མོད། འོན་ཀྱང་ཁྲིམས་འདིའི་དོན་ཚན1063པའི་ཚན་པ་གསུམ་པའི་གཏན་འབེབས་ཕུད་དགོས། (ལྔ)ཐུན་མོང་ལ་དབང་འོས་པའི་རྒྱུ་ནོར་གཞན་དག བཟའ་ཟླ་གཉིས་ཀར་ཐུན་མོང་གི་རྒྱུ་ནོར་འདྲ་མཉམ་གྱིས་ཐག་གཅོད་པའི་དབང་ཆ་ཡོད།

        གྱོད་དོན་འདི་དང་ཟུང་འབྲེལ་བྱས་ན། དམིགས་བསལ་གྱི་ཁ་ཆད་གཞན་མེད་པའི་གནས་ཚུལ་འོག ཚེ་དཔལ་ལ་ཐོབ་པའི་རྒྱན་ཤོག་བྱ་དགའི་དངུལ་སྒོར་ཁྲི843པོ་དེ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་འོས་པ་རེད།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1066པ་ལྟར་ན། བཟའ་ཟླ་གཉིས་ལས་གཅིག་གིས་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་སྦ་གསང་དང་སྤོ་སྒྱུར། འཚོང་སྒྱུར། མེད་བརླག་ཏུ་བཏང་བ། བག་མེད་ལོངས་སྤྱོད་སོགས་བྱས་པའམ་ཡང་ན་བཟའ་ཟླ་ཐུན་མོང་གི་བུ་ལོན་རྫུན་བཟོ་བྱས་པ་བརྒྱུད་ནས་ཕྱོགས་གཞན་པ་དེའི་རྒྱུ་ནོར་བདག་བཟུང་བྱས་ན། གཉེན་འཐོར་ནས་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་སྐབས། ཕྱོགས་དེར་ཉུང་ཙམ་བགོ་བའམ་ཡང་ན་མ་བགོས་ཀྱང་ཆོག

        གྱོད་དོན་འདིའི་ཁྲོད། ཚེ་དཔལ་རྒྱུ་ནོར་སྤོ་སྒྱུར་བྱེད་མཁན་ཡིན་པར་གཞིགས་ཏེ། གཉེན་འཐོར་ཏེ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་བགོ་བཤའ་རྒྱག་པའི་སྐབས་སུ། ཁོར་ཉུང་ཙམ་བགོ་བའམ་ཡང་ན་མ་བགོས་ཀྱང་ཆོག དེའི་ཕྱིར་ཁྲིམས་ཁང་གིས་གོང་གསལ་ལྟར་ཁྲིམས་ཐག་བཅད་པ་རེད།

        བཟའ་ཟླ་ནི་ཕན་ཚུན་ལ་ཡིད་རྟོན་ཡོད་པ་དང་རོགས་འདེགས་བྱེད་པའི་ཐུན་མོང་ཚོགས་པ་ཞིག་ཡིན་པས། སྐྱིད་ཀྱི་རྟ་བོར་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་དགོས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1