ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-16


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར། མིའི་རིགས་སླར་ཡང་ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁར་སླེབས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ཐད་འགྲན་སློང་དྲག་པོ་འཕྲད་ཡོད། ང་ཚོས་བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་དང་། རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་མཉམ་སྐྱོད། གོ་ལ་ཧྲིལ་པོ་བདེ་འཇགས་ཡོང་བའི་གྲོས་འགོ་ལག་བསྟར་བཅས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་མངོན་འགྱུར་ཡོང་ཆེད་ཞི་འཇགས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས་པ་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བསྟུན་མཁས་རང་བཞིན་དང་། ཀུན་ཕན་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ཆེ་རུ་བཏང་ནས་སོ་སོར་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་དྲང་གཞག་གི་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྐད་ཆ་ཤོད་རེས་བརྒྱུད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་འགྲོ་བ་མིའི་ཐོབ་ཐང་གི་ཤེས་དཔལ་འཕེལ་རྒྱས་དང་ཡར་ཐོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་མིའི་རང་དབང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན》གྱི་དགོངས་དོན་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་དྲང་སྙོམས་དང་། དྲང་གཞག ལུགས་མཐུན། ཁོང་ཡངས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ། དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད་པ་བཅས་བྱེད་འདོད་ཡོད།

        གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་སྐོར་གྱི་མཐོ་རིམ་གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཕྱི་འབྲེལ་པུའུ། རྒྱལ་ཁབ་རྒྱལ་སྤྱི་འཕེལ་རྒྱས་མཉམ་ལས་ཧྲུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། དེའི་བརྗོད་དོན་གཙོ་བོ་ནི“འདྲ་མཉམ་དང་། མཉམ་ལས། འཕེལ་རྒྱས་བཅས་དང་། དེ་བཞིན《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན》ལ་གྲོས་འཆམ་བྱུང་ནས་ལོ་30འཁོར་བ་དང་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང”ཞེས་པ་དེ་ཡིན། མཐོ་རིམ་གླེང་སྟེགས་དེ་ནི་ཚེས་14ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1