ཐེན་ཞང་ལི་ཡིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ལ་མཇལ་འཕྲད་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-14



         སྤྱི་ཟླ་5པའི་ཚེས་30ཉིན་ལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། དཀར་མཛེས་ཁུལ་འདབ་པ་རྫོང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཕྲད་བྱས་ཤིང་། ཁོང་སི་ཁྲོན་དུ་ལྟ་སྐོར་དང་གཟིགས་ཞིབ་ཏུ་ཕེབས་པར་དགའ་བསུ་ཞུས།

        མཇལ་འཕྲད་སྐབས་ཐེན་ཞང་ལི་ཡིས་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ཆོས་ལུགས། བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་གི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས་ཤིང་། ཁོང་གིས་ན་ནིང་ནས་བཟུང་སི་ཁྲོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་བསྐྲུན་པ་སྤྱིའི་སྣེ་འདྲེན་དུ་བྱས་ཤིང་། སྤྱིའི་དམ་འཛིན་བྱ་གཞི“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”དུ་བཟུང་བ།“ཆབ་སྲིད་ལ་སྣང་ཆེན་དང་། འཕེལ་རྒྱས་ལ་དམ་འཛིན། དམངས་འཚོར་ཕན་པ། བདེ་འཇགས་འགན་ལེན”གྱི་ལས་དོན་སྤྱིའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལག་ལེན་ཁྲོད་ཧུར་ཐག་ཞུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་ཇུས་ཆེན་བཀོད་གནང་བ་ལག་ལེན་བཟང་པོར་མཐའ་གཅིག་ཏུ་བསྒྱུར་ཡོད། ན་ནིང་སི་ཁྲོན་གྱིས་ནད་ཡམས་ཡང་ཡང་ཐོན་པ་དང་། གློག་མི་འདང་ཞིང་མཁོ་སྤྲོད་འགན་སྲུང་དཀའ་བ། ས་འགུལ་གྱི་གནོད་སྐྱོན་སོགས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་པས་ཞིང་ཆེན་ཡོངས་སུ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་འཕེལ་ཕྱོགས་བཟང་པོ་ཐོན་པ་དང་། སྤྱི་ཚོགས་དང་དམངས་འཚོར་ཡར་རྒྱས་ཆེན་པོ་བྱུང་ཞིང་། གྲོང་ཡུལ་གྱི་རྣམ་པ་ཇེ་ལེགས་སུ་ཕྱིན་ནས། སི་ཁྲོན་གྱི་ས་གཞི་ཆེན་མོར་སྲིད་དར་དམངས་བདེའི་གནས་བབ་བཟང་པོ་མངོན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་གིས་ལས་དོན་ཁག་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ནས་སྤེལ་བ་རྒྱུན་འཁྱོངས་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཡོད་ཅིང་། བོད་འབྲེལ་ཁུལ་དང་རྫོང་གིས་གོམ་སྟབས་སྔར་བས་བརྟན་པོར་སྤོས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་མ་ལག་ཏུ་ཞུགས་བཞིན་ཡོད་པ་རེད། ད་ཐེངས་པཎ་ཆེན་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐོན་པའི་རྣམ་པ་གསར་པ་དང་དགེ་མཚན་གསར་པར་གཟིགས་ཆོག་པ་དང་། སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་དུ་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབས་ནས་བོད་འབྲེལ་ཁུལ་དང་རྫོང་ཡུན་རིང་བདེར་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་ཆེད་བསམ་འཆར་རྩ་ཆེན་མང་ཙམ་འདོན་པའི་རེ་བ་ཡོད་ཅེས་བཤད་པ་རེད།

        པཎ་ཆེན་གྱིས་ད་ཐེངས་ནི་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་ཐེངས་གསུམ་པ་ཡིན། སི་ཁྲོན་གྱི་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་སྲིད་ཇུས་གཞན་དག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། སི་ཁྲོན་དང་ལྷག་པར་དུ་བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་གི་སྤྱི་ཚོགས་དང་དཔལ་འབྱོར་གྱིས་གཙོས་པའི་ཕྱོགས་སོ་སོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་མཐོང་བྱུང་། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་བསླབ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཤིང་། ཆོས་ལུགས་ལས་རིགས་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་ལས་རིགས།  ཆོས་དད་མང་ཚོགས་ལ་རྒྱལ་ཁབ་དང་མི་རིགས་ཀྱི་སྤྱི་དོན་གཙིགས་སུ་འཛིན་པ་དང་། རྒྱལ་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་ཡོང་བའི་ཆེད་དུ་བྱས་རྗེས་དེ་ལས་མང་བ་འབུལ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱ་དགོས་ཞེས་གསུངས་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1