བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་ཚོགས་འགོ་ཚུགས།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19



        2023ལོའི་ཟླ་བ་6པའི་ཚེས་16ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག །ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་གྲོང་ཁྱེར་ལྷ་ས་ནས་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

        ཐེངས་འདིའི་འགྲེམས་ཚོགས་ནི་རིག་གནས་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་ཤིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་ཡོད་ལ།  འགྲེམས་ཚོགས་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་བྱས་པའི་ལག་ལེན་དངོས་མཚོན་ཡོད་ལ། དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན། མི་རིགས་མཐུན་སྒྲིལ། ཞི་མཐུན་བརྟན་བརླིང་། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་བཟང་པ། མཐའ་མཚམས་སྲ་བརྟན་བཅས་རྣམ་པ་བཟང་པོ་མཚོན་གང་ཐུབ་བྱས་ཡོད་ལ། བོད་ལྗོངས་ཀྱི་རང་བྱུང་ཡུལ་ལྗོངས་དང་ལོ་རྒྱུས་རིག་སྐྲུན། མི་རིགས་གོམས་སྲོལ། བསྟུན་མཁས་སྒོ་དབྱེ་བཅས་ཀྱི་མཛེས་པ་ངོམ་ཡོད།

        སྐབས་འདིའི་བོད་ལྗོངས་འགྲེམ་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། འགྲེམས་ཚོགས་འཁྲབ་སྟོན་དང་གླེང་སྟེགས་གཏམ་བཤད། འགྲེམས་སྟོན་འགྲེམས་ཚོང་། མ་འཇོག་ངོ་འཕྲད་གྲོས་མོལ། སྤུས་ལེགས་ཡུལ་སྐོར་ཉམས་ལེན། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་བཅས་གཞི་གཅིག་ཏུ་འདུས་པའི་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས་ཡིད་ཆེས་བརྟན་པོ་དང་གཙོ་དོན་འབུར་ཐོན། ཁྲོམ་རའི་འཁོར་སྐྱོད། སྟབས་བདེ་གྲ་རྒྱས། ཞི་མཐུན་རིམ་ལྡན། ཕན་འབྲས་དང་སྣང་ཆེན་བྱེད་པའི་རྩ་དོན་ལྟར། ཐོན་ཁུངས་རྩ་བར་འཛིན་པ་དང་། ཁྱད་ཆོས་གཞི་མར་བྱེད་པ། རིག་གནས་བླ་སྲོག་ཏུ་འཛིན་པ། ཁྲོམ་རར་ཕྱོགས་སྟོན་བྱེད་པ་དོན་འཁྱོལ་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཁྱབ་གདལ་གཏོང་བར་མ་ཟད། བོད་རང་སྐྱོང་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་བེད་སྤྱོད་གང་ལེགས་བྱས་ནས། ཁྱད་ཆོས་ཅན་དང་སྤུས་དག་ཅན། རྒྱལ་སྤྱི་ཅན། བློ་རིག་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། བོད་ལྗོངས་ཀྱི་ཕྱི་ནང་གཉིས་གོར་སྒོ་མོ་འབྱེད་པའི་ཆུ་ཚད་གོང་མཐོང་གང་ལེགས་གཏོང་བའི་རྣམ་པ་བཏོད་ཡོད།

        སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཐོག་སྐུ་མགྲོན་ཆིག་སྟོང་ལྔ་བརྒྱ་ལྷག་གདན་ཞུ་བྱས་ཤིང་། རྒྱལ་ནང་གི་སྐུ་མགྲོན་གྲས་སུ་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་དབུ་ཁྲིད། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་དབུ་ཁྲིད། རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་། རྒྱལ་སྤྱི་རྒྱལ་ནང་གི་ཁེ་ལས་ཆེ་གྲས། ཀྲུང་དབྱང་གི་བོད་སྐྱོར་ཁེ་ལས། རྒྱལ་ཡོངས་ཀྱི་འཕྲིན་སྦྱོར་གཙོ་བོའི་སྐུ་མགྲོན་སོགས་ཡོད། ཕྱི་རྒྱལ་གྱི་སྐུ་མགྲོན་གྲས་སུ་མཛའ་གྲོགས་རྒྱལ་ཁབ་ཁ་ཤས་ཀྱི་གལ་ཆེའི་སྲིད་ཕྱོགས་མི་སྣ་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་འཐུས་མི་ཚོགས་པ། རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་འཐུས་མི། ལུས་རྩལ་ལས་རིགས་ཀྱི་འཐུས་མི། ཚོང་ལས་ལས་རིགས་ཀྱི་འཐུས་མི། དམངས་ཁྲོད་མཛའ་གྲོགས་རྩ་འཛུགས་ཀྱི་འཐུས་མི་སོགས་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་ལྷ་སར་ལྷན་འཛོམས་ཀྱིས་འགྲེམས་ཚོགས་གཟབ་རྒྱས་གཉེར་བཞིན་འདུག །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1