སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་དང་། དངོས་སྒྲུབ་ཀྱི་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-15


སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ་དང་། དངོས་སྒྲུབ་ཀྱི་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་བ།

—— བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱིན།

        “གཅིག་སྡུད་སློབ་གསོ་བརྒྱུད། ཏང་ཡོངས་ཀྱིས་རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད” ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས“སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བར”དམིགས་ནས་བླང་བྱ་ཁ་གསལ་བཏོན་པ་སྟེ། “དངོས་སྒྲུབ་ཀྱི་སྲོལ་བཟང་དར་སྤེལ་ཤུགས་ཆེན་གཏོང་བ”དང“སྤྱོད་གཙང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ” “བབ་ཆགས་ཀྱི་སྤྱོད་ཚུལ་འཇགས་པར་བྱེད་པ”བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་ཁ་ཕྱོགས་སྔར་བས་གསལ་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཏང་སྲོལ་གྱི་གནད་དོན་དེ་སྲིད་འཛིན་ཏང་གི་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས“འགོ་ཁྲིད་ལས་བྱེད་པའི་སྤྱོད་ཚུལ་དེ་ཏང་ནང་ཁུལ་གྱི་དར་སྲོལ་དང་ཆབ་སྲིད་ཀྱི་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཡོད་པ་དང་དམངས་སེམས་གཏད་ཕྱོགས་དང་འབྲེལ་བ་ཡོད་པས། ཏང་གི་མང་ཚོགས་རྨང་གཞི་གཏན་འཁེལ་བྱེད་ཀྱི་ཡོད”ཅེས་གསུངས་པ་དང་། “སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད། དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང”ཞེས་ནན་བཤད་གནང་བ། “སྤྱོད་ཚུལ་འཛུགས་སྐྱོང་ཐད་ངེས་པར་དུ་གོང་གིས་འོག་ལ་སྣེ་ཁྲིད་དང་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས”ཞེས་བླང་བྱ་བཏོན་གནང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པ་ནས་འགོ་བཙུགས་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། ཏང་སྲོལ་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་སྐྱོན་ཆ་སེལ་བ་ནས། ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་སོགས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་གཞུང་དྲང་གི་སྲོལ་གསར་གཏོད་པའི་བར་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པའི་བར། སྔ་ས་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་དང་རྐྱེན་ཆུང་ས་ནས་བསལ་ཏེ་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་པ་སོགས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་བྱས་པ་བརྒྱུད། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་སྤྱི་ཚོགས་ཀྱི་གོམས་གཤིས་དང་དམངས་སྲོལ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཏེ་དུས་རབས་གསར་པའི་རླབས་ཆེན་འཕོ་འགྱུར་ལ་སྤྱོད་ཚུལ་གྱི་འགན་ལེན་བརྟན་པོ་བྱས་ཡོད།

        ཉེན་ཁ་ཇི་ཙམ་ཆེ་ན་འགྲན་སློང་དེ་ཙམ་གྱིས་ཆེ་བ་དང་ལས་འགན་དེ་ཙམ་གྱིས་ལྕི་བ་ཡོད་པས། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཀྱང་དེ་ཙམ་གྱིས་ཆེ་རུ་བཏང་ནས། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྙིང་སྟོབས་ཆེར་སྐྱེད་དང་། ངར་ཤུགས་འཕེལ་བར་བྱེད་པ། གཟུགས་བརྙན་བཟང་པོ་གཏོད་པ། དམངས་སེམས་ཐོབ་པ་བཅས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་རང་སྣང་འཇིག་རྟེན་ལྟ་བར་འགྱུར་ལྡོག་བཏང་སྟེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་།  བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ། ཏང་གཤིས་ཞུན་བརྡར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དགོངས་པ་གལ་ཆེན་རབ་དང་རིམ་པའི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས་དགོངས་པ་གལ་ཆེན་དེ་ལེགས་པར་སྤྱད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཏང་ཆེ་མོའི་ཐུན་མོང་མ་ཡིན་པའི་དཀའ་གནད་ཐག་གཅོད་བྱེད་པར་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་དུས་རྟག་ཏུ་མཐའ་འཁྱོངས་བྱེད་པ། བསམ་བློ་དྭངས་གཙང་མིན་པ་དང་རྩ་འཛུགས་དྭངས་གཙང་མིན་པའི་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བར་དམ་འཛིན་བྱས་ཏེ་དམིགས་ཡུལ་གྱི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་ཟུང་འབྲེལ་དང་སློབ་བཤེར་དག་ཐེར་བཅས་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ཏང་སྲོལ་གྱི་བླང་བྱ་དང་བསྡུར་ནས་ཧེ་བག་འཚོལ་བ་དང་། ཏང་གཤིས་བླང་བྱ་དང་བསྡུར་ནས་འབྱུང་རྩར་ཞིབ་བཤེར། ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་དང་བསྡུར་ནས་བྱེད་ཐབས་གསལ་པོ་བཟོ་བ་བཅས་བྱས་ཏེ་འཚོལ་བཤེར་དག་ཐེར་གྱི་ཕན་འབྲས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་བ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བར་དམ་འཛིན་བྱེད་པར། སྔོན་ལ་དངོས་དོན་གཉེར་བའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དངོས་ཐོག་བདེན་འཚོལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པའི་དྲང་ནུས་ཆེན་པོ་སྐུལ་སློང་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་གསར་གཏོད་གང་ཐུབ་བྱེད་དགོས།

        རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་ལམ་ཅིག་ཡིན་པས། དེར་མྱུར་ལམ་མེད་པར་ཧུར་ཐག་འབད་ཐག་བྱེད་དགོས་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གནས་ཚུལ་དངོས་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་བརྩོན་ལེན་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ། ལས་དོན་དངོས་ལ་དམ་འཛིན་དང་། རྨང་གཞི་བརྟན་གཏོང་། གོམ་སྟབས་ཏན་ཏིག་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས”ཞེས་གསུངས་པ་རེད།

        རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ་ལས་སྟོང་བསམ་ཁོ་ན་མི་འཆང་བ་དང་སྟོང་གཏམ་ཁོ་ན་ཤོད་མི་རུང་བ་དང་། ཏན་ཏིག་ངང་སློབ་སྦྱོང་བྱེད་པར་སྤྲོ་བ་དང་དོན་དངོས་ལ་བརྩི་འཇོག་བྱེད་པ་ལས་ཆོས་ཉིད་ལས་མི་འགལ་བ་དང་རྨོངས་ཚོད་དང་ཧོལ་རྒྱུག་བྱེད་མི་རུང་། དམ་པ་དོན་གཉེར་དང་ཕན་འབྲས་ལ་སྣང་ཆེན་བྱེད་པ་ལས་ཕྱི་ཚུལ་ཙམ་དང་རྣམ་པ་ཙམ་བྱེད་མི་རུང་། “རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་པ་དང“སྟོང་གཏམ་གྱིས་རྒྱལ་དོན་འཕྱུག དོན་དམ་གྱིས་རྒྱལ་ཁབ་དར”ཞེས་པ་བློ་ལ་བརྟན་པོར་ངེས་ནས། དམ་པ་དོན་གཉེར་དང་ཕན་འབྲས་དངོས་དོན་གཉེར་གྱིས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་ལས་ཀ་ལེགས་བཅོས་ཀྱི་བྱ་ཐབས་དངོས་ཐོག་ཏན་ཏིག་འགྱུར་བ་དང་། གནད་དོན་ལ་དམིགས་པ་དང་དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་བྱས་ནས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་དང་འགན་འཁྲི་ཧུར་ཐག་སྒྲུབ་ཕོད་པའི་སྙིང་སྟོབས་ཀྱིས་ཏང་དང་མི་དམངས་ཆེད་ལས་དོན་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཧུར་ཐག་འཁུར་ཏེ་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་པར་བྱེད་དགོས།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་ཐོན་ཡོད་མེད་ལ་ཆེས་ཐད་ཀའི་མྱོང་ཚོར་ནི་ཏང་སྲོལ་ཐད་གནས་པའི་གནད་དོན་ཐག་གཅོད་ཐུབ་མིན་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཡར་རྒྱས་མངོན་གསལ་དོད་པོ་ཕྱིན་ཡོད་མེད་ལ་ཐུག་ཡོད”ཅེས་ནན་བཤད་གནང་ཡོད། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་གོ་སྐབས་སུ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཕུགས་བསམ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར་དང་ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བྱས་ཚེ། ང་ཚོས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་ཉམས་མེད་ངང་གནས་ཐུབ་པར་བྱས་ནས་སྤྱོད་ཚུལ་ལེགས་པོ་དང་གཟུགས་བརྙན་བཟང་པོར་བརྟེན་ཏེ་རླབས་པོ་ཆེའི་བྱ་གཞག་གསར་པ་གཏོད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1