༄༅། །སྡོད་ཁང་སྤྱི་གསོག་དངུལ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་སམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-15



གཉེན་འབྲེལ་གྱི་འབྲེལ་བ་ཡོད་པའི་སྐབས་ཀྱི་སྡོད་ཁང་སྤྱི་གསོག་དངུལ་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་ཡིན།


གྱོད་དོན།

        2016ལོའི་ཟླ12པའི་ཚེས12ཉིན། ཚེ་དཔལ་དང་ལྷ་སྒྲོན་གཉིས་ཀྱིས་གཉིན་སྒྲིག་ཐོ་འགོད་བྱས་པ་དང་། 2017ལོའི་ཟླ1པའི་ཚེས7ཉིན་གཉེན་སྟོན་བྱས་ལ། གཉེན་བསྒྲིགས་རྗེས་བུ་ཞིག་སྐྱེས་ཡོད།

        2020ལོར། ཚེ་དཔལ་དང་ལྷ་སྒྲོན་གཉིས་ལ་དོན་དག་ཙག་ཙིག་གི་དབང་གིས་འགལ་ཟླ་བྱུང་བས། སོ་སོར་བསྡད་དེ་རང་རང་སར་འཚོ་བ་རོལ་བ་རེད། 2022ལོའི་ཟླ7པར། ལྷ་སྒྲོན་གྱིས་ཚེ་དཔལ་ཁྲིམས་ཁང་ལ་གཏུགས་ཏེ། ཁོ་དང་གཉེན་འཐོར་རྒྱུ་ཡིན་པར་མ་ཟད། བྱིས་པ་ཚེ་དཔལ་གྱིས་སྙོར་སྐྱོང་བྱེད་དགོས་པ་དང་། དེ་དང་ཆབས་ཅིག་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ཏེ། རླངས་འཁོར་གཅིག་དང་ཚེ་དཔལ་གྱི་སྡོད་ཁང་སྤྱི་གསོག་དངུལ་བགོ་བཤའ་རྒྱག་དགོས་པའི་ཁར། ཚེ་དཔལ་གྱིས་ད་རུང་མོར་ཁྱིམ་ལས་ལས་པའི་ཁ་གསབ་དངུལ་སྒོར་ཁྲི2སྟེར་དགོས་པ་དང་བཅས་བསྡོམས་པས་སྒོར་ཁྲི39སྟེར་དགོས་པའི་རེ་བ་བཏོན།

འདུམ་སྒྲིག་གི་གནས་ཚུལ།

        ཟླ9པའི་ཚེས28ཉིན། འགན་སྒྲུབ་ཁྲིམས་དཔོན་གྱིས་འདུམ་སྒྲིག་བྱས་པ་བརྒྱུད། ཚེ་དཔལ་དང་ལྷ་སྒྲོན་གཉིས་འདུམ་ཁྲར་གྲོས་མཐུན་བྱུང་།

        འདུམ་སྒྲིག་ཁྲོད། ཚེ་དཔལ་གཉེན་འཐོར་རྒྱུར་འཐད་པ་བྱུང་ཞིང་། བྱིས་པ་ཁོ་རང་གིས་སྙོར་སྐྱོང་བྱེད་རྒྱུ་དང་། བྱིས་པ་ལོ18ལ་སོན་རག་བར་དུ་ལྷ་སྒྲོན་གྱིས་ཟླ་རེར་སྙོར་སྐྱོང་གྲོན་དངུལ་སྒོར1000རེ་སྟེར་རྒྱུའི་ཐག་བཅད།

        གྱོད་དོན་འདིའི་རྩོད་གཞི་གཙོ་བོ་ནི་བགོ་བཤའ་རྒྱག་རྒྱུའི་རེ་བ་བཏོན་པའི་རླངས་འཁོར་དང་སྡོད་ཁང་སྤྱི་གསོག་དངུལ་གྱི་གནད་དོན་དེ་རེད། རླངས་འཁོར་ནི2017ལོར་སྒོར་ཁྲི33བྱིན་ནས་ཉོས་པ་དང་། རླངས་འཁོར་ཉོ་བྱེད་ཀྱི་སྒོར་མོ་ནི་ཚེ་དཔལ་གྱིས་སྔར་ཡོད་ཀྱི་རླངས་འཁོར་བཙོངས་པའི་སྒོར་མོ་ཁྲི11དང་། དེའི་འཕྲོ་མ་དངུལ་བུན་བླངས་པ་ཡིན་ལ། ཟླ་རེར་སྒོར6000ལྷག་གི་དངུལ་བུན་སྤྲོད་ཀྱིན་ཡོད། ལྷ་སྒྲོན་ལས་ཀར་ཞུགས་མེད་པའི་དབང་གིས། དངུལ་བུན་ཡོངས་རྫོགས་ཚེ་དཔལ་དང་ཁོའི་ཨ་མ་གཉིས་ཀྱིས་འཇལ་བ་དང་། ད་ལྟ་དངུལ་བུན་ཡོངས་སུ་འཇལ་ཚར་ཡོད། མིག་སྔར་རླངས་འཁོར་དེའི་རིན་ཐང་སྒོར་ཁྲི20ཙམ་ཡིན་པས། ཚེ་དཔལ་གྱིས་གཉེན་མ་བསྒྲིགས་སྔོན་གྱི་རླངས་འཁོར་བཙོངས་ནས་སྤྲད་པའི་ཐོག་མའི་དངུལ་དེ་འཐེན་རྗེས། རླངས་འཁོར་སྒོར་ཁྲི5ལ་བཀུག་སྟེ་ལྷ་སྒྲོན་ལ་སྟེར་རྒྱུའི་བསམ་ཚུལ་བཤད་པ་ན། ལྷ་སྒྲོན་ཡང་དེར་འཐད་པ་བྱུང་བ་རེད།

