ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་དུ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-21


ཟླ་6ཚེས་19ཉིན་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆ་ནས་ཚོགས་ཞུགས་འཐུས་མི་ཚོར་གུས་ལུགས་མཚོན་པར་གནང་བ།

ཟླ་6ཚེས་19ཉིན་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། འདི་ནི་ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཀྱིས་ཀྲུའུ་ཞི་སྡིངས་ཆར་བཞུགས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུ་བཞིན་པ།

        ཚེས་19ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཏིང་ཤུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཚོགས་འདུར་རྟེན་འབྲེལ་ཞུ་བར་ཕེབས་པ་དང་། ཚའེ་ཆི་ཡིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད།

        མི་དམངས་ཚོགས་ཁང་ཆེ་མོར་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ཀྲུའུ་ཞི་སྡིངས་ཆའི་ཐོད་དུ“ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་སྡེ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཀྱི་ཡོལ་བའི་དབུས་སུ་འོད་མདངས་རབ་ཏུ་བཀྲ་བའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་རྟགས་བཀལ་ཡོད་ཅིང་། དམར་མདངས་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་གྲལ་འགྲིག་པོས་བསྒྲིགས་ཡོད། ཉིས་ཐོག་གི་གཟིགས་སྟེགས་སུ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་1500ཙམ་གྱིས་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྲི་7300ལྷག་ཙམ་གྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།

        སྔ་དྲོའི་ཆུ་ཚོད་10པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཚོགས་རར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཨ་ཏུང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་དང་སྡེ་ཚོགས་ཀྱི་ཚོགས་གླུ་བླངས་པ་རེད།

        དེ་རྗེས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་8ཀྱིས་ཚོགས་ཆེན་ལ་ཤིས་ཚིག་ཕུལ་བ་རེད། ཁོང་ཚོས་སྐད་གསང་མཐོན་པོས་ཆུང་དུས་ནས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ། ཏང་གི་དོན་དུ་ཤེས་ལྡན་པར་འགྱུར་བ་དང་རྒྱལ་ཁབ་ཀྱི་དོན་དུ་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད།

        ཚའེ་ཆི་ཡིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་འགོ་བརྗོད་དུ《རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་རྔམ་བརྗིད་ལྡན་པའི་ལང་ཚོའི་ལེའུ་རྩོམ་དགོས》ཞེས་འཁོད་པའི་ཤིས་ཚིག་གསུངས་པ་རེད། ཚའེ་ཆི་ཡིས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་གཞོན་ནུ་དང་། གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཡོངས། རྒྱ་ཆེའི་སྡེ་ཚོགས་ཀྱི་ལས་བྱེད་པ། གཞོན་ནུ་ལོ་ཆུང་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།

        ཚའེ་ཆི་ཡི་ཤིས་ཚིག་ནང་འཁོད་དོན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་གུང་གཞོན་སྡེ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་གཞོན་ནུའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ། ཕྱོགས་ཡོངས་ནས་སྡེ་ཚོགས་ལ་དོ་དམ་ནན་པོ་དང་བཅོས་སྐྱོང་བྱེད་པ་དང་། སྡེ་ཚོགས་ཀྱི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སྣེ་ཁྲིད་ཀྱི་ནུས་པ་དང་། སྒྲིག་འཛུགས་ཀྱི་ནུས་པ། ཞབས་འདེགས་ཞུ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། རྒྱ་ཆེའི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་དང་གཞོན་ནུ་ཚོས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ཉན་པ་དང་ལང་ཚོའི་སྤྲོ་སེམས་ལ་བརྟེན་ནས“ལྷད་མེད་ཀྱི་བརྩེ་སེམས་ཀྲུང་གོ་ཁོ་ནར་བཅངས”ཞེས་པའི་དུས་རབས་ཀྱི་ངར་སྒྲ་གྲགས་པ་དང་ལང་ཚོའི་བྱ་སྤྱོད་ཐོག་ནས“ཏང་ཐུགས་བློ་བདེ་པོ་གནང་རོགས། རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་ང་ཡིས་འབད”ཅེས་པའི་དམ་བཅའ་ནན་པོ་ལག་ལེན་བསྟར་ཡོད།

        ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་རེད།

        ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། མི་དམངས་ཚོགས་པ་ཁག པེ་ཅིང་གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དང་། པེ་ཅིང་དུ་ལས་བྲལ་དང་རྒན་ཡོལ་ཞུས་པའི་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ལ་དེ་སྔོན་ལས་ཀ་བྱེད་མྱོང་བའི་བློ་མཐུན་རྒན་གྲས་ཁག་གཅིག རྒྱལ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མིའི་ན་གཞོན་འཐུས་མི་སོགས་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1