        དེ་ཡང་སྡོད་ཁང་སྤྱི་གསོག་དངུལ་བགོ་བཤའ་རྒྱག་པའི་གནད་དོན་གྱི་སྐོར་ནས། ལྷ་སྒྲོན་གྱིས་ཚེ་དཔལ་གྱི་སྤྱི་གསོག་དངུལ་གྱི་ལྷག་དངུལ་ཟིན་ཐོ་ཁྲིམས་ཁང་ལ་སྤྲད་པ་དང་། འདུམ་སྒྲིག་བྱེད་སྐབས་ཚེ་དཔལ་གྱིས་ཀྱང2018ལོའི་ཚུན་གྱི་སྤྱི་གསོག་དངུལ་གྱི་ལྷག་དངུལ་ཟིན་ཐོ་ཁྲིམས་ཁང་ལ་སྤྲད་ཅིང་། བསྡོམས་པས་སྒོར་ཁྲི17ཡོད་པ་རེད། ཚེ་དཔལ་གྱིས་བཤད་པ་ལྟར་ན། གཉེན་མ་བསྒྲིགས་པའི་སྔོན་ལ་རང་ཉིད་ལ་སྤྱི་གསོག་དངུལ་སྒོར་ཁྲི3ཡོད་པ་དང་། གཉེན་བསྒྲིགས་རྗེས་ཀྱི་སྤྱི་གསོག་དངུལ་སྒོར་ཁྲི14ཡོད་པ་རེད། ཁྲིམས་ཁང་གི་འདུམ་སྒྲིག་དང་འབྲེལ་ཡོད་ཀྱི་གཏན་འཁེལ་འོག ལྷ་སྒྲོན་ཡང་སྤྱི་གསོག་དངུལ་ལས་གཉེན་མ་བསྒྲིགས་པའི་སྔོན་གྱི་སྒོར་ཁྲི3པོ་དེ་འཐེན་རྒྱུར་འཐད་པ་བྱུང་ཞིང་། གཉེན་བསྒྲིགས་པའི་རྗེས་ཀྱི་སྤྱི་གསོག་དངུལ་གྱི་ཕྱེད་ཀ་སྟེ་སྒོར་ཁྲི7མོར་སྟེར་དགོས་པའི་རེ་བ་བཏོན་པར་མ་ཟད། ཁྱིམ་ལས་ལས་པའི་ཁ་གསབ་དངུལ་སྒོར་ཁྲི2པོ་དེ་མི་དགོས་པར་བཤད་པས། ཚེ་དཔལ་ཡང་དེར་འཐད་པ་བྱུང་།

        མཇུག་མཐར། འགན་སྒྲུབ་ཁྲིམས་དཔོན་གྱིས་འདུམ་སྒྲིག་བྱས་པ་བརྒྱུད། ཕྱོགས་གཉིས་ཀ་གཉེན་འཐོར་རྒྱུ་དང་། བྱིས་པ་ཚེ་དཔལ་གྱིས་སྙོར་སྐྱོང་བྱེད་རྒྱུ། བྱིས་པ་ལོ18ལ་སོན་རག་བར་དུ་ལྷ་སྒྲོན་གྱིས་ཟླ་རེར་སྙོར་སྐྱོང་དངུལ་སྒོར1000རེ་སྟེར་རྒྱུ་མ་ཟད། ཟླ་རེར་ཐེངས་གཉིས་རེ་བལྟ་རུ་ཡོང་རྒྱུར་ཕྱོགས་གཉིས་ཀ་འཐད་པ་བྱུང་། རླངས་འཁོར་དང་སྤྱི་གསོག་དངུལ་ཚེ་དཔལ་ལ་དབང་བ་དང་། ཚེ་དཔལ་གྱིས་ལྷ་སྒྲོན་ལ་སྒོར་ཁྲི5དང་དེའི་ཁར་སྡོད་ཁང་སྤྱི་གསོག་དངུལ་གྱི་ཁ་གསབ་དངུལ་སྒོར་ཁྲི7བཅས་བསྡོམས་པས་སྒོར་ཁྲི12སྟེར་རྒྱུ་བྱས་ཏེ་གྱོད་དོན་ཡོངས་སུ་མཇུག་བསྒྲིལ།

ཁྲིམས་བཤད་པ།

        ཁྲིམས་རྩོད་པ་ཀུན་འགྲུབ་ཀྱིས་བསྟན་དོན། དམངས་དོན་ཁྲིམས་གཞུང་གི་གཏན་འཁེལ་ལྟར་ན། གཉེན་འབྲེལ་འབྲེལ་བ་ཡོད་པའི་སྐབས་སུ་ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་སྡོད་ཁང་གི་ཁ་གསབ་དང་སྡོད་ཁང་སྤྱི་གསོག་དངུལ་སོགས་ནི་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་པ་རེད། དེ་བས་གཉེན་འབྲེལ་ཡོད་པའི་སྐབས་ཀྱི་སྡོད་ཁང་སྤྱི་གསོག་དངུལ་ནི་ཐུན་མོང་ལ་དབང་བའི་རྒྱུ་ནོར་གཞན་དག་གི་ཁོངས་སུ་འདུ་ལ། སྡོད་ཁང་སྤྱི་གསོག་དངུལ་ལས་གཞན་ད་རུང་ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་གཞི་རྩའི་རྒན་གསོ་དངུལ་དང་མ་རྩ་བརྡིབས་པའི་བདེ་འགོད་ཁ་གསབ་སོགས་ཀྱང་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་དུ་གཏོགས་མོད། འོན་ཀྱང“དངོས་སུ་ཐོབ་པ”དང“ཐོབ་འོས་པ”གཉིས་ཇི་ལྟར་གཏན་འཁེལ་བྱེད་རྒྱུ་དེ་སྔར་བཞིན་འདྲི་གཅོད་ལག་ལེན་ཁྲོད་ཀྱི་དཀའ་གནད་དུ་གྱུར་ཡོད། སྡོད་ཁང་སྤྱི་གསོག་དངུལ་དང་གཞི་རྩའི་རྒན་གསོ་འགན་བཅོལ་སོགས་ནི་ཚད་བཀག་རང་བཞིན་ངེས་ཅན་ལྡན་པའི་མ་དངུལ་དུ་གཏོགས་པས། ལེན་འདོད་ན་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས། དེའི་ཕྱིར། ཁྲིམས་འཛིན་ལག་ལེན་ཁྲོད་ཕྱོགས་གཅིག་གིས་ཅིག་ཤོས་ལ་ཁ་གསབ་དངུལ་སྟེར་བའི་ཐབས་ལམ་བརྒྱུད་དེ་བགོ་བཤའ་བརྒྱབ་ཆོག

        གོང་གི་གྱོད་དོན་འདིའི་ནང་གི་ཚེ་དཔལ་དང་ལྷ་སྒྲོན་གཉིས་ཀྱི་གཉེན་འབྲེལ་ཡོད་པའི་སྐབས་ཀྱི་སྡོད་ཁང་སྤྱི་གསོག་དངུལ་དེ་བཟའ་ཟླ་ཐུན་མོང་གི་རྒྱུ་ནོར་ལྟར་བགོ་བཤའ་རྒྱག་དགོས་པས། ཚེ་དཔལ་གྱིས་ལྷ་སྒྲོན་ལ་སྤྱི་གསོག་དངུལ་གྱི་ཕྱེད་ཀ་སྟེར་དགོས།

བཅའ་ཁྲིམས་དོན་ཚན་གསལ་སྟོན།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་གཉེན་འབྲེལ་དང་ཁྱིམ་ཚང་ལེའུ་ཡི་འགྲེལ་བཤད་ལས་ཁྲིམས་འཛིན་འགྲེལ་བཤད(གཅིག)པའི་དོན་ཚན25པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་རྒྱུ་ནོར་འདི་དག་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་དོན་ཚན1062པར་གཏན་འཁེལ་བྱས་པའི“ཐུན་མོང་དུ་དབང་བའི་རྒྱུ་ནོར་གཞན་དག”གི་ཁོངས་སུ་གཏོགས་པ་རེད།

        (གཅིག)ཕྱོགས་གཅིག་ནས་མི་སྒེར་གྱི་རྒྱུ་ནོར་གཏོང་འཇོག་བྱས་པར་བརྟེན་ནས་ཐོབ་པའི་ཡོང་སྒོ།

        (གཉིས)ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་སྡོད་ཁང་ཁ་གསབ་དང་སྡོད་ཁང་སྤྱི་གསོག་དངུལ།

        (གསུམ)ཕོ་མོ་ཕྱོགས་གཉིས་ཀར་དངོས་སུ་ཐོབ་པའམ་ཡང་ན་ཐོབ་འོས་པའི་གཞི་རྩའི་རྒན་གསོ་དངུལ་དང་མ་རྩ་བརྡིབས་པའི་བདེ་འགོད་ཁ་གསབ་དངུལ་བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1